བྱིས་པ་རྣམས་ཆགས་སྲེད་ཀྱི་ཕོག་ཐུག་ལས་སྲུང་སྐྱོབ་དང་བྱིས་པའི་ཐོབ་ཐང་ལག་བསྟར་ནུས་ཐོན་བྱ་ཐབས་ཀྱི་ཟབ་སྦྱོང་མཇུག་སྒྲིལ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༥ དང་ ༢༦ བཅས་ཉིན་གྲངས་གཉིས་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་ཚན་པས་གོ་སྒྲིག་འོག དྷ་སྟེང་བོད་ཁྱིམ་གྱི་ཞི་བདེ་ཚོགས་ཁང་དུ་ཁྱིམ་ཚང་ཨ་མ་ལགས་རྣམས་ལ་བྱིས་པ་རྣམས་ཆགས་སྲེད་ཀྱི་ཕོག་ཐུག་ལས་སྲུང་སྐྱོབ་དང་། བྱིས་པའི་ཐོབ་ཐང་དང་འབྲེལ་བའི་ཟབ་སྦྱོང་ཞིག་ཚོགས་གནང་ཡོད།

དེ་ཡང་ཕྱི་ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢ ཙམ་ལ་ཟབ་སྦྱོང་མཇུག་བསྡོམས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། ཤེས་རིག་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། ཁྱད་སྟོན་པ་ཌོག་ཊར་རེ་ཁཱ་ཅོ་ཧན་ Dr.Rekha Chauhan ལགས། ཤེས་རིག་མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་ལགས། ཟབ་སྦྱོང་བ་ཁྱིམ་ཚང་ཨ་མ་ལགས་དང་པཱ་ལགས་གྲངས་ ༤༠ བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཕེབས་བསུ་དང་ཟབ་སྦྱོང་གི་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་གནང་གྲུབ་མཚམས་ཟབ་སྦྱོང་བ་གཉིས་ནས་མྱོང་ཚོར་གསུང་།

དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས་ཟབ་སྦྱོང་བ་རྣམས་ལ་ཕྱག་ཁྱེར་གནང་སྟེ་གསུང་བཤད་གནང་དོན། དེ་རིང་འདིར་ཁྱིམ་ཚང་ཨ་མ་ལགས་རྣམས་ལ་བྱིས་པ་རྣམས་འཁྲིག་སྤྱོད་ཀྱི་ཕོག་ཐུག་ལས་སྲུང་སྐྱོབ་དང་བྱིས་པའི་ཐོབ་ཐང་དང་འབྲེལ་བའི་ཟབ་སྦྱོང་མཇུག་བསྡོམས་ཆགས་ཀྱི་ཡོད། དེ་རིང་མཇུག་བསྡོམས་མཛད་སྒོའི་ཐོག་ཕེབས་པའི་ཁྱད་སྟོན་པ་རེ་ཁཱ་ཅོ་ཧན་ལགས་དང་། ཤེས་རིག་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་དང་ཕྱག་རོགས་བསྟན་འཛིན་ཆོས་ལྡན་ལགས། ཁྱིམ་ཚང་གི་ཨ་མ་ལགས་ལ་ཐོག་མར་ངས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་རེས་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཁྱིམ་ཚང་གི་ཨ་མ་ལགས་རྣམས་ནི་སྤྱིར་ལས་འགན་ཆེན་པོ་ཞིག་ཡོད་པ་མ་ཟད། ཁྱིམ་ཚང་ནང་ཕྲུ་གུ་དང་མཉམ་དུ་དུས་རྒྱུན་དུ་འབྲེལ་བ་ཆེན་པོ་ཡོད།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དེ་སྔ་བྱིས་པ་སྲུང་སྐྱོབ་དང་ཐོབ་ཐང་སྐོར་ཟབ་སྦྱོང་མང་པོ་ཞིག་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པར་གོ་སྒྲིག་ཞུས་ཡོད། འོན་ཀྱང་ཕྲུ་གུ་དང་ཐད་ཀར་འབྲེལ་བ་ནི་ཁྱིམ་ཚང་གི་ཨ་མ་ལགས་དང་པཱ་ལགས་ཆགས་ཀྱི་ཡོད་སྟབས། ཁྱིམ་ཚང་གི་ཨ་མ་ལགས་དང་པཱ་ལགས་རྣམ་པར་བྱིས་པ་སྲུང་སྐྱོབ་སྐོར་གོ་རྟོགས་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག་ཅེས་ཤེས་རིག་ལས་ཁུངས་སུ་བཀའ་མོལ་བྱུང་དོན་ལྟར། དེ་སྔ་བྱིས་པ་སྲུང་སྐྱོབ་དང་རྩོད་རྙོག་འདུམ་སྒྲིག་སྐོར་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད།

ད་རེས་དམིགས་སུ་བཀར་ནས་བྱིས་པ་རྣམས་འཁྲིག་སྤྱོད་ཀྱི་ཕོག་ཐུག་ལས་སྲུང་སྐྱོབ་དང་བྱིས་པའི་ཐོབ་ཐང་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད། དེར་བརྟེན་རྣམ་པ་ཚོའི་མྱོང་ཚོར་གསུང་བ་དང་། ཤེས་རིག་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་ངོ་སྤྲོད་གནང་གསལ་ལྟར་ན། ད་རེས་རྣམ་པ་ཚོར་ཟབ་སྦྱོང་ཕུལ་བ་འདི་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་ས་རེད། ང་ཚོས་ཟབ་སྦྱོང་ཕུལ་བའི་དམིགས་ཡུལ་འགྲུབ་སོང་སྙམ་པ་འདུག

