བྱིས་པའི་དུས་ཆེན་གྱི་ལེགས་སྐྱེས་སྒྲུང་དེབ་པར་སྐྲུན།

༄༅། །ཕྱི་ལོ་༢༠༡༨ ཟླ་༡༡ ཚེས་༡༤ བྱིས་པའི་དུས་ཆེན་ཉིན་མོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་བྱེད་འགོ་ལས་ཡོངས་ནས་གཏན་ཉིན་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་འཚམས་འདྲི་ཞུ་བ་དང་སྦྲགས། བྱིས་པའི་དུས་ཆེན་གྱི་ལག་རྟགས་སུ་འཛམ་གླིང་གི་གྲགས་ཅན་སྒྲུང་དེབ་ ༡༥ བོད་སྒྱུར་དང་། རིམ་པ་ཅན་གྱི་གསར་རྩོམ་སྒྲུང་དེབ་ ༥ བཅས་ཁྱོན་བྱིས་པའི་དཔེ་དེབ་ ༢༠ པར་སྐྲུན་གྱིས་འགྲེམས་སྤེལ་བྱེད་བཞིན་ཡོད།
དེ་ཡང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲགས་ཅན་རྩོམ་པ་པོ་ཡོ་སེབ་ཆ་པེག་ལགས་ཀྱིས་བརྩམས་གནང་ཞིང་། བུདྡྷ་སྐྱབས་ལགས་ནས་བོད་སྒྱུར་དང་བསྟན་འཛིན་བསྟན་དར་ལགས་ནས་རི་མོ་བྲིས་གནང་བའི་<<ཁྱི་ཕྲུག་དང་ཞིམ་ཕྲུག>>གི་མུ་འབྲེལ་སྒྲུང་དེབ་དེབ་ཕྲེང་བཅུ་དང་། པེཊ་ཧད་ཆེན་ལགས་ཀྱིས་བརྩམས་གནང་ཞིང་ཆུ་བཟང་ལགས་ཀྱིས་བསྒྱུར་པའི་ <<ཕག་ཤ་སྐམ་པོ་མ་བརྗེད།>> ཅེས་པ་དང་། བྱམས་པ་རིན་ཆེན་ལགས་ཀྱིས་བསྒྱུར་པའི་<<འུག་པ་ལགས་གཟིམ་འཇགས་གནང་།>> འཇམ་དབྱངས་གྲགས་པ་ལགས་ཀྱིས་བསྒྱུར་པའི་ <<ང་ཚོ་གླིང་ག་གཏོང་དུ་འགྲོ།>> བསོད་ནམས་བཟང་པོ་ལགས་ཀྱིས་བསྒྱུར་པའི་ <<བྱ་མོ་སྐྱིད་འཛོམས་འཆམ་འཆམ་དུ་ཕྱིན་པ།>> བཅས་དེབ་ཕྲེང་བཞི་སྟེ། ཁྱོན་བསྡོམས་དེབ་བཅུ་བཞི་ཤེས་རིག་པར་ཁང་ནས་པར་སྐྲུན་ཞུས་པ་དང་། གཞན་ཡང་རྩོམ་པ་པོ་སུ་ཇ་ཐ་པདྨ་ན་བྷན་གྱིས་བརྩམས་ཤིང་། ཚེ་རིང་དཔལ་འཛོམས་ལགས་ཀྱིས་བསྒྱུར་པའི་<<བོང་བུ།>> ཅེས་པ་ཨེཀ་ལ་བི་ཡ་ཡིས་པར་སྐྲུན་ཞུས་ཡོད།
དེ་བཞིན་འཛིན་རིམ་དང་པོ་དང་གཉིས་པའི་ཆེད་དུ་དམིགས་པའི་རིམ་པ་ཅན་གྱི་གསར་རྩོམ་གྱི་སྒྲུང་དེབ་ཁག་ལྔ་པར་སྐྲུན་ཞུས་ཐོག གོང་གསལ་དཔེ་དེབ་རྣམས་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་ལ་རིན་མེད་འགྲེམས་སྤེལ་ཞུ་བཞིན་ཡོད།
གོང་གསལ་དཔེ་དེབ་ཁག་ནས་དེབ་ཁག་ ༡༩ ཡི་རྩོམ་སྒྱུར་དང་པར་སྐྲུན་སོགས་ཀྱི་འགྲོ་གྲོན་ཨ་རིིའི་ (USAID) རོགས་དངུལ་ཁོངས་ནས་ཐོབ་པ་དང་། ཨེཀ་ལ་བི་ཡ་ཡི་དཔེ་དེབ་<<བོང་བུ།>>ཅེས་པའི་པར་སྐྲུན་འགྲོ་གྲོན་འབྲེལ་ཡོད་རྩོམ་པ་པོ་ནས་གཏོང་གནང་གིས། ཤེས་རིག་ལས་ཁུངས་ལ་དཔེ་དེབ་གྲངས་ ༩༠༠ རིན་མེད་དུ་གནང་ཡོད།
སྒྲུང་དེབ་འདི་དག་བརྒྱུད་སློབ་མ་རྣམས་སྒྲུང་གཏམ་གྱི་འཇིག་རྟེན་ལ་སྤྲོ་སྣང་རབ་ཏུ་འཕེལ་ཞིང་། དཔེ་དེབ་ཀློག་རྒྱུའི་གོམས་གཤིས་རྒྱུན་འཇགས་ཡོང་བ་དང་། ཡ་རབས་གཤིས་བཟང་དང་ཤེས་འཇོན་གཉིས་ལྡན་གྱི་བོད་མི་བཟང་པོ་ཞིག་ཏུ་འཚར་ལོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས།