ཤེས་རིག་མཐོ་སློབ་སློབ་ཡོན་གྱི་སྒྲིག་གཞི།

ཤེས་རིག་མཐོ་སློབ་སློབ་ཡོན་གྱི་སྒྲིག་གཞི།

དོན་ཚན་དང་པོ།        སྒྲིག་གཞིའི་མིང༌།
ཤེས་རིག་མཐོ་སློབ་སློབ་ཡོན་གནང་ཕྱོགས་ཀྱི་སྒྲིག་གཞི་ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།    སྒྲིག་གཞིའི་ཆ་རྐྱེན།
སྒྲིག་གཞི་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༧ པ་དང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་དོན་ཚན་ ༨ པའི་འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།    སྒྲིག་གཞི་འགོ་འཛུགས།
སྒྲིག་གཞི་འདི་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ནས་ལག་བསྟར་འགོ་འཛུགས་བྱ་རྒྱུ། (སྒྲིག་གཞིའི་དོན་ཚན་ཁག་ལ་བསྐྱར་བཅོས་ནམ་བྱུང་སྐབས། བཀའ་ཤག་ནས་བསྐྱར་བཅོས་གཏན་འབེབས་བཀའ་འཁྲོལ་བསྩལ་བའི་ཉིན་མོ་ནས་དོན་ཚན་དེ་དག་ལག་བསྟར་དགོས་པ་རྩ་འཛིན་བྱ་རྒྱུ།)

དོན་ཚན་བཞི་པ།        སྒྲིག་གཞིའི་དམིགས་ཡུལ།
སྒྲིག་གཞི་འདི་ཤེས་རིག་ལས་ཁུངས་ཀྱིས་རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བཙན་བྱོལ་བོད་མིའི་སློབ་ཕྲུག་རྒྱ་གར་ནང་མཐོ་རིམ་སློབ་སྦྱོང་དང༌། ལས་རིགས་སློབ་སྦྱོང༌། ཟུར་བཅད་ཞབས་སྟེགས་བཅས་སུ་འདེམས་སྒྲུག་བྱེད་པའི་ཆེད་དུ་ཡིན།

དོན་ཚན་ལྔ་པ།        འདེམས་སྒྲུག་ཚོགས་ཆུང༌།
༡།    ཤེས་རིག་བཀའ་བློན་གྱི་གཙོ་སྐྱོང་འོག་ཤེས་རིག་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་ཡན་གྱི་འགན་འཛིན་རྣམས་ཚོགས་ཆུང་འདིའི་ཚོགས་མི་ཡིན།
ཀ    ཤེས་རིག་བཀའ་བློན། ༼ཚོགས་གཙོ་༽
ཁ    ཤེས་རིག་དྲུང་ཆེ། ༼ཚོགས་གཙོ་གཞོན་པ་༽
ག    ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཡན་གྱི་འགན་འཛིན་རྣམ་པ། ༼ཚོགས་མི་༽

དོན་ཚན་དྲུག་པ།        ཡོངས་ཁྱབ་གསལ་བསྒྲགས།
འདེམས་སྒྲུག་ཚོགས་ཆུང་གིས་སློབ་ཡོན་གྱི་གྲངས་ཚད་དང་སློབ་ཚན་གཏན་འབེབས་ཟིན་རྗེས་རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་རྣམས་དང་འབྲེལ་ཆགས་སློབ་གྲྭའི་འགོ་འཛིན་བཅས་ལ་སྦྲག་ཐོག་ནས་དང༌། གསར་ཤོག་ཁག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་ www.tibet.net དང་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱ་ www.tcewf.org བཅས་ཀྱི་ཐོག་དམིགས་བསལ་ཛ་དྲག་རིགས་ཕུད་ཉུང་མཐར་ཟླ་གསུམ་སྔོན་ཚུད་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ།

