ལེའུ་དང་པོ། གཞི་རིམ་གོང་མའི་བསླབ་གཞིའི་གཞི་རྩའི་ལམ་སྟོན།

༡་༡ ངོ་སྤྲོད།

གཞི་རིམ་གོང་མའི་ཤེས་ཡོན་ནི་རྨང་གཞིའི་ཤེས་ཡོན་འཐུས་ཚང་དུ་གཏོང་བ་དང་། ཆེད་ལས་ཀྱི་རྨང་གཞི་འཛུགས་སྐྲུན་བྱེད་པའི་དུས་རིམ་གལ་ཆེན་ཞིག་ཡིན་པ་མ༌ཟད། གཞི་རིམ་ཤེས་ཡོན་གྱི་མཐའ་མཇུག་གི་གྲུབ་འབྲས་གདེང་འཇོག་བྱེད་པའི་དུས་རིམ་ཞིག་ཀྱང་ཡིན༌གཤིས། གཞི་རིམ་གོང་མའི་དུས་སྐབས་དེས་སློབ་ཕྲུག་གི་མི་ཚེའི་ནང་ཆེས་གལ་འགངས་ཆེ་བའི་གནས་བབ་ཟིན་ཡོད་ལ། རྒྱལ་ཁབ་ཅིག་གི་ཤེས་ཡོན་སྲིད་བྱུས་དང་ལམ་ལུགས་ཀྱི་གཞི་རྩའི་གྲུབ་འབྲས་སུའང་གྱུར་ཡོད།
དེར་བརྟེན། གཞི་རིམ་གོང་མའི་དུས་སྐབས་ཀྱི་བསླབ་གཞིའི་རྩ་འཛིན་གཏན་འབེབས་བྱེད་སྐབས། བཙན་བྱོལ་བོད་མིའི་གཞི་རིམ༌ཤེས་ཡོན་སྲིད་བྱུས་ལས་བྱུང་བའི་ཤེས་ཡོན་གྱི་ངོ་བོ་དང། དགོས་པ། ངོས་འཛིན། དམིགས་ཡུལ༌བཅས་དམ་འཛིན་ཐོག གོང་གསལ་རྨང་གཞི༌གཉིས་ཀྱི་ཤེས་ཡོན་གཙོ་བོ་འཛིན་དགོས༌པ་ལས། འཚོ་ཐབས་སམ་ཁེ་སྤོགས་ཁོ་ན་དོན་གཉེར་དང། གཏད་སོ་མེད་པར་ཐོལ་རྒྱུག༌སོགས་བྱ་མི་རུང། དོན་དངོས་ཤེས་ཡོན་བརྒྱུད་སྤྲོད་བྱེད་སྐབས་ཀྱང་དོན་དངོས་དང་མཐུན་པ། ཕུགས་ལ་ཕན་པ། གནད་དུ་འཁེལ་བ། ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་དོན་ཕན་ལྡན་པའི་ཐབས་བྱུས་དང་འཆར་གཞི་རིམ་པ༌བཟོ་འགོད་དང་ལག་བསྟར་བྱ་དགོས།
འདིར་ནན་བཤད་བྱ་དགོས་པ་ཞིག་ནི། བསླབ་གཞིའི་རྩ་འཛིན་ནི་སློབ་གྲྭའི་ཤེས་ཡོན་སློབ་གསོའི་ཁ་ཕྱོགས་དང་ནང་དོན། ཐབས་ལམ་ཐད་ཀྱི་གཞི་རིམ་གྱི་རྩ་འཛིན་ཡིན་སྟབས། གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་མཚོན་རྟགས་གལ་ཆེ་ཤོས་དེ་ཆགས་ཡོད། དེར་བརྟེན། བཙན་བྱོལ་བོད་མིའི་སློབ་གྲྭ་གང་ཡིན་ཡང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་མེད་ནི། གཙོ་བོ་སྲིད་བྱུས་ཀྱི་དགོངས་དོན་འོག་གཏན་ལ་ཕབ་པའི་བསླབ་གཞིའི་རྩ་འཛིན་ལག་བསྟར་བྱེད་མིན་གྱིས་ཚད་འཇལ་དགོས་པ་ཡིན།

༡་༢ བསླབ་གཞིའི་རྩ་འཛིན་གྱི་གལ་གནད།

གཞི་རིམ་སློབ་གྲྭའི་བསླབ་གཞིའི་ནང་དོན་དང་སློབ་ཁྲིད་ཀྱི་ལག་ལེན་ཐད་དམིགས་བསལ་ཐུགས་སྣང་བྱ་དགོས་པའི་དོན་ཚན་ཁག་ཅིག་བཀོད་པ་གཤམ་གསལ།

  • གཞི་རིམ་གོང་མའི་བསླབ་གཞིའི་ནང་དོན་སློབ་གྲྭའི་ཕྱི་རོལ་གྱི་མི་ཚེ་དང་འབྲེལ་དགོས་པ།
  • སློབ་སྦྱོང་ནི་ཤེས་རྒྱ་བསྐྱེད་ཐབས་ཙམ་ལས་ལྡོག་སྟེ་ཉམས་ལེན་དངོས་ལ་འཇུག་པའི་བརྒྱུད་རིམ་ཞིག་ཡིན།
  • གཞི་རིམ་གོང་མའི་དམིགས་ཡུལ་གཙོ་བོ་ནི་ཡིག་རྒྱུགས་འཕྲོད་ཐབས་ཙམ་མ་ཡིན་པར། སློབ་ཕྲུག་རྣམས་ཕྱོགས་ཡོངས་ནས་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་བྱས་ཏེ། ཆེད་ལས་ཀྱི་རྨང་གཞི་དང་བསམ་སྤྱོད་ཀྱི་རང་དབང་ལྡན་པའི་བོད་ཀྱི་མི་རབས་གསར་པ་བསྐྱེད་བསྲིང་བྱ་རྒྱུ་དེ་ཡིན།
  • གཞི་རིམ་གོང་མའི་འཛིན་རིམ་བཅུ་གཅིག་པ་ནས་ཆེད་ལས་རིག་ཚན་གདམ་གསེས་བྱ་དགོས་སྟབས། འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ནི་སློབ་ཕྲུག་གི་རྨང་གཞིའི་ཤེས་བྱ་སྲ་བརྟན་དང་འཐུས་ཚང་གཏོང་བའི་དུས་རིམ་གལ་ཆེ་ཤོས་དེ་ཡིན་ཞིང། སྐབས་འདིར་སློབ་ཕྲུག་རྣམས་ལ་སྤུས་ཚད་ལྡན་པའི་ཤེས་ཡོན་སྤྲོད་པ་དང་ཆབས་ཅིག ཁོང་ཚོར་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ལ་ཞུགས་པའི་ཀུན་སློང་བསྐྱེད་བསྲིང་དང། མི་ཚེ་ཧྲིལ་པོར་བསླབ་པ་མཐའ་འཁྱོལ་ཡོང་བའི་ཆོད་སེམས་འཛུགས་ཐབས་བྱ་རྒྱུ་ཧ་ཅང་གལ།
  • གཞི་རིམ་སློབ་མའི་ཤེས་ཡོན་གྱི་གཞི་རྩ་ནི་བཟང་སྤྱོད་ཡིན། སློབ་སྦྱོང་གི་གྲུབ་འབྲས་གང་ཡིན་ཡང་བཟང་སྤྱོད་དང་འབྲེལ་ཚེ་གཞི་ནས་དོན་སྙིང་ལྡན་པ་ཡིན། བཟང་སྤྱོད་ཀྱི་རྩ་བ་མེད་པའི་ཤེས་ཡོན་གྱིས་རང་གཞན་གཉིས་ཀར་དོན་དམ་གྱི་ཕན་བདེ་བསྐྲུན་མི་ཐུབ།

