ཤེས་རིག་བརྡ་ཆད་ཚན་པས་བཀོལ་སྤྱོད་མཉེན་ཆས་གསར་པ་དང་བརྡ་ཆད་དེབ་ཕྲེང་ ༡༢ དབུ་འབྱེད་གནང་།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༦ རེས་གཟའ་ཕུར་བུ་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འདི་ག་ཤེས་རིག་བརྡ་ཆད་ཚན་པའི་གོ་སྒྲིག་དང་ཌེན་མཱརྐ་གཞུང་གི་ཌ་ནི་ཌ་ DANIDA རོགས་ཚོགས་ཀྱི་མཐུན་འགྱུར་འོག་ཤེས་རིག་བརྡ་ཆད་ཚན་པས་བརྡ་ཆད་རྣམས་ལག་ཐོགས་ཁ་པར་དང་ཀམ་པུ་ཊར་ཐོག་ལྟ་ཀློག་ཐུབ་ཆེད་བཀོལ་སྤྱོད་མཉེན་ཆས་ TibTerm ཞེས་པ་ཞིག་དང་། བརྡ་ཆད་དེབ་ཕྲེང་བཅུ་གཉིས་ཀྱི་དབུ་འབྱེད་མཛད་སྒོ་ཞིག་བསྐངས།

དེ་རིང་གི་ལས་འཆར་ལྟ་བུར་མཚོན་ན། བོད་མི་ཐུན་མིན་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོང་སླད་ཤེས་རིག་བརྡ་ཆད་ཚན་པ་གསར་བཙུགས་གནང་བ་ཞིག་ཡིན། ཤེས་རིག་བརྡ་ཆད་ཚན་པས་ད་བར་བརྡ་ཆད་དེབ་ཕྲེང་བཅུ་གཉིས་གཏན་འབེབས་གནང་ཟིན་ཡོད་པ་རྣམས་མང་ཚོགས་ཁྲོད་དེ་དག་བེད་སྤྱོད་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བེད་སྤྱོད་མ་བྱས་ཚེ། ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་ཟིན་པ་རྣམས་ཕན་མེད་དུ་འགྱུར་གྱི་ཡིན་སྟབས། ཐ་སྙད་གཏན་འབེབས་བྱས་པ་རྣམས་གཅིག་གྱུར་གྱི་བེད་སྤྱོད་གཏོང་དགོས་པ་སོགས་གསུངས།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་འདི་ག་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གཙོས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། དྲུང་འཕར་འཇིགས་མེད་རྣམ་རྒྱལ་ལགས། ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད། ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་དང་འགན་འཛིན་ལས་ཚབ། དེ་བཞིན་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་གསུང་བཤད་སྙིང་བསྡུས་ཤིག་དང་། བརྡ་ཆད་ཚན་པ་ནས་ད་བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་མང་ཚོགས་ལ་ཐ་སྙད་ཐོག་གོ་རྟོགས་ཇི་ལྟར་སྤེལ་ཐུབ་པ་བྱུང་ཡོད་སྐོར་དང་། འབྱུང་འགྱུར་ཕྱི་ཟླ་ ༦ པའི་ཟླ་མཇུག་ནས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་ལས་རིམ་ཡོད་སྐོར་སོགས་གསུང་གྲུབ་མཚམས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་བརྡ་ཆད་དེབ་ཕྲེང་བཅུ་གཉིས་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི། བོད་མི་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་དང་བོད་ཀྱི་ཐུན་མིན་སྐད་ཡིག་སོགས་ཀྱི་ཐོག་དོ་སྣང་བྱེད་དགོས་རྒྱུ་རེད།

