ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭར་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༣ ཉིན་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་གྱི་རྒྱུག་མཆོང་འཕེན་གསུམ་གྱི་ལོ་འཁོར་རྩེད་འགྲན་ཐེངས་ ༡༤ པའི་སྐུ་མགྲོན་གཙོ་བོར་གདན་ཞུ་ལྟར་ཆེད་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་སློབ་གྲྭའི་སློབ་སྤྱི་ནས་སྐུ་མགྲོན་གཙོ་བོ་དང་། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན། ས་གནས་འགོ་འཛིན། གཞན་ཡང་སྐུ་མགྲོན་རྣམ་པར་ཕེབས་བསུ་སྣེ་ལེན་ཞུས་རྗེས་སློབ་ཕྲུག་རྣམས་ནས་གུས་འདུད་རུ་སྒྲིག་གཟིགས་འབུལ་ཞུས། དེ་རྗེས་སློབ་སྤྱི་ནས་འཚམས་འདྲི་དང་སྦྲགས་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གྲུབ་མཚམས། སྐུ་མགྲོན་གཙོ་བོ་ནས་ལོ་འཁོར་རྩེད་འགྲན་ཐེངས་ ༡༤ དབུ་འབྱེད་ཀྱིས་རྩེད་འགྲན་དངོས་གཞི་འགོ་ཚུགས་གནང་ཡོད།
ཉིན་རྒྱབ་མཇུག་སྡོམ་མཛད་སྒོར་སྐུ་མགྲོན་གཙོ་བོ་ནས་རྩེད་འགྲན་ནང་ཨང་རིམ་སོན་མཁན་རྣམས་ལ་བྱ་དགའ་གནང་རྗེས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན། དེ་རིང་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་གྱི་ལོ་འཁོར་རྩེད་འགྲན་ཐེངས་ ༡༤ སྲུང་བརྩི་ཞུས་པ་དང་ལྷན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༣ ཕེབས་པའི་དགའ་སྟོན་དང་སྦྲགས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་འདི་ལོ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་གནང་གཏན་འཁེལ་བ་ལྟར། ཅོན་ཏ་ར་བོད་ཁྱིམ་གྱི་དབུ་ལས་སློབ་ཕྲུག་ཡོངས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་ཞུས་པར་བསྔགས་བརྗོད་དང་། མགོན་པོ་གང་ཉིད་ཀྱི་བཀའ་སློབ་ལམ་སྟོན་རྣམས་དགེ་ལས་སློབ་ཕྲུག་ཡོངས་ནས་སོ་སོའི་རྒྱུད་ལ་འཇགས་པ་ཙམ་མ་ཟད། ལག་ལེན་དུ་འཁེལ་བ་བྱ་རྒྱུ་ནི་དོན་དམ་གྱི་རྒྱལ་བའི་མཆོད་སྤྲིན་དུ་འགྱུར་རྒྱུ་ཡིན་པའི་སྐོར་དང་། ལྷག་པར་མགོན་པོ་གང་ཉིད་ཀྱི་ཐུགས་ཀྱི་དམ་བཅའ་གཙོ་བོ་གསུམ་སྟེ། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་ཀྱི་ནུས་པ་གོང་འཕེལ་མཛད་ཐབས་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་མཛད་རྒྱུ། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང་བཙན་འོག་ཏུ་གནས་པའི་བོད་མི་ཚོོའི་རང་དབང་གི་མགྲིན་ཚབ་པ་ཞིག་མཛད་རྒྱུ་བཅས་ཀྱི་སྐོར་ངོ་སྤྲོད་སྙིང་བསྡུས་དང་།
གཞན་ཡང་རྒྱ་གར་གཞུང་ནས་བཙན་བྱོལ་བོད་མིའི་གནས་སྟངས་སྤྱི་དང་། ཡང་སྒོས་ན་གཞོན་རྣམས་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་གྱི་གོ་སྐབས་སྐྲུན་ཐབས་ཆེད་དམིགས་བསལ་བཀའ་དྲིན་བསྐྱངས་ཡོད་པས། རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཤིན་ཏུ་ནས་གལ་ཆེར་ཆགས་ཡོད་པའི་སྐོར་དང་། མཐའ་དོན་སློབ་མ་ཚོས་ཤེས་ཡོན་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཐོབ་པ་དེ་ཆུད་ཟོས་སུ་མ་བཏང་བར་སློབ་སྦྱོང་ལ་འབད་འབུངས་ཀྱིས་སོ་སོའི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་ཐབས་ཅི་ནས་གནང་དགོས་པའི་ལམ་སྟོན་གནང་མཐར། ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ལོ་འཁོར་རྩེད་འགྲན་འདི་བཞིན་རེ་ཞིག་མཇུག་སྒྲིལ་བའི་གསལ་བསྒྲགས་གནང་སྟེ་ལས་རིམ་ཁག་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས། །