གོང་གསལ་དོན་གནད་ཁག་གི་ཐོག བསླབ་གཞིའི་རྩ་འཛིན་གྱིས་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་ད་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་ལ་བལྟོས་ནས་ད་ལྟའི་དཀའ་ངལ་ལ་བསམ་གཞིག་དང། མ་འོངས་པའི་འཕེལ་རིམ་ལ༌མིག་རྒྱང་རིང་པོས་གཟིགས་ཏེ་བསླབ་བྱའི་ནང་དོན་དང་ཚད་རིམ། སྤུས་ཚད་བཅས་གཏན་འབེབས་བྱས་པ་བརྒྱུད་རང་གཞན་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱ་དགོས། སྐབས་འདིར་གལ་ཆེ་ཤོས་ཤིག་ནི་སློབ་ཕྲུག་རྣམས་སྤོབས་པ་དང་ཆེ་མཐོང་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་ཐབས་བྱས་ཏེ། དགེ་རྒན་དང་། ཕ་མ། ཁྱིམ་ཚང། སློབ་གྲྭ༌བཅས་སྤྱི་ཚོགས་ཁྱོན་ཡོངས་ནས་ཕྲུ་གུའི་སེམས་ཚོར་དང་འཆར་སྣང་ལ་བརྩི་མཐོང་བྱེད་པའི་སྒོ་ནས་རྒྱབ་སྐྱོར་དང༌ལམ་སྟོན་ཡོང་ཐབས་བྱེད་དགོས།
གཞི་རིམ་གོང་མའི་སློབ་ཕྲུག་ལ་མཚོན་ན། ན་ཚོད་དང་བསམ་བློ་གང་ཅིའི་ཆ་ནས་བྱིས་པ་ནས་ན་གཞོན་གྱི་དུས་སྐབས་སུ་འཚར་ལོངས་བྱེད་བཞིན་པའི་བར་བརྒལ་གྱི་དུས་སྐབས་ཤིག་ཡིན་པས། ཁོང་ཚོའི་མོས་འདུན་དང༌། གཤིས་སྤྱོད། སྤྱི་ཚོགས་ཀྱི་འབྲེལ་ལམ་བཅས་ཐོག་དམིགས་བསལ་ཐུགས༌སྣང་དང་སློབ་སྟོན་བྱེད་དགོས།

