ཚན་རིག་དང་ཨང་རྩིས་དགེ་རྒན་རྣམས་ལ་ཟབ་སྦྱོང་གནང་བ།

༄༅། །ཕྱི་ལོ་༢༠༡༨ ཟླ་ ༩ ཚེས་ ༡༧ ནས་ ༢༡ བར་ཉིན་གྲངས་ལྔའི་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་སུ་ཇཱ་བོད་ཁྱིམ་དུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཨང་རྩིས་དང་ཚན་རིག་དགེ་རྒན་རྣམས་ལ་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་ཕྱི་ཚེས་ ༡༧ ཉིན་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སུ་ཇཱ་བོད་ཁྱིམ་གྱི་སློབ་སྤྱི་ཀརྨ་ཤེས་རབ་མཐར་ཕྱིན་ལགས་དང་། ཟབ་ཁྲིད་པ་ཨ་ཝིཤ་ཀར་ཚན་རྩིས་བསྟི་གནས་ཁང་གི་སྐུ་ཞབས་ཤ་རཊ་གུབ་ཏ་ Sharat Gupta ལགས་དང་། ལྕམ་སན་ད་ཡ་གུབ་ཏ་ Sandhya Gupta ལགས། ཤེས་རིག་ལས་ཁུངས་ཀྱི་དེང་སྲོལ་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་སྐལ་བཟང་ལགས། དེ་བཞིན་སུ་ཇ་དང་ཅོན་ཏ་ར་བོད་ཁྱིམ། ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་བཅས་ཀྱི་ཚན་རྩིས་གཉིས་ཀྱི་སློབ་དགེ་ཁྱོན་མི་གྲངས་ ༡༩ བཅས་ཚང་འཛོམས་ཀྱིས་ཐོག་མར་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། ཚན་རྩིས་གཉིས་ཀྱི་སློབ་ཁྲིད་གནང་སྟངས་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་ནས་སུ་ཇཱ་བོད་ཁྱིམ་གྱི་སློབ་སྤྱི་ཀརྨ་ཤེས་རབ་མཐར་ཕྱིན་ལགས་དང་ཟབ་ཁྲིད་པ་རྣམས་ཀྱིས་གསུང་བཤད་གནང་ཡོད།
མཐར་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་སྐལ་བཟང་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད། ཕྱོགས་མཚུངས་ཕྱི་ཚེས་ ༢༤ ནས་ ༢༨ བར་དྷ་སར་ཚན་རྩིས་གཉིས་ཀྱི་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག་པ་དང་ཟབ་སྦྱོང་གི་མཐུན་འགྱུར་གནང་མཁན་ཨ་རིའི་ཐེབས་རྩ་ USAID ཡིན་འདུག་པ་བཅས།