གཙོ་བོ་བྱིས་པ་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་ང་ཚོ་ཚང་མར་འགན་ཡོད། དཔེར་ན་ཁྱིམ་ཚང་ལྟ་བུར་མཚོན་ན། སློབ་གྲྭའི་དབྱར་དགུན་གྱི་གུང་གསེང་ཕུད་གཞན་ལོ་འཁོར་མོར་ཁྱིམ་ཚང་ནང་བཞུགས་ཀྱི་ཡོད་སྟབས། ཕྲུ་གུའི་ཤེས་ཡོན་ཙམ་མིན་པར། ཕྲུ་གུའི་འཕྲོད་བསྟེན་དང་སྲུང་སྐྱོབ་སོགས་གནད་དོན་ཚང་མའི་ཐོག་འགན་ཡོད་པར་བརྟེན་དེ་དག་སྲུང་སྐྱོབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག ད་རེས་བྱིས་པ་རྣམས་འཁྲིག་སྤྱོད་ཀྱི་ཕོག་ཐུག་ལས་སྲུང་སྐྱོབ་དང་འབྲེལ་བའི་ཟབ་སྦྱོང་ཡིན་སྟབས། དེ་འདྲའི་གནས་ཚུལ་མ་ལྷག་པ་ང་ཚོ་ཚང་མར་འགན་ཡོད་རེད་བསམ་གྱི་འདུག གནས་ཚུལ་ཆུང་ཙག་རིགས་དེ་སྔ་ཡོང་གི་ཡོད་ཀྱང་ང་ཚོ་བོད་པའི་སྤྱི་ཚོགས་ཆུང་ངུ་ཞིག་གི་ནང་གང་ལྟར་འཁྲིག་སྤྱོད་ཀྱི་གནས་ཚུལ་རིགས་སློབ་གྲྭ་ཁག་གི་ནང་ལྷག་མི་དགོས་པ་ང་ཚོ་ཚང་མས་སྔོན་འགོག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་འཁྲིག་སྤྱོད་དང་འབྲེལ་བའི་གནད་དོན་ཐོག་བཟོད་བསྲན་གནང་ཐབས་བྲལ་བའི་སྲིད་བྱུས་འཛིན་བཞིན་ཡོད། དེ་ལྟ་བུའི་སྲིད་བྱུས་འདི་ང་ཚོ་ཚང་མས་འགན་ཁུར་ནས་ལག་ལེན་བསྟར་དགོས། སློབ་གྲྭ་ཁག་གི་ནང་དེ་འདྲའི་གནས་ཚུལ་བྱུང་བ་ཡིན་ན་གསང་ནས་མ་བཞག་པར་གང་དུ་ཞུ་དགོས་ཀྱང་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཐེངས་འདིའི་ཟབ་སྦྱོང་ཐོག་འདིའི་སྐོར་ཞིབ་ཕྲ་བཀའ་མོལ་བྱུང་ཡོད་ངེས་རེད། འོན་ཀྱང་ཕན་ཚུན་གོ་རྟོགས་སྤེལ་རེས་བྱས་ནས་དེ་འདྲའི་གནས་ཚུལ་མ་ལྷག་པ་དགོས་རྒྱུ་ང་ཚོ་ཚང་མར་འགན་ཆེན་པོ་ཞིག་འདུག ཅེས་ཞུ་རྒྱུ་ཡིན།
སློབ་ཕྲུག་རྣམས་རང་གི་ཕ་མས་ཡིད་ཆེས་བློ་འགེལ་བྱས་ནས་སློབ་གྲྭར་བཅོལ་བར་བརྟེན་ཚང་མས་འགན་ཁུར་དགོས། གལ་ཏེ་གནས་ཚུལ་རིགས་ལྷག་པ་ཡིན་ན། སྤྱི་ཚོགས་ནང་གླེང་སློང་ཆེན་པོ་ཡོང་བ་དང་། དོ་བདག་ཕྲུ་གུའི་སེམས་ནང་དཀའ་ངལ་ཇི་ཙམ་ཡོང་རྒྱུ། ཕྲུ་གུའི་ཕ་མ་ཡིན་ནའང་བློ་ཕམ་ཡོང་གི་རེད། དེར་བརྟེན་ཚང་མས་འགན་ཁུར་ནས་དེ་རིགས་མི་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

གཞན་ཡང་ཕྲུ་གུ་འཚར་ལོངས་སླད་ཟས་བཅུད་དང་འཕྲོད་བསྟེན་ནི་ཧ་ཅང་གལ་ཆེན་པོ་རེད་འདུག ཞལ་ལག་གཙང་མ་དང་སོས་པ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་ཁྱིམ་ཚང་ཨ་མ་ལགས་རྣམས་ནས་ཐུགས་འགན་བཞེས་ཀྱི་ཡོད་ཀྱང་ངས་དྲན་སྐུལ་གྱི་ཚུལ་དུ་ཞུ་རྒྱུར་དུས་རྒྱུན་དུ་ཉལ་ཁང་དང་གསང་སྤྱོད་གཙང་མ་ཉར་རྒྱུ་ནི་ཕྲུ་གུའི་འཕྲོད་བསྟེན་ཆེད་ཧ་ཅང་གལ་ཆེན་པོ་རེད་འདུག དེ་བཞིན་ཕྲུ་གུའི་སྒོ་གསུམ་གྱི་སྤྱོད་པའང་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།

དེའི་རྗེས་ཤེས་རིག་མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས། །