༡་༣ གོ་ལ་གཅིག་གྱུར་གྱི་ཤུགས་རྐྱེན་ལ་གདོང་ལེན།

གོ་ལ་གཅིག་གྱུར་ཅན་ (Globalisation) གྱི་གོ་དོན་ཐད་ཤར་ནུབ་གཉིས་ལ་ལྟ་ཚུལ་མི་འདྲ་བ་ཡོད༌པ་ལས། ནུབ་ཕྱོགས་པས་གོ་ལ་གཅིག་གྱུར་ནི་འཛམ་གླིང་རང་བཞིན་གྱི་དཔལ་འབྱོར་དང། ཆབ་སྲིད། རིག་གནས། ཁོར་ཡུག་བཅས་འཛམ་གླིང་ཁྱོན་ཡོངས་སུ་གཅིག་གྱུར་གྱི་མིའི་སྤྱི་ཚོགས་ཤིག་བསྐྲུན་ཏེ། མ་རྩ་མཉམ་འཛུགས་དང་ཚོང་དོན་མཉམ་ལས་བྱས་ཏེ་གོ་ལ་རང་བཞིན་ཅན་གྱི་དཔལ་འབྱོར་སྒྲོམ་གཞི་ཞིག་བཟོ་རྒྱུ་མ་ཟད། རིག་གནས་ཐད་མཉམ་སྤེལ། ཆབ་སྲིད་ཐད་མཉམ་འབྲེལ། ཁོར་ཡུག་ཐད་མཉམ་ལས་བཅས་བྱ་རྒྱུ་བཅས་ཡིན། ཡིན་ནའང་ཤར་ཕྱོགས་པ་ཚོས། གོ་ལ་གཅིག་གྱུར་ནི་ནུབ་ཕྱོགས་པས་ཕྱིའི་རྒྱལ་ཁབ་ཀྱི་མ་རྩ་འགུགས་ཐབས་དང། རྒྱལ་སྤྱི་རིམ་པའི་བཙན་རྒྱལ་གྱི་སྟོབས་ཤུགས་བསྐྲུན་ཏེ་རྒྱལ་ཁབ་ཀྱི་བདག་དབང་དེ་རིམ་པ་གཉིས་པར་མར་འབེབས་ཐབས། ཐབས་བརྒྱ་ཇུས་སྟོང་གིས་རྒྱལ་ཁབ་གཞན་ལ་བཤུ་གཞོག་གཏོང་རྒྱུའི་ཆེད་དུ་ཡིན་པར་གླེང།
དེ་ལྟར་ཡང་གོ་ལ་གཅིག་གྱུར་གྱི་སྣང་ཚུལ་ནི་འཛམ་གླིང་གི་ས་ཁུལ་ཚང་མའི་ནང་ཆེ་ཆུང་ལ་མ་ལྟོས་པར་བྱུང་དང་འབྱུང་མུས་ཡིན་ཞིང། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ནའང་སྣང་ཚུལ་འདི་དངོས་ཤུགས་བརྒྱུད་གསུམ་ནས་ཁྱབ་གདལ་ཡོད་པ་ཞིག་རེད། དཔེར་ན། དེང་སྐབས་རང་རེའི་སྤྱི་ཚོགས་ཁྲོད་བོད་གཞས་ལས་ལྷག་པར་རྒྱ་གར་དང་ནུབ་ཕྱོགས་ཀྱི་གླུ་གཞས་ཉན་རྒྱུར་དགའ་བ༌དང་། བོད་སྐད་ལས་ཨིན་སྐད་བཤད་པར་མོས་པ། ཆོག་ཤེས་དང་བག་ཡོད་ཀྱི་འཚོ་བ་ལས་ལྡོག་སྟེ་འདོད་སྲེད༌དང་རྒྱས་སྤྲོས་བྱེད་པ། ཀུན་སྤྱོད་ཀྱི་མཐོ་ས་སྟེ་ཡ་རབས་བཟང་སྤྱོད་ལ་མི་སྙེག་པར་ཀུན་སྤྱོད་ཀྱི་ཆེས་དམན་ས་ཁྲིམས་སྒྲིག་དང་ཐོབ་ཐང་རྩོད་ལེན་བྱེད་པ། གཞན་ཕན་དང་ལྷག་བསམ་ལས་སྒེར་འཛིན་གྱི་ལྟ་བར་མོས་པ། རང་ཉིད་གསོ་སྐྱོང་གནང་མཁན་གྱི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཀུན་སློང་མེད་པར་ནུབ་ཕྱོགས་སུ་རང་མགོ་གང་ཐོན་བྱེད་པ་སོགས་བོད་ཀྱི་མི་རབས་གསར་པའི་བསམ་བློ་དང། དགའ་ཁ་འཁྱེར་ཕྱོགས། རིན་ཐང་གི་ལྟ་བ། མི་ཚེ་སྐྱེལ་སྟངས། སྤྱི་ཚོགས་དང་མི་སྒེར་ལ་ལྟ་བ་འཛིན་སྟངས། ཐ་ན་རྒྱུན་ལྡན་སྨྲ་བརྗོད་དང་གཤིས་སྤྱོད་ཚུན་གོ་ལ་གཅིག་གྱུར་ལས་བྱུང་བའི་དགག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཀྱིན་ཡོད།
དེར་བརྟེན། གོ་ལ་གཅིག་གྱུར་གྱི་རླུང་འཚུབ་ཁྲོད་ང་ཚོས་བོད་མིའི་ཐུན་མོང་མ་ཡིན་པའི་མི་ཚེ་དང་འཇིག་རྟེན་གྱི་ལྟ་གྲུབ་དང། མཛེས་དཔྱོད་འདུ་ཤེས༌ཀྱིས་གཙོས་པའི་ཕན་བདེའི་རྩ་བ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་དུས་མཚུངས། རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་མཚམས་མེད་པར་སྐྱེ་འགྲོ་སྤྱི་ལ་ཕན་པའི་དྲང་བདེན་དང། འདྲ་མཉམ། གཞི་རྩའི་ཐོབ་ཐང་སོགས་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་ལ་བརྩི་འཇོག་དང་ཉམས་ལེན་བྱ་དགོས་ལ། ཁྱད་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཞིན་བྱམས་བརྩེས་ཀུན་ནས་བསླངས་པའི་འཇིག་རྟེན་ཀུན་ཁྱབ་ཀྱི་འོས་འགན་ཕྲག་ཏུ་བཞེས་ནུས་པའི་མི་རབས་གསར་པ་གསོ་སྐྱོང་བྱ་དགོས།
གོ་ལ་གཅིག་གྱུར་ནི་དེང་རབས་སྤྱི་ཚོགས་ཀྱིི་སྣང་ཚུལ་གཙོ་བོ་ཞིག་ཡིན་ལ། མ་འོངས་པའི་འཕེལ་ཕྱོགས་ལྡོག་ཏུ་མེད་པ་ཞིག་ཀྱང་ཡིན༌གཤིས། དེར་སྒྲུབ་ཕྱོགས་དང་དགག་ཕྱོགས་གཉིས་ཀྱི་ཤུགས་རྐྱེན་ཡོད་པ་སྨོས་མ་དགོས། ང་ཚོས་གཞི་རིམ་སློབ་གྲྭའི་ཤེས་ཡོན་ལམ་ལུགས་བརྒྱུད་གོ་ལ་གཅིག་གྱུར་ལས་བྱུང་བའི་སྒྲུབ་ཕྱོགས་ཀྱི་གྲུབ་འབྲས་སྲུང་ཉར་དང། དགག་ཕྱོགས་ཀྱི་ཤུགས་རྐྱེན་ལ་གདོང་ལེན་བྱ་དགོས། དངོས་ཡོད་ལག་ལེན་ཁྲོད་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཁོ་ནར་རྗེས་འབྲང་བའི་ཚབ་ཏུ་འཇིག་རྟེན་ཡོངས་ཁྱབ་ཀྱི་འདུ་ཤེས་བསྐྲུན་རྒྱུ་གལ་ཆེར་འཛིན་པ་དང། གོ་ལ་གཅིག་གྱུར་རིང་ལུགས་དེ་ཡང་ཤེས་ཡོན་བརྒྱུད་སྤྱི་ཚོགས་ཀྱི་འབྲེལ་ལམ་བསྐྱར་མཐུད་ཀྱི་ལག་ཆར་སྤྱད་དེ། དགོས་མཁོ་དང་མཁོ་སྤྲོད། བསམ་བློ་དང་དངོས་པོ། འདོད་བསོད་དང་ངལ་དུབ་བཅས་ལས་མཐའ་གཅིག་ཏུ་མ་ལྷུང་བའི་བདེ་སྐྱིད་ལྡན་པའི་སྤྱིི་ཚོགས་ཤིག་འཛུགས་སྐྲུན་བྱ་རྒྱུ་དེ་བསླབ་གཞིའི་རྩ་འཛིན་གྱི་ལྟེ་བར་གཟུང་དགོས།
གོ་ལ་གཅིག་གྱུར་གྱི་ཁོར་ཡུག་ཁྲོད་བཙན་བྱོལ་བོད་མི་རྣམས་ལ་འཁྲི་བའི་དམིགས་བསལ་ལས་འགན་ནི། བྱེད་ཐབས་ཡོད་ཚད་སྤྱད་དེ་ཕན་བདེའི་འབྱུང་གནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་དང། ཕྱོགས་ཡོངས་ནས་བོད་མིའི་སྤྱི་ཚོགས་ཡར་རྒྱས་བརྟན་ཚུགས་ཡོང་ཐབས་དང༌། སློབ་མ་ཚོར་བོད་ཀྱི་སྐད་ཡིག་རིག་གནས་དང་རིན་ཐང་གི་ལྟ་བར་གོམས་འདྲིས་དང་ཆབས་ཅིག་དེང་རབས་རིག་གནས་ཀྱི་ཤེས་ཡོན་འཇགས་ཐབས། མདོར་ན་གོ་ལ་གཅིག་གྱུར་དེ་རང་གི་རིག་གཞུང་དང་མི་རིགས་ཀྱི་འདུ་ཤེས་རྩ་བརླག་ཏུ་འགྲོ་བའི་རྒྱུ་རྐྱེན་དུ་མི་གཏོང་བར། རང་དོན་རང་གཅེས་དང། རང་ནུས་རང་སྤེལ། རང་འགུལ་རང་གཅུན་གྱི་སྒོ་ནས་ཕྱིའི་རིག་གནས་ནང་འདྲེན་དང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་བརྒྱུད་རིམ་མམ་གོ་སྐབས་སུ་བེད་སྤྱོད་ཐུབ་པ་བྱ་དགོས།

