བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་ཚོགས་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༨ ནས་ཕྱི་ཟླ་ ༣ ཚེས་ ༡ བར་ཉིན་གྲངས་གཉིས་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དྷ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་བསྐོང་ཚོགས་གནང་།
དེ་ཡང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་དྲུང་ཆེ། སྡེ་ཚན་ཁག་གི་འགན་འཛིན། སམ་བྷོ་ཊའི་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས། དྷ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ལགས། མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ཀརྨ་ཆུང་བདག་ལགས། བལ་ཡུལ་གངས་ཅན་བདེ་རྩའི་དྲུང་ཆེ་ཚེ་རིང་སྟོབས་རྒྱལ་ལགས། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། རྒྱ་གར་དང་བལ་ཡུལ། དེ་བཞིན་ཕྱི་རྒྱལ་བཅས་ནས་ཕ་མའི་འཐུས་ཚབ་ཚོགས་བཅར་བ་གྲངས་ ༡༣༡ སོགས་འདུ་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམས་རྗེས་དྲན་ཆེད་སྐར་མ་གཅིག་རིང་ངག་བཅད་གུས་འདུད་ཞུས།
དེ་རྗེས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་ཕེབས་བསུ་དང་སྦྲགས་ཕ་མའི་ཚོགས་ཆེན་ཐེངས་དང་པོའི་གྲོས་ཆོད་ཁག་ལག་བསྟར་ཇི་གནང་སྐོར་གསུང་བཤད་གནང་གྲུབ་མཚམས། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད། ཕ་མའི་ཚོགས་ཆེན་བསྐོང་ཚོགས་གནང་དགོས་དོན་གཙོ་བོ་ནི། སློབ་གྲྭ་ཁག་གི་ནང་དགེ་རྒན་དང་ཕ་མའི་ཚོགས་ཆུང་མེད་པ་དང་། གལ་ཏེ་དགེ་རྒན་ཕ་མའི་ཚོགས་ཆུང་ཡོད་པ་ཡིན་ནའང་གཅིག་མཚུངས་མེད་པ། ལྷག་པར་ལས་དོན་སྤེལ་ཕྱོགས་ཐད་ལམ་སྟོན་ཁ་གསལ་མེད་པ་བཅས་ལ་བརྟེན་ནས་ཚོགས་ཆེན་ཐེངས་དང་པོ་དེ་བཞིན་ཚོགས་གནང་འདུག
ཚོགས་ཆེན་དང་པོའི་སྐབས་དགེ་རྒན་ཕ་མའི་ཚོགས་ཆུང་གི་ལས་དོན་གནང་ཕྱོགས་སྐོར་དང་རྩ་འཛིན་ལམ་སྟོན་དགོས་སྐོར་གྲོས་ཆོད་བྱུང་བ་ལྟར་གཏན་འབེབས་གནང་ཐུབ་པ་བྱུང་འདུག འོན་ཀྱང་སློབ་གྲྭ་ཁག་གི་ནང་རྩ་འཛིན་ཡིག་ཆ་གཞིར་བཟུང་འགྲོ་ཐུབ་ཀྱི་ཡོད་མེད་ཅི་རིགས་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ངོས་ནས་དགེ་རྒན་ཕ་མའི་ཚོགས་ཆུང་ནི་སློབ་གྲྭ་དང་ཕ་མའི་དབར་འབྲེལ་མཐུད་གནང་མཁན་ཟམ་པ་ལྟ་བུར་གལ་ཆེན་པོ་རྩི་ཡི་ཡོད། དེར་བརྟེན་དགེ་རྒན་ཕ་མའི་ཚོགས་ཆུང་ངོས་ནས་སློབ་ཕྲུག་གསོ་སྐྱོང་གནང་སྟངས་དང་། སློབ་ཕྲུག་གི་ཤེས་ཡོན་སླད་ཕ་མས་ཆ་ཤས་མང་ཙམ་བཞེས་རྒྱུའི་རེ་བའི་ཐོག་ནས་འཆར་འགོད་གནང་བ་དང་། ལྷག་པར་ཕ་མས་འགན་མང་ཙམ་བཞེས་རྒྱུར་གཙོ་བོར་དམིགས་པ་ཞིག་རེད་འདུག