དོན་ཚན་བདུན་པ།    སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང༌། འདེམས་སྒྲུག་བྱེད་ཕྱོགས།
༡།    བོད་མི་སྐྱབས་བཅོལ་བ་ངོ་མ་ཡིན་ཐོག་དང་བླངས་དཔྱ་དངུལ་ལག་དེབ་དང༌། སྐྱབས་བཅོལ་བོད་མིའི་ལག་དེབ་ཡོད་པ། སྐྱབས་བཅོལ་ལག་དེབ་མེད་པའི་བལ་ཡུལ་དང་འབྲུག་ཁུལ་སྡོད་མཁན་ཡིན་ན་འབྲེལ་ཡོད་ས་གནས་འགོ་འཛིན་ནས་བོད་མི་སྐྱབས་བཅོལ་བ་ངོ་མ་ཡིན་པའི་ངོས་སྦྱོར་བླངས་ཏེ་འབུལ་དགོས། གལ་ཏེ་ས་གནས་འགོ་འཛིན་རྒྱུན་བཞུགས་མེད་པའི་ས་ཁུལ་ནས་ཡིན་ན་ས་གནས་རང་བདེན་ཚོགས་ཆུང་ནས་ངོས་སྦྱོར་ལེན་དགོས།
༢།    མཐོ་སློབ་སློབ་ཡོན་ཁོངས་འཛིན་རིམ་བཅུ་གཉིས་གསར་ཐོན་རྣམས་ལ་གོ་སྐབས་དང་པོ་སྤྲོད་རྒྱུ་དང༌། ས་མིག་ལྷག་མ་བྱུང་ན་སློབ་ལོ་སྔ་མའི་སྙན་འབུལ་བར་བགོ་འགྲེམས་བྱ་འཐུས།
༣།    ཉེ་བའི་གཙུག་ལག་རབ་འབྱམས་དང་ཌིབ་ལོ་མ་༼དུས་ཐུང་༽སློབ་ཡོན་ཐོག་འཚང་སྙན་འབུལ་མཁན་གང་ཞིག་ངོས་འཛིན་ཡོད་པའི་སློབ་གྲྭ་ཞིག་ནས་འཛིན་རིམ་བཅུ་པ་བར་བོད་པའི་སྐད་ཡིག་སློབ་སྦྱོང་བྱས་ཡོད་པའམ། དེ་དང་མཉམ་པའི་བོད་པའི་སྐད་ཡིག་གི་ཤེས་ཚད་ཡོད་པ་གང་རུང་ངེས་པར་ཡིན་དགོས་གཤིས། ཕྱི་མའི་ཚད་འཛིན་སླད་ཤེས་རིག་ལས་ཁུངས་བརྒྱུད་འཛིན་རིམ་བཅུ་པའི་ཚད་མཉམ་ཡིག་རྒྱུགས་ཤིག་གོ་སྒྲིག་བྱ་རྒྱུ་དེའི་ནང་ཞུགས་ཏེ་ཉུང་མཐར་བརྒྱ་ཆ་ ༣༣ ལོན་ན་སློབ་ཡོན་ཆེད་སྙན་འབུལ་ཆོག་རྒྱུ། ༼༢༠༡༦།༣།༡༦༽ འོན་ཀྱང་འབྲུག་ནས་ཐོན་མཁན་སློབ་མ་རྣམས་ལ་ས་གནས་འགོ་འཛིན་གྱི་རྒྱབ་གཉེར་ཡོད་ཚེ་དམིགས་བསལ་དགོངས་བཞེས་གནང་རྒྱུ། ༼༢༠༡༦།༤།༢༧༽
༤།    དམིགས་བསལ་རྒྱུ་མཚན་དང་སྦྲགས་དོ་བདག་ནས་རང་ཉིད་ཀྱི་རིག་ཚན་ཁོངས་གཏོགས་མ་ཡིན་པའི་རིག་ཚན་གཞན་ཐོག་བརྗེ་བསྒྱུར་ཆོག་པའི་སྙན་ཞུ་འབུལ་རིགས་ལ་དགོངས་བཞེས་གནང་རྒྱུ། ༼༢༠༡༥།༨།༡༡༽
༥།    གསལ་བསྒྲགས་ནང་གསལ་དགོས་མཁོའི་ཆ་རྐྱེན་མ་ཚང་བ་དང༌། སྙན་ཤོག་དུས་བཀག་ནང་ཚུན་མ་འབྱོར་བ། ཡིག་ཆ་རྫུན་སྒྲིག་བྱས་པའི་རིགས་ལ་སློབ་ཡོན་མི་ཐོབ།
༦།     ཤེས་ཚད་ལག་འཁྱེར་དང་ཨང་ཤོག དགོས་ངེས་ཡིག་ཆ་གཞན་བཅས་ཀྱི་འདྲ་བཤུས་ཐོག་ས་གནས་འགོ་འཛིན་ནམ་ཟུང་དྲུང་གནས་རིམ་ཡན་གྱི་ལས་བྱེད། ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་ཡན་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་ནས་བདེན་བཤེར་སོང་བའི་དག་མཆན་ (Attestation)  ཞུ་དགོས།
༧།    ཁུངས་གཞན་ནས་མཐོ་རིམ་སློབ་ཡོན་ཐོབ་མཁན་ལ་སློབ་ཡོན་འདི་ཐོབ་ཐང་མེད།
༨།    སློབ་ཚན་སོ་སོའི་ཉུང་མཐའི་བརྒྱ་ཆ་ (Cut off mark) ཁག་ཡོང་ཁྱབ་གསལ་བསྒྲགས་ནང་གསལ་འགོད་བྱ་རྒྱུ། མཐའ་མའི་འདེམས་སྒྲུག་བྱེད་སྟངས་བརྒྱ་ཆ་རྩེ་བཏོག་གིས་བྱ་རྒྱུ།
༩། ཀ་རྡོར་སྒང་གསུམ་དང་རྒྱ་གར་བྱང་ཤར་མཐའ་མཚམས་ས་ཁུལ་ཁག་ཅིག་ཏུ་ཡོད་པའི་བོད་རིགས་འཁྲུལ་མེད་ཡིན་པ་གང་ཞིག་ལ་སྐྱབས་བཅོལ་ལག་དེབ་མེད་པའི་སྡེ་ཁག་ཅིག་ལ་དམིགས་བསལ་གྱིས་བོད་མི་སྐྱབས་བཅོལ་བ་དང་ལྟ་སྐྱོང་གཅིག་འགྱུར་གནང་རྒྱུའི་སྲིད་བྱུས་ཐག་གཅོད་སྔོན་ཡོད་རིགས་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནས་ཚད་ལྡན་ངོས་སྦྱོར་ཡོད་ཚེ་སློབ་ཡོན་འདིའི་ཁོངས་འཚང་ཞུགས་ཆོག་རྒྱུ།
༡༠། ཤེས་རིག་ལས་ཁུངས་ནས་རྒྱ་གར་ནང་གཙུག་ལག་རབ་འབྱམས་པའི་སློབ་ཡོན་འཐོབ་བཞིན་པའི་སློབ་མ་ཞིག་ཕྱི་རྒྱལ་མཐོ་སློབ་ཁག་ཏུ་གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཞུས་ཐོབ་བྱུང་ཚེ་ཕྱི་རྒྱལ་དུ་མ་བསྐྱོད་གོང་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་དེ་མཇུག་སྐྱེལ་ཟིན་པ་དགོས་པ་དང་།གལ་ཏེ་མཇུག་སྐྱེལ་མ་ཐུབ་ཚེ་ཤེས་རིག་ལས་ཁུངས་ནས་གཙུག་ལག་རབ་འབྱམས་པའི་ཆེད་སློབ་ཡོན་ཞུ་སྤྲོད་ཟིན་པའི་བརྒྱ་ཆ་ ༧༥ དང་།ཉམ་ཐག་ཨང་རྟགས་ཅན་ཡིན་ཚེ་བརྒྱ་ཆ་ ༢༥ ཤེས་རིག་ལས་ཁུངས་སུ་ཕྱིར་སློག་བྱ་དགོས།མ་སུ་རི་བོད་ཁྱིམ་དང་བོད་ཕྲུག་ཁྱིམ་སྡེ་སོགས་སྡེ་ཚན་ཁག་གི་ཁྱབ་ཁོངས་སློབ་ཕྲུག་རྣམས་ཀྱང་གོང་མཚུངས་འབྲེལ་ཡོད་སློབ་སྡེ་སོ་སོར་སློབ་ཡོན་ཕྱིར་སློག་དགོས་པ་དང་།དེ་ལྟར་ཕྱིར་སློག་ཟིན་པའི་ངོས་སྦྱོར་ཡིག་ཆ་ཤེས་རིག་ལ་འབུལ་མཚམས་ཕྱི་རྒྱལ་མཐོ་སློབ་ཁག་ཏུ་གཙུག་ལག་རབ་འབྱམས་པའི་སློབ་ཡོན་དགོངས་བཞེས་གནང་རྒྱུ། ༼གསར་འཇུག༢༠༡༧།༣།༠༩༽