༡་༤ ཁོར་ཡུག་སྲུང་སྐྱོབ།

ཁོར་ཡུག་སྲུང་སྐྱོབ་ཟེར་བའི་གོ་དོན་དང་ཐ་སྙད་བྱུང་ནས་དུས་ཡུན་རིང་པོ་འགོར་མེད་ཀྱང། དེང་སྐབས་དེ་ནི་འཛམ་གླིང་གང་སར་ཐུགས་སྣང་དང་བློ་འཚབ་བྱ་ཡུལ་གལ་ཆེན་ཞིག་དང་། གཞི་རིམ་སློབ་གྲྭའི་བསླབ་གཞིའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར། དོན་དངོས་ཐོག་རང་རེའི་བོད་ལ་གནའ་སྔ་མོ་ཞིག་ནས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལྟ་ཚུལ་དང་གོམས་གཤིས་ཐུན་མོང་མ་ཡིན་པ་ཞིག་ཡོད༌པ་དེར། དུས་རབས་བདུན་པའི་ནང་ནང་ཆོས་དར་ཁྱབ་བྱུང་བ་ལ་བརྟེན་ནས་མི་དང་རང་ཉིད་འཚོ་སྡོད་བྱ་ཡུལ་རང་བྱུང་ཁམས་དབར་གྱི་གཞི་རྩའི་འབྲེལ་བར་མཐོང་ཆེན་གྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལྟ་གྲུབ་འཐུས་ཚང་དུ་གྱུར་ཡོད།
འོན་ཀྱང། ཡིད་ཕངས་པ་ཞིག་ལ། དུས་འགྱུར་དང་གོ་ལ་གཅིག་གྱུར༌གྱི་ཤུགས་རྐྱེན་འོག་བོད་ཀྱི་སྲོལ་རྒྱུན་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཉམས་རྒུད་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་དང། ཤེས་ཡོན་ཚོང་ལས་ཅན་དང། དཔལ་འབྱོར་ཚོང་རྭ་ཅན་གྱི་སྤྱི་ཚོགས་ཁྲོད། བག་མེད་ལོངས་སྤྱོད་དང་ཕངས་མེད་རྒྱས་སྤྲོས་ཀྱི༌གོམས་གཤིས་ཁྱབ་གདལ་འགྲོ་བཞིན་པ་འདི་དག་མིའི་བསམ་སྤྱོད་འགྱུར་བ་བྱུང་བའི་མཇུག་འབྲས་ཤིག་ཡིན།
དེར་བརྟེན། སློབ་ཕྲུག་རྣམས་ཆུང་དུས་ནས་ཁོར་ཡུག་སྲུང་སྐྱོབ་ཐོག་གོ་རྟོགས་དང༌འདུ་ཤེས་ཡར་རྒྱས་གཏོང་རྒྱུ་དེ་ཡང་བསླབ་གཞིའི་རྩ་འཛིན་གྱི་གཞི་རྩའི་ལས་འགན་ཞིག་ཡིན། ཉེ་བའི་དུས་རབས་ནང་འཛམ་གླིང་ཁྱོན་ཡོངས་ཀྱི་ཁོར་ཡུག་ཉམས་ཆག་ཕྱིན་པར་བརྟེན། གནམ་གཤིས་འགྱུར་ལྡོག་དང་རང་བྱུང་གནོད་འཚེ་སོགས་དཀའ་ངལ་ཇེ་མང་དུ་སོང་སྟེ། ཐ་ན་སྐྱེ་འགྲོ་ཀུན་གྱི་རྟེན་གཞི་སའི་གོ་ལ་འདི་ཉིད་ཀྱང་ཆགས་འཇིག་གི་མཚམས་ལ་སྐྱེལ་བཞིན་པ་བཅས་ཧ་ཅང་ཉེན་ཚབས་ཅན་གྱི་གནས་སྟངས་སུ་གྱུར་ཡོད་སྟབས། སློབ་ཕྲུག་ཚོས་འཛམ་གླིང་གི་ཁོར་ཡུག་སྤྱི་དང། ཁྱད་པར་བོད་ཀྱི་ཁོར་ཡུག་གི་གནས་སྟངས་དང་དེ་སྲུང་སྐྱོབ་བྱེད་ཕྱོགས་ཐད་གོ་རྟོགས་དང། སེམས་ཚོར། འགན་ཁུར་གྱི་འདུ་ཤེས་བཅོས་མིན་ཞིག་སླེབས་ཐབས་བྱ་རྒྱུ་ནི། བོད་མིའི་མི་རབས་གསར་པའི་གཡོལ་དུ་མེད་པའི་ལས་འགན་ཡིན་པས། སྙིང་སྟོབས་ལྡན་པའི་སྒོ་ནས་དོ་ཁུར་བྱ་དགོས།

༡་༥ བཟང་སྤྱོད་ཀྱི་ཤེས་ཡོན་དང་ནང་སེམས་ཀྱི་ཡར་རྒྱས།

འགྲོ་བ་མི་དང་དུད་འགྲོའི་ཁྱད་པར་ཆེ་ཤོས་ནི། ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་དེ་ཡིན། ཤེས་རབ་མེད་ན་འགྲོ་བ་མི་ཐོན་སྐྱེད་དང་ངལ་རྩོལ་ལ་འཇུག་མི་ནུས༌ལ། དོ་ཟླ་བྲལ་བའི་བསམ་བློ་དང་དངོས་པོའི་དཔལ་ཡོན་དག་ཀྱང་གསར་སྐྲུན་མི་ཐུབ།
དེར་བརྟེན། ཡར་རྒྱས་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་དགོས་ན། ང་ཚོས་འགྲོ་བ་མིའི་ཀུན་ཁྱབ་ཀྱི་བཟང་སྤྱོད་ཀྱི་ཡོན་ཏན་ལ་བརྩི་མཐོང་དང་ཉམས་ལེན་བྱ་དགོས་མ་ཟད། མི་རིགས་དང་ཆོས་ལུགས། ལྟ་གྲུབ་སོ་སོའི་ཐུན་མོང་མ་ཡིན་པའི་བཟང་པོའི་ཡོན་ཏན་རྒྱུན་འཛིན་དང་དར་སྤེལ་བྱ་དགོས། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་འགྲོ་བ་མིའི་རིགས་ལ་བསམ་སྤྱོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་བྱུང༌ནའང་། དེང་གོ་ལ་གཅིག་གྱུར་དང་ཁྲོམ་ར་ཅན་གྱི་སྤྱི་ཚོགས་ཁོར་ཡུག་ཁྲོད་གནའ་བོའི་ཤུལ་བཞག་རིག་གནས་དེ་དག་ཉམས་རྒུད་ཤུགས་ཆེར་འབྱུང་བཞིན་ཡོད་པ་དང། འགྲན་རྩོད་དང། དྲག་ཤུགས། འདོད་བསོད་གཞིར་བཞག་པའི་སྤྱི་ཚོགས་ཀྱི་ལམ་ལུགས་འོག་དར་སྤེལ་དང་ཉམས་ལེན་ཚུལ་བཞིན་དུ་བྱ་དཀའ་བའི་གནས་སུ་གྱུར་ཡོད།
འགྲོ་བ་མིའི་ནང་སེམས་ཀྱི་ཡར་རྒྱས་ཐད། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་བླ་ན་མེད་པ་སྩལ་པ་བཞིན། བསླབ་གཞིའི་རྩ་འཛིན་དང་ཤེས་ཡོན་སྤྱིའི་ལག་ལེན་ཁྲོད༌མེད་ཐབས་མེད་པ་ཞིག་ཀྱང་ཡིན། གཞི་རིམ་སློབ་གྲྭའི་ནང་སློབ་ཕྲུག་གི་འདུ་ཤེས་དང། ཚོར་བ། བསམ་གཞིགས། བྱ་སྤྱོད་ཁྲོད་ཕན་བདེ་གཞི་རྩར་གྱུར་པའི་བཟང་པོའི་ཡོན་ཏན་ཡར་རྒྱས་འབྱུང་ཆེད། བྱམས་སྙིང་རྗེ་དང། མཛའ་བརྩེ། དྲང་བདེན། གཞན་ཕན། ལྷག་བསམ་བཅས་ཀྱི་རིན་ཐང་གོང་སྤེལ་དང། སློབ་ཕྲུག་རྣམས་ཁྲེལ་ཡོད་ཅིང་ངོ་ཚ་ཤེས་པ། བྱས་པ་དྲིན་དུ་གཟོ་བ་ཞིག་ཡོང་ཐབས་བྱ་དགོས། དེར་བརྟེན། བསླབ་གཞིའི་རྩ་འཛིན་ཡང་དེ་དག་ལ་དམིིགས་ཏེ་མིའི་སྤུས་ཚད་དང་རྣམ་དཔྱོད་ཕུལ་བྱུང་དུ་སོན་ཐབས་སུ་འཆར་འགོད་བྱ་ཐུབ་ཚེ། སློབ་མ་ཚོའི་བསླབ་པ་མཐར་སོན་པ་དང། མི་ཚེ་དོན་ལྡན་དུ་འགྱུར་བའི་གཞི་རྟེན་དུ་འགྱུར་ངེས་ཡིན།