གཞན་ཡང་སློབ་གྲྭ་ཁག་ནས་ལས་འཆར་མང་པོ་ཞིག་སྤེལ་གནང་རྒྱུ་དང་། ཤེས་ཡོན་སློབ་གསོའི་ལས་འཆར་ཐོག་དམིགས་བསལ་ནུས་པ་འདོན་ཐུབ་པའི་ཚོགས་ཆུང་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། དེར་བརྟེན་ད་རེས་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་གཉིས་པའི་སྐབས་སུ་དེ་སྔ་གཏན་འབེབས་གནང་བའི་དགེ་རྒན་ཕ་མའི་ཚོགས་ཆུང་གི་རྩ་འཛིན་ཡིག་ཆ་ཐོག་ལ་གོ་བསྡུར་སྦྱང་བཤད་གནང་སྟེ་བསྐྱར་བཅོས་དགོས་རིགས་ཡོད་མེད་གྲོས་བསྡུར་གནང་དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག གཞན་ཡང་ཕ་མའི་ཚོགས་ཆུང་མེད་པའི་ས་གནས་ཁག་ཏུ་ཚོགས་ཆུང་གསར་འཛུགས་གནང་ཐུབ་པ། ང་ཚོའི་སྤྱི་ཚོགས་ནང་ཕ་མ་དང་སློབ་ཕྲུག་གི་ཤེས་ཡོན་ཐད་ཆ་ཤས་མང་ཙམ་བཞེས་དགོས་འདུག་ཅེས་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ད་ལྟ་སློབ་གྲྭར་འགྲིམ་བཞིན་པའི་སློབ་ཕྲུག་ཚོའི་ཕ་མ་ཚང་མར་ཤེས་ཡོན་གྱི་གོ་སྐབས་ཐོབ་ཡོད་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། དེ་བཞིན་ཕ་མ་དང་མཉམ་འབྲེལ་ཐོག་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་ཇི་ལྟར་གཏང་ཐུབ་པའི་སྐོར་གོ་བསྡུར་ལྷུག་པོ་ཡོང་བའི་རེ་བ་ཞུ་གི་ཡོད།
ཤེས་རིག་ལས་ཁུངས་ངོས་ནས་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་སློབ་ཕྲུག་གསོ་སྐྱོང་གནང་རྒྱུ་འདི་ཧ་ཅང་གནད་འགག་ཆེན་པོ་མཐོང་གི་ཡོད། ཕ་མ་རྣམ་པས་ཀྱང་དེ་ལྟར་གཟིགས་ཀྱི་ཡོད་པའི་རེ་བ་ཞུ་གི་ཡོད། ཚོགས་ཆེན་དང་པོའི་སྐབས་སུ་ཕ་མ་རྣམས་ལ་ཤེས་ཡོན་སྲིད་བྱུས་སྐོར་གོ་རྟོགས་སྤེལ་དགོས་པའི་དགོངས་འཆར་ཕེབས་པ་ནང་བཞིན་ཤེས་རིག་ལས་ཁུངས་ནས་གོ་རྟོགས་སྤེལ་མང་དག་ཅིག་སྤེལ་ཡོད་པ་མ་ཟད། མུ་མཐུད་སྤེལ་རྒྱུའི་ལས་འཆར་ཡོད། མ་འོངས་པར་མུ་མཐུད་གོ་རྟོགས་མང་པོ་སྤེལ་རྒྱུའི་འཆར་གཞི་ཡོད་པ་ལྟར་ཕ་མ་ངོས་ནས་ཀྱང་དེའི་ཐོག་ཐུགས་སྣང་དང་འགན་འཕར་མ་བཞེས་ཏེ་གོ་བསྡུར་སྦྱང་བཤད་གནང་རྒྱུ་དང་། སོ་སོ་ངོས་ནས་གང་ཤེས་པ་དེ་དག་ཕ་མ་གཞན་དང་མཉམ་དུ་གོ་རྟོགས་སྤེལ་རྒྱུའི་འགན་བཞེས་པའི་རེ་བ་ཞུ་གི་ཡོད། ཅེས་ཞུ་རྒྱུ་ཡིན།
ཕ་མ་རྣམས་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་དང་མཐུན་པའི་བུ་ཕྲུག་གསོ་སྐྱོང་གནང་དགོས་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཀྱི་འདུག བུ་ཕྲུག་རྣམས་ལ་བསམ་སྤྱོད་ཀྱི་རང་དབང་དང་། གཞན་ཕན་གྱི་བསམ་བློ་གོང་མཐོར་གཏོང་རྒྱུའི་ཐབས་ཤེས། རང་རེའི་ལེགས་བྱང་དང་སྐད་ཡིག་སྐོར་ལ་སློབ་གསོ་ཙམ་མིན་པར་དེའི་ཐོག་སོ་སོའི་ངོས་ནས་དཔེ་མཚོན་སྟོན་ཐུབ་པ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དགེ་རྒན་རྣམ་པས་སློབ་ཁྲིད་གནང་རྒྱུ་གཅིག་པུ་མིན་པར་སོ་སོའི་ཀུན་སྤྱོད་ཡིན་ནའང་བཟང་པོ་དང་མིག་དཔེ་ལྡན་པ་ཞིག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ང་ཚོས་དགེ་རྒན་ཚོ་ལའང་རྟག་པར་ཞུ་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་། དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་ལེགས་པར་མཇུག་སྒྲིལ། །