དེ་རྗེས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་བཀོལ་སྤྱོད་མཉེན་ཆས་ TibTerm ཞེས་པ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། གོང་དུ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་དང་ལས་འཆར་ཇི་ལྟར་སྤེལ་ཡོད་སྐོར་སོགས་ཞིབ་ཅིང་རྒྱས་པ་གསུང་གྲུབ་སོང་། དེ་དག་བསྐྱར་དུ་ཞུ་མི་དགོས་པར་སྤྱིར་བཏང་འཛམ་གླིང་ནང་གི་སྐད་ཡིག་སྐོར་ཕྲན་བུ་ཞུ་ན་བསམ་སོང་། དཔེར་ན་ ethnologue.com ཞེས་པའི་དྲ་ཚིགས་ཤིག་ཡོད། དྲ་ཚིགས་དེའི་དམིགས་ཡུལ་གཙོ་བོ་ནི། འཛམ་གླིང་ནང་ཡོད་པའི་སྐད་ཡིག་བེད་སྤྱོད་གཏོང་བཞིན་པ་སྐད་ཡིག་དེ་དག་གི་གྲངས་འབོར་གསལ་འདོན་གནང་གི་ཡོད། ཕྱོགས་མཚུངས་སྐད་ཡིག་རྣམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ལས་དོན་རིགས་བྱེད་ཀྱི་ཡོད། གཞན་ཡང་དྲ་ཚིགས་དེ་ནི་མང་མོས་ཀྱིས་འཛམ་གླིང་ནང་གི་སྐད་ཡིག་ཇི་ལྟར་ཡོད་མེད་ཀྱི་ཁུངས་གཏུགས་བྱེད་ས་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག

རྒྱལ་ཁབ་གཞན་དང་མི་འདྲ་བར་ང་ཚོའི་བོད་ཀྱི་ཐུན་མིན་སྐད་ཡིག་ལ་སྐད་གདངས་དང་འབྲི་གཟུགས་ཡོད་པར་བརྟེན་སྐད་ཡིག་ཕྱུག་པོ་ཞིག་ཡིན། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་དང་། སྐད་ཡིག་མེད་ན་རིག་གཞུང་རྒྱུན་འཛིན་བྱེད་མི་ཐུབ། བོད་ཀྱི་ཐུན་མིན་སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་ང་ཚོའི་ལས་འགན་ཡིན། སློབ་ཕྲུག་རྣམས་ནས་རང་གི་སྐད་ཡིག་ལ་རྩ་ཆེན་པོ་བརྩིས་ནས་བོད་སྐད་བསྐྱོན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཉིན་རེ་བཞིན་སྐད་ཡིག་ཉམས་རྒུད་འགྲོ་རྒྱུ་གཙོ་བོ་ནི། བོད་མི་གཞོན་སྐྱེས་རྣམས་ནས་རང་གི་སྐད་ཡིག་བེད་སྤྱོད་མ་བྱས་པའི་དབང་གི་ཆགས་ཡོད།

བོད་ཀྱི་སྐད་ཡིག་མུ་མཐུད་གནས་ཆེད་དེ་སྔོན་མི་རབས་རྒན་པ་རྣམས་ནས་བདག་གཅེས་སྲུང་སྐྱོབ་བྱེད་ཐུབ་པ་ལྟར་ད་ཆ་མི་རབས་གཞོན་པ་རྣམས་ནས་ཀྱང་མུ་མཐུད་སྐུ་ལས་བསྐྱོན་དགོས། ཕ་མས་སོ་སོའི་བུ་ཕྲུག་རྣམས་ལ་བོད་མིའི་ཐུན་མིན་སྐད་ཡིག་གལ་ཆེན་པོ་ཡིན་སྐོར་སློབ་གསོ་དང་། ཁྱིམ་དུ་ཡོད་པའི་གནས་སྐབས་ལའང་ཕྲུ་གུ་རྣམས་ལ་ངེས་པར་བོད་སྐད་བསྐྱོན་དགོས། སོ་སོའི་ཕ་སྐད་ཐོག་ཤུགས་བསྐྱོན་དགོས། ཉེ་ཆར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཐུན་མིན་སྐད་ཡིག་ནི་མི་རིགས་ཀྱི་ཁྱད་ཆོས་ཤིག་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད། ཅེས་གསུང་བཤད་གནང་།

མཐར་ཤེས་རིག་བརྡ་ཆད་ཚན་པའི་ལས་བྱེད་དབུ་མ་བ་འཕྲིན་ལས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་བཅས། །