༡་༦ མཛེས་དཔྱོད་ཀྱི་འདུ་ཤེས་གོང་སྤེལ།

རང་གི་ཉམས་མྱོང་དང༌། འཆར་སྒོ། གསར་གཏོད། རྗེས་དཔག་སོགས་ནི་བསམ་པ་དང༌། དྲན་པ། དཔྱོད་ཤེས་ཀྱི་ནུས་པ་གོང་འཕེལ་ཡོང་བར་འབྲེལ་བ་དམ་ཟབ་ཡོད། མཛེས་དཔྱོད་ཀྱི་འདུ་ཤེས་ (Aesthetic Sense ) ནི་ཁ་དོག་དང། དབྱིབས། སྒྲ། ངག་གི་སྒྱུ་རྩལ་བཅས་སུ་དབྱེ་ཆོག། ཁ་དོག་ཐད་མཛེས་དཔྱོད་ཀྱི་འདུ་ཤེས་ནི། རི་མོ་དང། ཅ་དངོས། མེ་ཏོག་སོགས་ཀྱི་ཁ་དོག་གི་སྡེབ་སྦྱོར་དང་མདངས་རིས་མངོན་ཚུལ་ལས་མཛེས་པ་མྱོང་ཚུལ་དང། དབྱིབས་ནི་འཛུགས་སྐྲུན་དང་ཐོན་རྫས། གྱོན་ཆས་སོགས་ཀྱི་བཟོ་ལྟ་དང། རི་བོའི་གཟི་ཉམས། མིའི་གཟུགས་བྱད་སོགས་ཀྱི་དབྱིབས་ལ་མཛེས་པ་མྱོང་ཚུལ། སྒྲ་ནི་གླུ་གཞས་དང་། བྱ་བྱེའུ་དང་རང་བྱུང་ཆུ་སྒྲ་སོགས་སྒྲ་སྐད་སྙན་མོ་ལས་མཛེས་པ་མྱོང་ཚུལ། ངག་གི་སྒྱུ་རྩལ་ནི་གཏམ་བརྗོད་དང། གཏམ་བཤད། ལེགས་བཤད། སྙན་ངག་ལ་སོགས་པའི་ངག་རིག་གི་སྒྱུ་རྩལ་ལས་མཛེས་པ་མྱོང་ཚུལ་བཅས་མདོར་ན་དབང་པོ་ལྔའི་མཛེས་པ་མྱོང་ཚུལ་ཡོངས་ལ་གོ་ཆོག།
མཛེས་དཔྱོད་ཀྱིས་སློབ་ཕྲུག་གི་འཆར་ཡན༌དང། ཚོར་ཤེས། ཉམས་མྱོང། གསར་གཏོད། རྗེས་དཔག་གི་ནུས་པ་བཅས་གོང་འཕེལ་གཏོང་བས་ན། མཛེས་དཔྱོད་དང་འབྲེལ་བའི་སློབ་སྦྱོང་ཡང་སློབ་ཚན་གཞན་དང་གལ་གནད་འདྲ་མཚུངས་སུ་བརྩིས་ཏེ་དོ་སྣང་བྱེད་དགོས༌པ་མ་ཟད། སློབ་ཚན་ཚང་མའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་སློབ་སྟོན་དང་དོ་སྣང་བྱ་དགོས། ལྷག་པར་བོད་མིའི་སྲོལ་རྒྱུན་གྱི་མཛེས་པ་མྱོང་ཚུལ་ནི་བོད་མིའི་སྲོལ་རྒྱུན་གྱི་ཆས་གོས་དང། གླུ་གཞས། རི་མོ། རྩོམ་རིག་སོགས་ལས་འབྱུང་བས་ན། དེ་འབྲེལ་གྱི་སློབ་ཁྲིད་དང། སློབ་སྦྱོང་། ལྟ་ཞིབ། ལྟ་སྐོར། བགྲོ་གླེང། དཔེ་ཀློག་སོགས་ཀྱི་བྱེད་སྒོ་ཁག་བརྒྱུད་གོང་འཕེལ་ཡོང་ཐབས་བྱ་དགོས་པ་མ་ཟད། དེང་རབས་ཀྱི་མཛེས་དཔྱོད་རིག་པའི་སྙིང་དོན་ཁག་སློབ་སྤེལ་བྱས་ཏེ་སློབ་མའི་མྱོང་ཚོར་དང་གོ་རྟོགས་གསར་པ་སད་སྨིན་འབྱུང་བའི་མཐུན་རྐྱེན་དུ་འགྱུར་བར་བྱ་དགོས།

༡་༧ བསླབ་གཞིའི་རྩ་འཛིན་དང་དགེ་རྒན་གྱི་ལས་འགན།

ཤེས་ཡོན་སྲིད་བྱུས་ནང་གསལ་ལྟར་ཤེས་ཡོན་གྱི་ལམ་སྲོལ་ནང་དགེ་རྒན་དབུས་བཞག་གིས་བསླབ་གཞིའི་ནང་དོན་དང་། འཆར་གཞི། ཐབས་ལམ་གཏན་འབེབས་གནང་དགོས་པ་དང། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་སློབ་ཕྲུག་དབུས་བཞག་གི་ལམ་ནས་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་བཏང་སྟེ། ཤེས་ཡོན་བརྒྱུད་སྤྲོད་ཀྱི་བརྒྱུད་རིམ་དེ་སྤྲོ་སྣང་དང་བློ་སྤོབས་སྐྱེད་བྱེད་དུ་འགྱུར་བར་ཤུགས་སྣོན་སྤྲོད་སླད། བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ལས་རིམ་ཁྲོད་འབྲེལ་ཡོད་དགེ་རྒན་མཉམ་ཞུགས་བྱ་རྒྱུ་དགོས་གལ་ཧ་ཅང་ཆེ་བར༌བརྟེན། བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་གི་གྲུབ་ཆ་གཙོ་བོ་གཞི་རིམ་སློབ་སྟོན་གྱི་ཉམས་མྱོང་ལྡན་པའི་དགེ་རྒན་ཡིན༌དགོས། བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ལས་རིམ་ཁྲོད་དགེ་རྒན་གྱི་མཉམ་ཞུགས་བྱུང་བ་དེས། དགེ་རྒན་ལ་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་མདུན་ལམ་བཟོ་སྐྲུན་ཐད་འགན་དབང་ཆེན་པོ་ཞིག་བསྐུར་བ་དང་ཆབས་ཅིག བསླབ་གཞི་འཆར་འགོད་དང་ལག་བསྟར་བྱེད་པོ་གཙོ་བོ་ཡིན་པའི་ཚོར་བ་བསྐྲུན་པ་ལ་བརྟེན་ནས༌སློབ་ཁྲིད་ཀྱི་ཕན་ནུས་གོང་མཐོར་གཏོང་དགོས་པའི་རེ་འདུན་ནན་པོ་བཏོན་ཡོད།
དེར་བརྟེན། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭའི་དགེ་རྒན་ཞིག་ཡིན་ཕྱིན། དགེ་རྒན་གྱི་ལས་སྒོར་ཞུགས་པའི་སྔ་རྗེས་གང་རུང་དུ་གཞི་རིམ་ཤེས་ཡོན་སྲིད་བྱུས་དང། བསླབ་གཞིའི་རྩ་འཛིན་གྱི་འབྲུ་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད་རང་ཉིད་ཀྱི་གོ་རྟོགས་གོང་སྤེལ་གཏོང་དགོས་ལ། དགེ་རྒན་གྱི་ཕྱག་ལས་གནང་ཡུན་རིང་མུ་མཐུད་སློབ་སྦྱོང་དང། ཕྱོགས་བསྡོམས། ཉམས་ཞིབ༌ཀྱི་ལས་ལ་ཞུགས་ནས་རང་ཉིད་ཀྱི་ཆེད་ལས་ཤེས་ཚད་ཡར་རྒྱས་གཏོང་བ་དང་ཆབས་ཅིག བྱམས་བརྩེས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་སྤྱོད་པ་དང། ཤེས་རབ་དང་། བརྩོན་འགྲུས། བཟོད་པ་སོགས་སྲོལ་རྒྱུན་གྱི་བཟང་པོའི་ཡོན་ཏན་གོང་མཐོར་བཏང་སྟེ་སློབ་ཕྲུག་གི་ཁ་མིག་ཡར་བལྟ་བྱ་ཡུལ་དང། ཡིད་ཆེས་བློ་གཏོད་བྱ་ཡུལ་ཞིག་ཏུ་འགྱུར་བར་བྱ་དགོས།