དོན་ཚན་བརྒྱད་པ།    འཚང་སྙན་འགེངས་ཤོག་འབུལ་ཕྱོགས།
༡།     སློབ་ཡོན་སྒྲིག་གཞི་དང༌། སྙན་ཞུའི་འགེངས་ཤོག་བཅས་ཤེས་རིག་ལས་ཁུངས་ཀྱི་དྲྭ་གནས་ www.tcewf.org ནས་ཕབ་བཤུས་བྱ་འཐུས།
༢།    འཚང་སྙན་འགེངས་ཤོག་མཉམ་དུ་ཡིག་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་༢༠༠ཤེས་རིག་ལས་ཁུངས་ཀྱི་དེབ་བསྐྱེལ་ཞུས་པའི་ (TibetanChildren’sEducationalandWelfareFund) མཚན་ཐོག་ཌབ་འཛིན་བཟོས་ཏེ་འབུལ་དགོས། ༼༢༠༡༧།༣།༢༨ འཁོད་གནད་གྲོས་ཆོད་ཨང་༦༽
༣།     དུས་བཀག་གི་ཉིན་གྲངས་ ༡༤ སྔོན་ཚུད་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་དགོས་ངེས་ཡིག་ཆ་མ་ཚང་བའི་གནས་ཚུལ་ཡོད་ཚེ་བརྡ་ལན་གཏོང་རྒྱུ།

དོན་ཚན་དགུ་པ།        བོད་མིའི་ཆེད་ཟུར་བཅད་ཞབས་སྟེགས། (Reserved Seats for Tibetans)
༡།    ཟུར་བཅད་ཞབས་སྟེགས་ཇི་ཡོད་སྐབས་འབྲེལ་ཡོང་ཁྱབ་གསལ་བསྒྲགས་ནང་འཁོད་རྒྱུ། སྨན་པ་དང་བཟོ་བསྐྲུན་རིག་གནས་ཀྱི་ཟུར་བཅད་ཞབས་སྟེགས་རྣམས་ཚུད་རྒྱུགས་ཀྱི་གྲུབ་འབྲས་གཞིར་བཟུང་བརྒྱ་ཆ་རྩེ་བཏོག་གིས་བཀང་རྒྱུ་དང༌། འཛིན་རིམ་བཅུ་གཉིས་པའི་ཚན་རིག་སློབ་ཚན་ (PCB) ལ་ཉུང་མཐར་ཨང་ཀི་ ༦༠ དང་ (PCM) ལ་ཉུང་མཐར་ཨང་ཀི་ ༥༠ ལོན་མེད་ཚེ་ཟུར་བཅད་ཞབས་སྟེགས་མི་ཐོབ། རྒྱ་གར་གཞུང་ནས་ཞབས་སྟེགས་ཀྱི་གྲངས་དང་ཆ་རྐྱེན་ལ་སྒྱུར་བཅོས་བྱུང་ཚེ་སྐབས་འབྲེལ་གསལ་བསྒྲགས་ནང་འཁོད་རྒྱུ།
༢།    ཚུད་རྒྱུགས་ཀྱི་ཨང་ཐོབ་མཐོ་དམན་ལ་གཞིགས་ཏེ་སློབ་ཕྲུག་སོ་སོར་བཟོ་སྐྲུན་རིག་གནས་ (Engineering) ཀྱི་སྡེ་ཚན་གང་དུ་ཞུགས་རྒྱུའི་གདམ་ག་སྤྲོད་རྒྱུ།
༣།    ཟུར་བཅད་ཞབས་སྟེགས་ཁག་ལ་འགྲན་ཞུགས་བྱ་བློ་ཡོད་རིགས་ནས་མཐོ་སློབ་སློབ་ཡོན་གྱི་འཚང་སྙན་འགེངས་ཤོག་བཀང་འབུལ་དགོས་ཤིང་།ཞབས་སྟེགས་འདི་དག་ལ་འགྲན་ཞུགས་བྱེད་པར་འཛིན་རིམ་བཅུ་པ་བར་བོད་ཀྱི་སྐད་ཡིག་ཀྱང་སློབ་སྦྱོང་བྱས་པ་ཞིག་དགོས་པ་དང་།ཡང་ན་ཤེས་རིག་ལས་ཁུངས་ཀྱི་འཛིན་རིམ་བཅུ་པའི་ཚད་མཉམ་བོད་ཡིག་རྒྱུགས་སྤྲོད་བཏང་སྟེ་ཉུང་མཐར་བརྒྱ་ཆ་༣༣ལོན་དགོས། ༼༢༠༡༧།༧།༢༡ བསྐྱར་བཅོས།༽
༤།    འཚང་སྙན་འབུལ་མི་གང་ཞིག་འཛིན་རིམ་བཅུ་པ་ཡན་བོད་པའི་སྐད་ཡིག་ཐོག་སློབ་སྦྱོང་བྱས་ཡོད་ཚེ་ཚུད་རྒྱུགས་ཀྱི་ཨང་ཐོབ་ཐོག་དམིགས་བསལ་གྱིས་ཨང་ཀི་ ༥ འཕར་སྣོན་བྱ་རྒྱུ།
༥།    ཚུད་རྒྱུགས་ཨང་ཐོབ་འདྲ་མཉམ་བྱུང་ཚེ་མཐའ་མའི་ཐག་གཅོད་བྱ་ཐབས་གཤམ་གསལ་བཞིན་བྱ་རྒྱུ།

ཀ    འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་བརྒྱ་ཆ་སུ་མཐོ་དེ་གདམ་རྒྱུ།
ཁ    འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་བརྒྱ་ཆའང་འདྲ་མཉམ་བྱུང་ཚེ་རྒྱན་རྒྱག་བྱ་རྒྱུ།

༦།    སྨན་པ་དང་བཟོ་སྐྲུན་རིག་གནས་གཉིས་ཀྱི་ཟུར་བཅད་ཞབས་སྟེགས་ཕུད་པའི་ཟུར་བཅད་ཞབས་སྟེགས་གཞན་རྣམས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་ལ་གཞིགས་ཏེ་བརྒྱ་ཆ་རྩེ་བཏོག་གིས་བཀང་རྒྱུ།
༧།    སྨན་པའི་ཞབས་སྟེགས་ཐོབ་པའི་སློབ་ཕྲུག་རྣམས་ནས་སྨན་པའི་སློབ་སྦྱོང་ཐོན་མཚམས་ཉུང་མཐར་ལོ་གསུམ་རིང་བོད་མིའི་སྤྱི་ཚོགས་ཞབས་ཞུ་བྱ་རྒྱུར་འཕྲོད་བསྟེན་ལས་ཁུངས་ལྷན་དུ་མོས་མཐུན་གན་རྒྱ་འཇོག་དགོས།
༨།    ཤེས་རིག་ལས་ཁུངས་བརྒྱུད་ནས་ཟུར་བཅད་ཞབས་སྟེགས་ཐོབ་པ་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་སློབ་སློབ་ཡོན་གཞན་གྱི་ཁོངས་སུ་འཛུལ་ཞུགས་མི་ཆོག