༡་༨ རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང།

ཉེ་བའི་དུས་རབས་གཅིག་ལྷག་གི་རིང་དང། ཁྱད་པར་དུས་རབས་ཉེར་གཅིག་པའི་ནང་ཚན་རིག་ལག་རྩལ་གྱིས་གཙོས༌པའི་རིག་གནས་ཀྱི་དབྱེ་བ་ཞིབ་ཅིང་ཕྲ་བ། ཟབ་ཅིང་ཡངས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང། བརྡ་འཕྲིན་དང་ཤེས་བྱའི་རྣམ་གྲངས་ཉིན་བཞིན་ལྡབ་འཕར། དཔལ་འབྱོར་ཁྲོམ་ར་ཅན་དང་གོ་ལ་གཅིག་གྱུར་གྱི་ཤུགས་རྐྱེན་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ལས་རིགས་གང་ཡིན་ཡང་འགྲན་རྩོད་ཆེ་བའི་གནས་སྟངས་འོག ཤེས་བྱའི་གནས་གང་ཡིན་ཡང་རགས་པ་སྤྱི་ཁོག་ཙམ་གྱིས་ཅི་ཡང་མི་འོང་བས། ལས་རིགས་དང་སློབ་སྦྱོང་གང་ཡིན་ཡང་སྦྱངས་པ་མཐར་ཕྱིན་པ་ཞིག་མེད་ཐབས་བྲལ་ཞིང། རང་རེ་བོད་འདི་མི་འབོར་ཉུང་ཞིང་བདེན་དོན་འཐབ་རྩོད་ཀྱི་ལས་འགན་ཆེས་ལྗིད་པས། རིགས་གཅིག་རྐང་འཛིན་གྱི་ལས་རིགས་ནང་ཕུལ་དུ་བྱུང་བའི་བོད་མི་གྲངས་འབོར་མི་ཉུང་བ་ཞིག་དགོས་ངེས་ཡིན། དེ་ལྟར་ཡོང་བ་ལ༌སློབ་ཕྲུག་རྣམས་ལོ་ན་གཞོན་དུས་ནས་སློབ་སྦྱོང་དང་མཐུན་རྐྱེན་འདང་ངེས་སྤྲད་དེ་མ་འོངས་པར་རིགས་གཅིག་རྐང་འཛིན་གྱི་ལམ་དུ་ཞུགས་པའི་ཀུན་སློང་བརྟན་པོ་འཛུགས་ཐབས་བྱ་རྒྱུ་གལ་འགངས་ཧ་ཅང་ཆེའོ། །
དེར་བརྟེན། གཞི་རིམ་སློབ་གྲྭའི་བསླབ་གཞིའི་ནང་བོད་ཕྲུག་རྣམས་འབྱུང་འགྱུར་རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་ཅན་དུ་འགྱུར་བའི་དམིགས་ཡུལ་དམ་འཛིན་བྱས་ཏེ། སློབ་ཕྲུག་གི་འདོད་མོས་དང་གཤིས་རྒྱུད། དགའ་ཁ་འཁྱེར་ཕྱོགས། ཁོར་ཡུག་གི་མཐུན་རྐྱེན། སྦྱངས་འབྲས༌སོགས་གང་ཅིའི་ཐད་རྟོག་ཞིབ་བྱས་ཏེ། སྦྱང་བྱའི་སློབ་ཚན་ཙམ་ལ་ཡིད་མི་ཚིམ་པར་བསླབ་གཞིར་ཟབ་འཇུག་གི་གོ་སྐབས་དང་མཐུན་རྐྱེན་བསྐྲུན་དགོས་པ་མ་ཟད། དེའི་ཐད་ཁྱིམ་ཚང་དང། དགེ་ལས། མཛའ་གྲོགས་སོགས་ཕྱོགས་ཡོངས་ནས་གཞོགས་འདེགས་ཡོང་ཐབས་དང། ཁྱད་པར་ཆེད་ལས་མདུན་ལམ་སློབ་སྟོན་པར་གནས་ཚུལ་ཞིབ་ཕྲ་སྙན་སེང་གིས་ལམ་སྟོན་དང་སྐུལ་འདེད་འདང་ངེས་བྱ་བ་བཅས། གཞི་རིམ་གོང་མའི་སློབ་ཕྲུག་ཚོར་རིགས་གཅིག་རྐང་འཛིན་ལ་ཞུགས་པའི་རྨང་གཞིའི་ཆ་རྐྱེན་བསྐྲུན་ཐབས་བྱ་དགོས།
སྐབས་འདིར་བརྗོད་པའི་རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་ཅན་དེ་དེང་སྐབས་ནུབ་ཕྱོགས་སུ་དར་ཁྱབ་ཆེ་བའི་མོས་པ་དང་སྲེད་པ་ཁོ་ནའི་རྗེས་འབྲང་བྱ་རྒྱུ་དེ་མ་ཡིན་པར། རྗེ་ས་པཎ་གྱིས། མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན། །ཞེས་ངེས་པ་དོན་གྱི་མཁས་པ་ནི། ཤེས་བྱ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤེས་པ་ཞིག་ལ་ངོས་འཛིན་གནང་འདུག་པ་ལྟར། ཤེས་ཡོན་སློབ་སྦྱོང་གི་མཐར་ཐུག་དམིགས་ཡུལ་དང་ཚད་གཞི་གསལ་འདོན་གནང་ཡོད། འོན་ཀྱང། རིག་པའི་གནས་བྱེ་བྲག་གང་བསླབས་ནས་ཤེས་པ་ལའང་དེ་ཉིད་ལ་མཁས་པ་ཞེས་སྤྱིར་མཁས་པ་ཞེས་པ་དེ་མ་མཐའ་ཡང་རིག་པའི་གནས་བྱེ་བྲག་པ་གཅིག་ལ་མཁས་པ་ཞིག་དགོས་ནའང་། དེང་སྐབས་རིག་གནས་གནས་བྱེ་བྲག་གཅིག་ལ་ལྟ་ཅི། དེའི་ནང་ཚན་གྱི་ནང་ཚན་ཏེ། གནད་དོན་བྱེ་བྲག་པ་གཅིག་ཐོག་དམིགས་བསལ་ཞིབ་འཇུག་མཐར་སོན་མཁན་རིགས་ལ་རིགས་གཅིག་རྐང་འཛིན་པར་ངོས་འཛིན་བྱེད་པའི་ལམ་སྲོལ་བྱུང་བའི་འབྱུང་རྩ་ནི། འགྲོ་བ་མིའི་སྤྱི་ཚོགས་གྲུབ་ཆ་དང་འབྲེལ་ལམ་ཉིན་བཞིན་རྙོག་འཛིང་ཅན་དུ་འགྱུར་བ་དང་ཆབས་ཅིག ཤེས་ཡོན་དང་ལས་རིགས། ཁྲོམ་ར། ཚོང་ལས་བཅས་གཞི་གཅིག་ཏུ་བསྡུས་པའི་རྒྱུ་རྐྱེན་ལ་ཐུག་པར་སེམས། བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་སློབ་གཉེར་གྱི་ལམ་སྲོལ་ལྟར་ན། ཐོག་མར་རིག་པའི་གནས་ལ་འཇུག་མཁན་གྱི་སློབ་མ་རང་ངོས་ནས་བློ་སྦྱངས་པའམ་སློབ་སྦྱོང་གི་ཆོད་སེམས་བརྟན་པོ༌འཛུགས་པ། དེ་ནས་རྒྱུ་དངོས་དང་ལུས་སེམས་ཀྱི་གནས་སྟངས་ལ་གཞིགས་པའི་བསླབ་པའི་རིམ་པ་གཏན་འཁེལ་བ། བསྟེན་བྱ་བླ་མའི་ཡོན་ཏན། འབྲས་བུ་གང་གི་ཕྱིར་དུ་བསྔོ་མིན་སོགས་སློབ་སྦྱོང་གི་གཞི་རྩའི་ཀུན་སློང་དང་། དགོས་དམིགས། ལས་རིམ་བཅས་གཏན་ལ་འབེབས་པའི་རིམ་པ༌ཚང་ལ་མ་ནོར་བ་ཞིག་ཡོད་པའི་ཐོག རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། ། ཞེས་ཤེས་ཡོན་སློབ་སྦྱོང་ནི་མི་ཚེའི་བརྒྱུད་རིམ་ཧྲིལ་པོ་དང་གཞི་གཅིག་ཏུ་གྲུབ་པའི་ལྟ་ཚུལ་འཛིན་པ་ཡིན་གཤིས། ཤེས་བྱ་རིག་པའི་གནས་བྱེ་བྲག་པའི་ཐོག་རིགས་གཅིག་རྐང་འཛིན་གྱིས་གཞོལ་བ་དང་ཆབས་ཅིག མི་ཚེ་དང་འཚོ་བའི་གནས་ཚུལ་དང་འབྲེལ་བའི་ཕྱོགས་ཡོངས་ཀྱི་ཤེས་ཡོན་འབྱོར་བར་བྱས་ཏེ། རང་རྒྱུད་ཀྱི་ཡོན་ཏན་གོང་འཕེལ་འགྲོ་བ་དང་སེམས་ཅན་གྱི་དོན་རྒྱ་ཆེར་བསྒྲུབ་པའི་དམིགས་ཡུལ་རྒྱ་གང་ཆེ་ཞིག་འཛུགས་པ་ཡིན།
དེར་བརྟེན། བོད་མིའི་རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་སློབ་སྦྱོང་དེ་ནི་མོས་པ་ཁོ་ནའི་རྗེས་སུ་འབྲང་རྒྱུ་ཡང་མ་ཡིན་པར། དགོས་ངེས་ཀྱི་རྨང་གཞིའི་ཤེས་ཡོན་སྲ་བརྟན་དང་། ཤེས་ནུས་སྣ་འཛོམས༌བསྐྲུན་ཏེ། ཁྱད་ལས་ཀྱི་ཤེས་ཡོན་ཕུལ་བྱུང་ཐོག ཤེས་བྱའི་གནས་སྤྱི་ལའང་གོ་རྟོགས་དང་ལག་ལེན་གྱི་ནུས་པ་ངེས་ཅན་ལྡན་པ༌ཞིག་བསྐྱེད་བསྲིང་བྱ་རྒྱུ་དེ་ཡིན།
རིགས་གཅིག་རྐང་འཛིན་པ་གང་མང་གསོ་སྐྱོང་བྱ་བའི་ལས་འགན་དེ་བསླབ་གཞིའི་རྩ་འཛིན་གྱིས་ཇི་ལྟར་བསྒྲུབ་ཕྱོགས་ཐད། གཞི་རིམ་གོང་མའི་བསླབ་གཞིའི་ནང་དོན་ལ་འཆད་ཉན་བྱས་པ་ཙམ་མ་ཡིན་པར། སྦྱང་བྱའི་དོན་ལ་བསམ་པའི་ཤེས་རབ་འཕེལ་ཐབས་སུ་ལྟ་ཞིབ་དང། བགྲོ་གླེང་། གོ་བསྡུར། རྩོད་སྒྲུབ༌སོགས་ཀྱི་བྱེད་སྒོ༌ལ་བརྟེན་ནས་སློབ་མའི་དཔྱད་ཞིབ་དང་བླང་དོར་གྱི་ནུས་པ་དང། ངག་རྩལ། བློ་སྟོབས། གསར་གཏོད་ཀྱི་ནུས་པ་སོགས་གོང་མཐོར་བཏང་སྟེ། སྤུས་ཚད་སློབ་གསོ་གཙོ་བོར་འཛིན་པ་ལས། སློབ་ཚན་ཤེས་པ་ཙམ་དང། ཡིག་རྒྱུགས་འཕྲོད་པ་ཙམ༌ལ་ཆོག་ཤེས་དང་དོན་གཉེར་བྱེད་མི་རུང། དེ་ལྟར་ཐོས་བསམ་སྒོམ་གསུམ་གྱི་བརྒྱུད་རིམ་ལ་བརྟེན་ནས་སློབ་མ་རྣམས་ལ་ཤེས་ཡོན་དང་འབྲེལ་བའི་བསམ་བློའི་འདུ་ཤེས་དང་། ལྟ་བ། མི་ཚེདང་འཇིག་རྟེན་གྱི་ལྟ་བ་བཅས་རྒྱུད་འཇགས་ཡོང་ཐབས་བྱ་དགོས།