དོན་ཚན་བཅུ་པ།    དམིགས་བསལ་བརྒྱ་ཆ།
༡།    འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་སྐབས་བོད་ཡིག་སློབ་ཚན་ཐོག་བརྒྱ་ཆ་ ༧༥ ཡན་ལོན་ཡོད་ཚེ་གཤམ་གསལ་ལྟར་དམིགས་བསལ་བརྒྱ་ཆ་ཁ་སྣོན་འཐོབ་རྒྱུ།

ཨང་ཀི་ ༧༥ ནས་ ༨༥ བར་ལ་བརྒྱ་ཆ་ ༢
ཨང་ཀི་ ༨༦ ནས་ ༩༥ བར་ལ་བརྒྱ་ཆ་ ༣
ཨང་ཀི་ ༩༦ ཡན་ལ་བརྒྱ་ཆ་ ༥

༢།    འཛིན་རིམ་བཅུ་གཉིས་ཐོན་སྐབས་ཤེས་རིག་ལས་ཁུངས་ཀྱི་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་པ་ལ་བརྒྱ་ཆ་ ༥།
༣།    སློབ་གྲྭའི་ནང་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་ཐོབ་མཁན་ (Best Boy or Girl Award)ལ་བརྒྱ་ཆ་ ༣།
༤།    དྭང་སློབ་དམག་སྦྱོང་ནང་ལོ་གཉིས་ཞབས་ཞུས་ཟིན་མཁན་ལ་བརྒྱ་ཆ་ ༥།
༥།    དབང་པོ་སྐྱོན་ཅན་གང་ཞིག་ལ་བརྒྱ་ཆ་ ༥ ཆག་ཡང་ཡོད་པར་དེ་མཚུངས་སྨན་པའི་ཁུངས་སྐྱེལ་ཡིག་ཆ་ངེས་པར་དུ་དགོས་རྒྱུ།
༦།    འཛིན་རིམ་བཅུ་གཉིས་ལས་རིགས་སློབ་ཚན་(Vocational Course)ཐོག་ཤེས་རིག་ལས་ཁུངས་ནས་བོད་ཡིག་ཟུར་རྒྱུགས་གཏོང་རྒྱུའི་ཡིག་རྒྱུགས་བརྒྱ་ཆ་ ༧༥ ཡན་ལོན་ཡོད་ཚེ་གོང་གསལ་དོན་ཚན་བཅུ་པའི་ནང་གསེས་དང་པོ་ལྟར་སྤྱི་མཚུངས་ཁ་སྣོན་འཐོབ་རྒྱུ།

དོན་ཚན་བཅུ་གཅིག་པ།    རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་ཡོན།
༡། ལྡི་ལི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭའི་སློབ་ཕྲུག་གི་ཆེད་དུ་ལོ་ལྟར་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ (BachelorDegree) ཆེད་སློབ་ཡོན་གྲངས་༡༥དང་ལས་རིགས་སློབ་སྦྱོང་ (VocationalCourses) ཆེད་སློབ་ཡོན་གྲངས་༥བཅས་ཁྱོན་བསྡོམས་སློབ་ཡོན་གྲངས་༢༠ཡོད།ཤེས་རིག་མཐོ་སློབ་སློབ་ཡོན་ཚོགས་ཆུང་གི་ཚོགས་འདུར་བོད་སློབ་འཛིན་ཚོགས་ཀྱི་སྐུ་ཚབ་ཆེད་འབོད་ཀྱིས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་བརྒྱ་ཆ་རྩེ་བཏོག་གིས་འདེམས་སྒྲུག་གཏན་འབེབས་བྱ་རྒྱུ།
༢། ཕྱི་ལོ་༢༠༡༧ནས་བཟུང་དབུས་བོད་སློབ་འཛིན་ཚོགས་ནས་མཐོ་སློབ་སློབ་ཡོན་ཞུ་མཁན་རྣམས་སོསོའི་འཛིན་རམ་བཅིུས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཀྱི་བརྒྱ་ཆ་ལ་གཞིགས་པའི་ཤེས་རིག་ལས་ཁུངས་ནས་སློབ་ཡོན་ཞུ་ལེན་ཆོག་ཀྱང་། སློབ་ཕྲུག་དེ་རིགས་ལ་དབུས་བོད་སློབ་འཛིན་ཚོགས་ནས་ཐོབ་བཞིན་པའི་འཚོ་དོད་མཐུན་རྐྱེན་འབབmaintenancefeesཇི་ཆགས་༼ད་ལྟའི་ཆར་སྒོར་༡༥༠༠༠།༠༠ཡིན་འདུག༽ཤེས་རིག་ནས་སློབ་ཡོན་བགོ་འགྲམས་སྐབས་གཅོག་འཕྲི་བྱ་རྒྱུ། འོན་ཀྱང་དབུས་བོད་སློབ་འཛིན་ཚོགས་ནས་སློབ་དོད་ tuitionfee ཇི་ཐོབ་རང་འཇགས་ཞུ་ལེན་ཆོག་རྒྱུ་ལས་གཅོག་འཕྲི་མི་དགོས།༼གསར་འཇུག༢༠༡༧།༣།༠༩༽

དོན་ཚན་བཅུ་གཉིས་པ།    སློབ་ཡོན་འགྲེམས་གཏོང་བྱེད་ཕྱོགས་དང་དུས་ཡུན།
༡།     ལོ་རེའི་སློབ་ཡོན་གཏོང་ཐེངས་གཉིས་སུ་དབྱེ་སྟེ་གནང་རྒྱུ།
ཀ སློབ་ཡོན་གཏོང་ཐེངས་དང་པོ། སློབ་གསར་ཡིན་ན་རང་ཉིད་མཐོ་སློབ་ཏུ་སློབ་ཞུགས་ཟིན་པའི་སློབ་འཇུག་        འགེངས་ཤོག་ཕུལ་འབྱོར་བྱུང་མཚམས་དང༌། སློབ་གསར་མིན་ན་སོ་སོའི་ལོ་རིམ་གྱི་ཡིག་རྒྱུགས་འཕྲོད་པའི་ཐོག་ཕྱོགས་བསྡོམས་བརྒྱ་ཆ་ ༥༠ ལོན་པ་དང༌། འཛིན་གྲྭར་བཅར་ཐོ་བརྒྱ་ཆ་ ༧༥ ལོན་པའི་ཡིག་ཆ། སློབ་ལོ་སྔ་མའི་སློབ་ཡོན་གཏོང་ཐེངས་མཐའ་མའི་བྱུང་འཛིན་བཅས་ཕུལ་འབྱོར་བྱུང་མཚམས་སློབ་ཡོན་གཏོང་ཐེངས་དང་པོ་གཏོང་རྒྱུ།
ཁ སློབ་ཡོན་གཏོང་ཐེངས་གཉིས་པ།སློབ་ཡོན་གཏོང་ཐེངས་དང་པོའི་བྱུང་འཛིན་ཕུལ་འབྱོར་བྱུང་མཚམས་ཕྱི་ཟླ་བཅུ་གཉིས་པའི་ནང་གཏོང་རྒྱུ།
༢།    ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་དང་ཡིག་ཆའི་ངོ་བཤུས་འབུལ་དགོས་ཁག་གི་སྟེང་དོ་བདག་གི་མཐོ་སློབ་སློབ་སྤྱིའམ་སྡེ་ཚན་གྱི་འགན་འཛིན། ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་གཞོན་གནས་རིམ་ཡན་གྱི་ལས་བྱེད་གང་རུང་ནས་ཞིབ་བཤེར་སོང་བའི་བདེན་དཔང་དག་མཆན་དགོས་རྒྱུ།
༣།    སློབ་གཉེར་བ་གང་ཞིག་ནད་མནར་གྱིས་རྐྱེན་དུས་ཡུན་ངེས་ཅན་རིང་སློབ་སྦྱོང་མཚམས་འཇོག་བྱ་དགོས་བྱུང་རིགས་ལ་སྨན་པའི་རྒྱབ་གཉེར་དང་ཁུངས་སྐྱེལ་ཡིག་ཆ་ཁག་ཕུལ་འབྱོར་བྱུང་ཚེ་སློབ་ཡོན་དུས་འགྱངས་བཀའ་འཁྲོལ་འོས་མིན་གཟིགས་རྒྱུ།
༤།     ལོ་རིམ་སོ་སོའི་ཡིག་རྒྱུགས་འཕྲོད་ཀྱང་ཕྱོགས་བསྡོམས་བརྒྱ་ཆ་ ༥༠ མ་ལོན་ན་ལོ་རིམ་རྗེས་མའི་སློབ་ཡོན་ཞུ་སྤྲོད་མི་ཆོག འོན་ཀྱང་སློབ་མ་རང་ངོས་ནས་ཐབས་ཤེས་དང་ཧུར་བརྩོན་གྱི་ལོ་རིམ་རྗེས་མར་དགོས་ངེས་ཀྱི་བརྒྱ་ཆ་ལོན་ཐུབ་བ་བྱུང་ན་ལོ་རིམ་རྗེས་མའི་སློབ་ཡོན་གནང་རྒྱུ།
༥།    ཉམས་གསོག་(Internship)དུས་ཡུན་རིང་སློབ་ཡོན་གནང་རྒྱུ་མིན། འོན་ཀྱང་ཆེད་མཐོའི་རྩིས་ཞིབ་པའི་(Chartered Accountant)སློབ་སྦྱོང་བྱེད་མཁན་རྣམས་ལ་དོན་ཚན་འདི་མི་ཁྱབ།༼༢༠༡༤།༦།༡༧ བསྐྱར་བཅོས།༽
༦།    སྒྲིག་ཞུགས་ཁོངས་(M.Phil)བྱེད་མཁན་ལ་མང་མཐའ་ལོ་གཉིས་དང༌། (Ph.D)བྱེད་མཁན་ལ་ཉུང་མཐའ་ལོ་གསུམ་དང་རྒྱུ་མཚན་ཁུངས་ལྡན་ཡོད་རིགས་ལ་དཔྱད་ཞིབ་ཀྱིས་མང་མཐའ་ལོ་ལྔ་བར་སློབ་ཡོན་གནང་རྒྱུ།༼༢༠༡༤།༦།༡༧ བསྐྱར་བཅོས།༽

དོན་ཚན་བཅུ་གསུམ།    འགྲན་བསྡུར་མི་དགོས་པའི་སློབ་ཡོན།
༡།    འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ལ་བརྒྱ་ཆ་ ༧༥ ལོན་པ་རྣམས་ལ་སོ་སོའི་རིག་ཚན་ཁོངས་ཀྱི་རང་མོས་སློབ་ཚན་ཐོག་མཐོ་སློབ་སློབ་ཡོན་འཐོབ་རྒྱུ། འོན་ཀྱང་དོན་ཚན་འདིའི་འོག་སློབ་ཡོན་ཞུ་མཁན་རིགས་ལ་གོང་གསལ་དོན་ཚན་ ༡༠ པར་གསལ་བའི་དམིགས་བསལ་བརྒྱ་ཆ་དེ་དག་བརྩི་རྒྱུ་མིན།
༢།    ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ལ་བརྒྱ་ཆ་ ༧༥ ལོན་པའི་སློབ་མ་རྣམས་ལ་སོ་སོའི་རིག་ཚན་ཁོངས་རང་མོས་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་སློབ་ཡོན་གནང་རྒྱུ།

དོན་ཚན་བཅུ་བཞི་པ།    དམིགས་བསལ་སློབ་ཡོན།
༡།    བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ལས་རིམ་ཇི་ཡོད་རྣམས་རྒྱུན་སྐྱོང་དང་འཕེལ་རྒྱས་ཡོང་སླད་ལོ་རེར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ལ་གཙུག་ལག་རབ་འབྱམས་ཁོངས་ས་མིག ༢ དང་ཉེ་བའི་གཙུག་ལག་རབ་འབྱམས་ཆེད་ས་མིག ༡༥ བསྡོམས་སློབ་ཡོན་གྲངས་ ༡༧ དང་ནོར་གླིང་བོད་ཀྱི་རིག་གནས་མཐོ་སློབ་ལ་སློབ་ཡོན་གྲངས་ ༡༠ བཅས་གནང་རྒྱུ། སློབ་ཡོན་འདི་དག་ས་རཱ་དང་ནོར་གླིང་སློབ་ཁང་སོ་སོ་ནས་གསལ་བསྒྲགས་གཏོང་རྒྱུ། ༼༢༠༡༦།༣།༡༦༽
༢།    ཤེས་རིག་ཁྱབ་ཁོངས་གཏན་སློབ་གཞན་དུ་རྒྱན་ཐོན་ལས་བྱེད་པའི་ཕྲུ་གུ་འཛིན་གྲྭ་བཅུ་གཉིས་པའི་ཐོན་རྒྱུགས་ལ་བརྒྱ་ཆ་ ༦༠ ཡན་སོན་རྣམས་ལ་ཤེས་རིག་ལས་ཁུངས་ནས་མཐོ་སློབ་སློབ་ཡོན་མཐུན་རྐྱེན་བསྩལ་རྒྱུ།
༣།    སཾ་བྷོ་ཊ་བོད་སློབ་ཚོགས་པའི་གཏན་འཇགས་དགེ་ལས་རྣམ་པའི་ཕྲུ་གུ་འཛིན་གྲྭ་བཅུ་གཉིས་པའི་ཐོན་རྒྱུགས་ལ་བརྒྱ་ཆ་ ༦༠ ཡན་སོན་རྣམས་ལ་ཤེས་རིག་ལས་ཁུངས་ནས་མཐོ་སློབ་སློབ་ཡོན་མཐུན་རྐྱེན་བསྩལ་རྒྱུ།
༤།    བལ་ཡུལ་ཁུལ་གྱི་འཛིན་རིམ་བཅུ་གཉིས་ཐོན་མཁན་སློབ་ཕྲུག་རྣམས་ཀྱི་ཆེད་ལོ་ལྟར་མཐོ་སློབ་སློབ་ཡོན་ས་མིག་ ༡༥ ཟུར་བཅད་ཀྱིས་གནང་རྒྱུ་དང་སློབ་ཡོན་འགྲེམས་གཏོང་བྱེད་ཕྱོགས་ཀྱི་ལས་དོན་ཁག་བལ་ཡུལ་གངས་ཅན་བདེ་རྩ་ནས་འགན་བཞེས་གནང་རྒྱུ།
༥།    ཕྱི་ལོ་ ༢༠༡༣ ལོའི་སློབ་ཡོན་འཆར་གཞི་གསར་པའི་ཁོངས་སུ་མ་གཏོགས་པའི་ཤེས་རིག་སློབ་ཡོན་ཞུ་སྤྲོད་གནང་བཞིན་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་མ་ལོ་རེའི་ཡིག་རྒྱུགས་སྐབས་བརྒྱ་ཆ་ ༧༥ ལོན་པ་རྣམས་ལ་དེ་སྔ་གཏན་འབེབས་ཇི་ཡོད་ཐོག་ལོ་དེར་སྒོར་ ༡༠༠༠༠ འཕར་མ་གནང་རྒྱུ། དེ་མཚུངས་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དང་བཅས་པ་ནས་སློབ་ཡོན་མ་ཞུས་པར་སོ་སོའི་འགྲོ་གྲོན་ཐོག་མཐོ་སློབ་སློབ་གཉེར་གནང་ཁོངས་ནས་གོང་བཞིན་ལོ་རིམ་སོ་སོའི་ཡིག་རྒྱུགས་བརྒྱ་ཆ་ ༧༥ ལོན་ཚེ་སྒོར་ ༡༠༠༠༠ ལེགས་སྐྱེས་སུ་གནང་རྒྱུ་ཡིན། འདི་རིགས་ལ་གོང་དུ་དོན་ཚན་ ༧ པའི་ནང་གསེས་ ༣ པའི་ནང་གསལ་ཆ་རྐྱེན་ཚང་དགོས།
༦།    ཉེ་བའི་གཙུག་ལག་རབ་འབྱམས་དང་གཙུག་ལག་རབ་འབྱམས་པའི་སློབ་དུས་རིང་སློབ་མ་གང་ཞིག་ནས་ཕྱི་རྒྱལ་སྐད་ཡིག་གཞན་གྱི་ཐོག་Certificate/Diplomaསློབ་ཚན་ལེན་མཁན་རྣམས་ལ་སྒོར་ ༡༠༠༠༠ རེ་དང༌། སོ་སོའི་སློབ་ཚན་དེའི་ Advance Courseལེན་མཁན་རྣམས་ལ་སྒོར་ ༡༥༠༠༠ རེ་འཕར་མ་གནང་རྒྱུ།
༧།     ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་དུས་རིང་སློབ་མ་གང་ཞིག་ནས་ཆེད་ལས་(Professional courses)སློབ་ཚན་གཞན་ཐོག་དུས་ཐུང་ཟུར་སྦྱོང་གི་ཤེས་ཚད་ལག་འཁྱེར་Certificate/Diplomaལེན་མཁན་རྣམས་ལ་སྒོར་ ༥༠༠༠ རེ་འཕར་སྣོན་གནང་རྒྱུ།
༨།    སམ་བྷོ་ཊའི་ཁྱབ་ཁོངས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་རྣམས་ཀྱི་ཆེད་དུ་དམིགས་བསལ་ཟུར་བཅད་སློབ་ཡོན་གྲངས་ ༥ འཇོག་རྒྱུ་དང༌། སློབ་ཕྲུག་དེ་རིགས་ཀྱི་སློབ་ཡོན་སྙན་ཞུ་སཾ་བྷོ་ཊའི་ཡིག་ཚང་བརྒྱུད་འབུལ་དགོས།
༩།     སྲིད་སྐྱོང་སློབ་ཡོན།

༩།༡ བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འབྲས་ཨང་བརྒྱ་ཆ་རྩིས་ཕྱོགས་དམིགས་བསལ་བྱས་ཏེ་སློབ་ཚན་བརྒྱ་ཆ་མཐོ་ཤོས་ལྔའི་ཕྱོགས་བསྡོམས་བརྒྱ་ཆ་༩༥ཡན་ལོན་དགོས་པ་མ་ཟད་བོད་ཡིག་ཐོག་བརྒྱ་ཆ་༧༥ཉུང་མཐར་ལོན་རིགས་ལ་སྲིད་སྐྱོང་སློབ་ཡོན་ཧིན་སྒོར་༡༠༠༠༠༠དང་ལག་འཁྱེར་བཅས་གནང་རྒྱུ།༼གསར་འཇུག༢༠༡༥།༨།༡༡༽༼༢༠༡༧།༧།༢༡བསྐྱར་བཅོས།༽
༩།༢  སྲིད་སྐྱོང་གི་སློབ་ཡོན་མུ་མཐུད་འཐོབ་པར་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལོ་རིམ་དང་པོ་དང་གཉིས་པ་སོ་སོའི་ཡིག་རྒྱུགས་བརྒྱ་ཆ་ ༧༠ ངེས་པར་ལོན་པ་དགོས། དེ་མིན་དེོན་ཚན་ ༡༨ ནང་གསལ་གྱི་སློབ་ཡོན་སྤྱི་མཚུངས་ལས་དམིགས་བསལ་ཐོབ་ཐང་མེད།
༩།༣    སྲིད་སྐྱོང་སློབ་ཡོན་དང་ཆེ་བསྟོད་ལག་འཁྱེར་ཐོབ་མཁན། མཐོ་སློབ་སྐབས་རྒྱུགས་སྤྲོད་བརྒྱ་ཆ་ ༩༥ ཡན་ལོན་པ་རྣམས་ལ་ལམ་གྲོན་དང་ལྟོ་དོད་བྱ་དགའ་ལེན་མཁན་ཕྲུ་གུ་སྤྱི་མཚུངས་ལྟར་གནང་རྒྱུ།
༩།༤ གཞན་སློབ་གྲྭ་ཁག་ནས་བོད་ཕྲུག་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འབྲས་སློབ་ཚན་གང་རུང་ལྔའི་ཕྱོགས་བསྡོམས་བརྒྱ་ཆ་༩༥ཡན་ལོན་པ་གང་ཞིག་ལ་དྭང་བླངས་དཔྱ་དངུལ་ལག་དེབ་ཡོད་རིགས་ལ་སྲིད་སྐྱོང་ཆེ་བསྟོད་ལག་འཁྱེར་དང་ལམ་གྲོན་སྤྱི་མཚུངས་གནང་རྒྱུ། ༼༢༠༡༧།༧།༢༡ བསྐྱར་བཅོས།༽

༡༠།   ཡིག་འགྲུལ་མཐོ་རིམ་སློབ་ཡོན།(Correspondence Course)༼གསར་འཇུག ༢༠༡༤།༦།༡༧༽

ཡིག་འགྲུལ་གྱི་སློབ་ཡོན་གྲངས་༥༠ནས་༧༥བར་སྤར་ཆ་གནང་བའི་ཁོངས་སུ་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དབུས་ས་གཉིས་ཀྱི་ལས་བྱེད་ཆེད་དུ་ས་མིག་གྲངས་༢༠དང་།སློབ་གྲྭ་ཁག་གི་དགེ་རྒན་ཆེད་ས་མིག་གྲངས་༢༠།ས་རཱ་མཐོ་སློབ་དང་ནོར་གླིང་རིག་གཞུང་སློབ་གཉེར་གྱི་སློབ་ཕྲུག་ཆེད་ས་མིག་༡༥དང་།སྤྱིར་བཏང་ས་མིག་༢༠བཅས་གཏན་འབེབས་གནང་རྒྱུ།ཤེས་རིག་ལས་ཁུངས་ནས་སློབ་ཡོན་འཐོབ་བཞིན་པའི་ས་རྭ་མཐོ་སློབ་དང་ནོར་གླིང་རིག་གཞུང་སློབ་གཉེར་གྱི་སློབ་ཕྲུག་རྣམས་རྒྱ་གར་རིག་གཞུང་གི་ངོས་འཛིན་ཡོད་པའི་མཐོ་སློབ་ཁག་ཏུ་ཡིག་འགྲུལ་གྱི་ལམ་ནས་སློབ་སྦྱོང་གནང་འདོད་ཡོད་ཚེ།ཟུར་བཅད་ས་མིག་དང་སྤྱིར་བཏང་ས་མིག་གཉིས་ཀའི་ཐོག་འཚང་སྙན་འབུལ་ཆོག་པ་ཡིན། ༼༢༠༡༧།༢།༡༣ འཁོད་གནད་གྲོས་ཆོད་ཨང་༢༽

༡༡།     ཟུར་བཅད་སློབ་ཡོན། ༼གསར་འཇུག ༢༠༡༤།༦།༡༧༽
དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་ཕྲུག་ཆེད་ཟུར་བཅད་སློབ་ཡོན་གྲངས་ ༡༠ དང་སཾ་བྷོ་ཊ་ཁྱབ་ཁོངས་སློབ་ཕྲུག་ཆེད་གྲངས་ ༥ བཅས་གནང་རྒྱུ་ཡང་དེ་རིགས་ཀྱི་སློབ་མ་རྣམས་ནས་འཛིན་རིམ་ ༡༢ ཀྱི་རྒྱུགས་འབྲས་ཉུང་མཐར་བརྒྱ་ཆ་ ༦༠ ཡན་ལོན་པ་ཞིག་དགོས།

དོན་ཚན་བཅོ་ལྔ་པ།     ཉམ་ཐག་སློབ་མར་སློབ་ཡོན།
༡། ཉམ་ཐག་ཨང་ཐོབ་ག་པ་ཅན་གྱི་སློབ་མ་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་སྐབས་བརྒྱ་ཆ་ ༤༠     ལོན་པ་གང་ཞིག་མཐོ་སློབ་དང་ལས་རིགས་སློབ་སྦྱོང་སོགས་ནང་ཞུགས་བློ་ཡོད་ཚེ་དམིགས་བསལ་སློབ་ཡོན་གནང་རྒྱུའང༌།སློབ་བུ་དེ་རྣམས་སྔོན་དུ་དྭང་སློབ་ནང་ངེས་པར་འཛུལ་ཞུགས་གནང་དགོས། གལ་ཏེ་ལུས་བབ་གོ་འཕེར་མེད་པ་སོགས་ཀྱི་རྐྱེན་གྱིས་དྭང་སློབ་ཏུ་མ་འཚུད་ན་འབྲེལ་ཡོད་དྭང་སློབ་འགོ་འཛིན་ལས་ཁང་ནས་རྒྱབ་གཉེར་བྱུང་ཚེ་མཐོ་སློབ་དང་ལས་རིགས་སློབ་སྦྱོང་གང་རུང་དུ་ཞུགས་རྒྱུར་དམིགས་བསལ་སློབ་ཡོན་དགོངས་བཞེས་གནང་རྒྱུ།
༢། སློབ་མ་དེ་རིགས་ལ་ཐོག་མར་སློབ་གཉེར་ཁང་དུ་འཛུལ་ཞུགས་སྐབས་འགྲོ་གྲོན་ཆེད་ཧིན་སྒོར་ ༥༠༠༠ ཐམ་པ་ལན་གཅིག་གནང་རྒྱུ།

དོན་ཚན་བཅུ་དྲུག་པ། སྲིད་སྐྱོང་རིགས་གཅིག་རྐང་འཛིན་ཆེ་བསྟོད།  
བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་ནས་སློབ་ཡོན་སྦྱར་བ་དང༌། བོད་མིའི་དྭང་བླངས་དཔྱ་དངུལ་ལག་དེབ་ཡོད་ལ་སྒེར་ཁུངས་ནས་བཏང་བའི་སྒྲིག་ཞུགས་རིགས་གཅིག་རྐང་འཛིན་གྱི་(Ph.D)སློབ་ཐོན་རྣམས་ལ་ཆེ་བསྟོད་གནང་ཕྱོགས་གཤམ་གསལ།
༡།     སློབ་ཐོན་རྣམས་ལ་ཆེ་བསྟོད་ལག་འཁྱེར་དང་ལེགས་སྐྱེས་སྒོར་༢༠༠༠༠གནང་རྒྱུ།
༢།     སློབ་ཐོན་པ་རྣམས་བྱ་དགའ་ལེན་པར་ཡོང་སྐབས་གྲང་གློག་མེ་འཁོར་ཉལ་ཁྲི་ཉིས་བརྩེགས་(AC 2  TIER)    དང་སྦ་སི་ལེགས་གྲས་ཀྱི་ལམ་གྲོན་དང༌། ཉིན་རེར་ལྟོ་དོད་ཧིན་སྒོར་ ༣༠༠། རེ་གནང་རྒྱུ།
༣།    ལམ་བར་དགོས་གལ་ཡོད་རིགས་ལ་ཉིན་རེར་ཁང་གླ་མང་མཐར་སྒོར་ ༥༠༠ གནང་རྒྱུ།
༤།     ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ མང་གཙོའི་དུས་ཆེན་ཉིན་དྷ་སར་གཞུང་འབྲེལ་མཛད་སྒོའི་སྐབས་གནང་རྒྱུ།

དོན་ཚན་བཅུ་བདུན་པ།    དགའ་ལྡན་ཕོ་བྲང་བྱ་དགའ། 
བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁོངས་སུ་ཚན་རིག་དང༌། སྒྲུ་རྩལ། ཚོང་རིག་བཅས་སྡེ་ཚན་སོ་སོ་ནས་རྒྱུགས་འབྲས་རྩེ་ཕུད་གསུམ་རེ་བརྩིས་བསྡོམས་སློབ་ཕྲུག་དགུ་ལ་དགའ་ལྡན་ཕོ་བྲང་བྱ་དགའ་གནང་ཕྱོགས་གཤམ་གསལ།
༡།     སློབ་ཚན་སྡེ་ཚན་གསུམ་གྱི་རྩེ་ཕུད་དང་པོར་བྱ་དགའ་སྒོར་ ༢༠༠༠༠ དང༌། གཉིས་པར་སྒོར་ ༡༥༠༠༠ གསུམ་པར་སྒོར་ ༡༠༠༠༠ བཅས་གནང་རྒྱུ།
༢།     ཁོང་རྣམས་བྱ་དགའ་ལེན་པར་ཡོང་སྐབས་མེ་འཁོར་གྲལ་རིམ་གཉིས་པ་(2nd Class Sleeper)དང་སྦ་སི་ལེགས་གྲས་ཀྱི་ལམ་གྲོན་དང༌། ཉིན་རེར་ལྟོ་དོད་ཧིན་སྒོར་ ༣༠༠། རེ་གནང་རྒྱུ།
༣།     ལམ་བར་དགོས་གལ་ཡོད་རིགས་ལ་ཉིན་རེར་ཁང་གླ་མང་མཐར་སྒོར་ ༥༠༠ གནང་རྒྱུ།
༤།     ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ མང་གཙོའི་དུས་ཆེན་ཉིན་དྷ་སར་གཞུང་འབྲེལ་མཛད་སྒོའི་སྐབས་གནང་རྒྱུ།

དོན་ཚན་བཅོ་བརྒྱད་པ།    ཡིག་རྒྱུགས་ཁག་གི་བརྒྱ་ཆ་དང་སློབ་ཡོན་ཚད་གཞི།
དུས་ཐུང་ལས་རིགས་སམ་ཌིབ་ལོ་མ་དང༌། ཉེ་བའི་གཙུག་ལག་རབ་འབྱམས་པ། གཙུག་ལག་རབ་འབྱམས་པ། ཉམས་ཞིབ་དང་ཁྱད་ལས་སློབ་སྦྱོང་སོགས་ཀྱི་ལོ་རིམ་སོ་སོའི་ཡིག་རྒྱུགས་བརྒྱ་ཆ་གཞིར་བཟུང་སློབ་ཡོན་དངུལ་འབོར་གཏན་འབེབས་ལྟར་ཕྱི་ལོ་ ༢༠༡༣ ལོའི་སློབ་དུས་ནས་ལག་བསྟར་གནང་རྒྱུ། འོན་ཀྱང་ ༢༠༡༢ ལོའི་གོང་ལ་སློབ་ཡོན་ཐོབ་བཞིན་པའི་སློབ་མ་རྣམས་ལ་དེ་ལྔའི་སློབ་ཡོན་གཏན་འབེབས་མུ་མཐུད་གནང་རྒྱུ། ༼སློབ་ཡོན་ཚད་གཞི་ཤེས་རིག་མཐོ་སློབ་སློབ་ཡོན་ཚོགས་ཆུང་ནས་དུས་ནས་དུས་སུ་གཏན་འབེབས་གནང་འཐུས།༽

དོན་ཚན་བཅུ་དགུ་པ།    སྒྲིག་གཞི་བསྐྱར་བཅོས།
སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་བྱུང་ཚེ་ཤེས་རིག་ལས་ཁུངས་ནས་འཆར་འབུལ་བརྒྱུད་བཀའ་ཤག་གིས་བསྐྱར་བཅོས་གཏན་འབེབས་གནང་རྒྱུ།