༡་༩ སྤྱི་ཁྱབ་སློབ་སྟོན་དང་བྱེ་བྲག་ལམ་སྟོན།

སློབ་ཕྲུག་ཚང་མ་རིགས་གཅིག་རྐང་འཛིན་པ་ཡོང་དཀའ་བར་བརྟེན། བསླབ་གཞིའི་རྩ་འཛིན་བཟོ་འགོད་སྐབས། སྦྱང་གཞིའི་སློབ་ཚན་རྣམས་སྤྱི་ཁྱབ་དང་ཆེད་དམིགས་གཉིས་ཀྱི་ཁྱད་ཆོས་ཟུང་འབྲེལ་འོས་འཚམས་བྱས་ཏེ་གཞི་རིམ་ཤེས་ཡོན་གྱི་རྨང་གཞི་དང་གཙོ་གནད་མཁོ་སྤྲོད་ཐུབ་པ་བྱ་དགོས།
བསླབ་གཞིའི་ནང་དོན་དང་རྣམ་གྲངས་འདེམས་སྒྲུག་དང་གོ་སྒྲིག་བྱེད་སྐབས། དུས་ཐུང་ནང་བེད་མེད་དུ་འགྲོ་བའི་རིགས་དང་སློབ་ཕྲུག་གི་སྤྱི་ཚོགས་ཁོར་ཡུག་དང་འབྲེལ་བ་དེ་ཙམ་མེད་པའི་རིགས་ལ་དུས་ཚོད་མང་པོ་གཏོང་བ་ལས་ལྡོག་སྟེ། སྤྱི་ཡོངས་དང་གཙོ་གནད་ལ་དམིགས་བསལ་ཐུགས་སྣང་བྱེད་དགོས། སྦྱང་བྱའི་གཙོ་གནད༌ངོས་འཛིན༌དང། ཐབས་ལམ་བློ་ངེས། ལག་ལེན་དངོས་ལ་བརྟེན་ནས་དྲི་བར་ལན་འདེབས་དང་གོ་བསྡུར། བགྲོ་གླེང། བརྟག་ཞིབ་ལ་བརྟེན་ནས་མཇུག་འབྲས་ཕྱོགས་བསྡོམས་བྱེད་པ་སོགས་བསླབ་གཞིའི་གཙོ་གནད་དང་སྦྱོང་སྟངས་ཀྱི་ཐབས་ལམ། ཉེར་མཁོའི་ལག་ཆ་སྤྱོད་ཚུལ་བཅས་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཞན་ནས་བཤད་ན། གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་ནང་ཤེས་བྱའི་རྣམ་གྲངས་གཙོ་བོར་མི་འཛིན་པར། ཤེས་ཡོན་སྦྱོང་སྟངས་ཀྱི་ཐབས་ལམ་དང་ལག་ལེན་གྱི་ནུས་པ་གཙོ་བོར་བཟུང་སྟེ། སློབ་ཕྲུག་ཡོངས་ལ་ཤེས་ཡོན་ལ་ངོས་འཛིན་ཡང་དག་ཡོང་ཐབས་དང། ཤེས་ཡོན་དང་ཤེས་ཡོན་ཅན་ལ་བརྩི་བཀུར། རང་སྟོབས་ཀྱིས་ཤེས་ཡོན་སྒྲུབ་པའིི་གོམས་གཤིས་རྒྱུད་འཇགས་ཡོང་ཐབས་བཅས༌ནི། སློབ་ཕྲུག་སྤྱི་ཁྱབ་ལ་མཁོ་བའི་ཤེས་ཡོན་ཡིན་གཤིས་དགེ་རྒན་གྱིས་ངེས་པར་དུ་རྨང་གཞིའི་ཤེས་བྱ་དང། གཞི་རྩའི་སྤུས་ཚད། སྤྱོད་ཁྱབ་ཆེ་བའི་ནུས་རྩལ། རྒྱུན་མཁོའི་ཤེས་ཡོན། ཕྲུ་གུའི་འཚོ་བ་དང་ཁོར་ཡུག་ལ་འབྲེལ་ཆེ་བའི་ཤེས་ཡོན་རིགས་བཅས་གཙོ་གནད་དུ་བཟུང་ནས་སློབ་སྟོན་བྱ་དགོས།
བསླབ་གཞིའི་རྩ་འཛིན་གྱིས་སློབ་ཕྲུག་བྱིངས་ལ་སྤྱི་སྙོམས་ཡར་རྒྱས་ཡོང་བར་བྱེད་པ་དང་ཆབས་ཅིག དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་གི་ཁམས་དང། མོས་པ། རིག་སྟོབས༌མི་འདྲ་བར་དམིགས་ཏེ་དགེ་རྒན་ལ་བསླབ་གཞིའི་ནང་དོན་དང། བྱེད་ཐབས༌མཁོ་སྤྲོད་བྱ་དགོས། དེ་ལྟ་བུའི་བསླབ་གཞི་ལག་བསྟར་སྐབས་དགེ་རྒན་ཁོ་ན་མ་ཡིན་པར་ཁྱིམ་ཚང་དང། གྲོགས༌གཉེན། སློབ་གྲྭའི་དགེ་ལས། མདུན་ལམ་སློབ་སྟོན་པ༌སོགས་འབྲེལ་ཡོད་ཚང་མའི་བྱེད་ནུས་འདོན་སྤེལ་གྱིས་སློབ་མའི་དམིགས་བསལ་གྱི་དགོས་མཁོ་ངོས་འཛིན་གསལ་པོ་ཡོང་ཐབས་དང༌། སློབ་སྟོན་དང་མཐུན་འགྱུར་བྱེད་ཐབས་ངོ་སྤྲོད། ལག་བསྟར་གྱི་བརྒྱུད་རིམ་ལ་རྒྱུན་མཐུད་རྟོག་ཞིབ། ལས་དོན་མཇུག་འབྲས་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས་བཅས་ཀྱི་གོ་རིམ་ཡོངས་ལ་ཤུགས་སྣོན་གྱིས་སློབ་ཕྲུག་བྱེ་བྲག་པར་ཆེད་དུ་དམིགས་པའི་དམིགས་བསལ་ལམ་སྟོན་གྱི་ཐབས་བྱུས་ལག་བསྟར་བྱ་བའི་ཆ་རྐྱེན་བསྐྲུན་ཐབས་བྱ་དགོས།
མདོར་ན། གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་ལག་བསྟར་ཁྲོད། སློབ་ཕྲུག་ཡོངས་ལ་སྤྱི་སྙོམས་ཀྱི་སྒོ་ནས་རྨང་གཞིའི་ཤེས་ཡོན་མཁོ་སྤྲོད་བྱེད་པ་དང་ཆབས་ཅིག སློབ་ཕྲུག་བྱེ་བྲག་པའི་ཤེས་ཚད་དང་གནས་སྟངས་ཁྱད་པར་བ་སོ་སོར་དམིགས་བསལ་སློབ་སྟོན་བྱས་ཏེ། སློབ་ཕྲུག་རང་རང་གི་དམིགས་བསལ་ཤེས་ནུས་གོང་ནས་གོང་མཐོར་གཏོང་བའི་སློབ་སྟོན་གྱི་ཐབས་བྱུས་གཉིས་ཟུང་འབྲེལ་བྱ་དགོས། གོང་གསལ་ལས་སྔ་མ༌ལྟར་སློབ་ཕྲུག་བྱིངས་ལ་དོ་སྣང་ཐལ་དྲགས་ཚེ་སློབ་ཕྲུག་སོ་སོའི་དམིགས་བསལ་ཁྱད་ནུས་དམ་འཛིན་མི་ཐུབ་པ་དང། ཕྱི་མ་ལྟར་སློབ་ཕྲུག་བྱེ་བྲག་པར་དོ་སྣང་ཐལ་དྲགས་ཚེ་སྤྱི་ཡོངས་ཀྱི་ལས་འགན་བསྒྲུབ་མི་ཐུབ། དེར་བརྟེན། གཞི་རིམ་གོང་མའི་རིག་ཚན་སོ་སོའི་བསླབ་གཞིའི་ནང་སློབ་ཕྲུག་བྱིངས་གཙོ༌བོར་འཛིན་པའི་རྗེས་འབྲས་སུ་ཉུང་ཤས་བློས་གཏོང་མི་དགོས་པ་དང། དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ཐོག་དུས་ཚོད་གཏོང་ཐལ་བྱུང་བའི་རྐྱེན་གྱིས་སློབ་ཕྲུག་བྱིངས་ལ་དོ་ཕོག་མི་འབྱུང་བ་བཅས་ཀྱི་ཐབས་བྱུས་སྤྱོད་དགོས།

༡་༡༠ ངལ་རྩོལ་དང་བསླབ་གཞི།

ང་ཚོ་འཚོ་གནས་ཀྱི་ཁོར་ཡུག་ཁྲོད་ཟས་གོས་ལོངས་སྤྱོད་དང་འཚོ་བའི་མཐུན་རྐྱེན་གང་ཡིན་ཡང་ངལ་རྩོལ་ལ་བརྟེན་ནས་བྱུང་ཞིང། ངལ་རྩོལ་ནི་རང་ཉིད་ཀྱི་འཚོ་བའི་དགོས་མཁོ་ཡིན་པ་མ་ཟད། མི་སྒེར་གྱིས་སྤྱི་ཚོགས་ལ་འཁྲི་བའི་གཞི་རྩའི་ལས་འགན་ཡང་ཡིན། ངལ་རྩོལ་ལ་མ་བརྟེན་པར་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་མི་ཐུབ་ལ། སྤྱི་ཚོགས་ནས་རང་ཉིད་ཀྱི་རིན་ཐང་ལ་ངོས་འཛིན་དང་གདེང་འཇོག་ཀྱང་ཐོབ་མི་ཐུབ།
འཛམ་གླིང་ཡང་རྩེར་གནས་པའི་བོད་གངས་ཅན་གྱི་མི་རིགས་འདི་ལས་ལ་བརྩོན་ཞིང། ཤེས་རབ་ལྡན་པ། གཞུང་དྲང་བ། ཆོས་སེམས་ཆེ་བ་སོགས་ཕ༌མེས་ནས་བརྒྱུད་པ་ཟམ་མ་ཆད་པའི་བཟང་པོའི་ཡོན་ཏན་འདི་རིགས་དེང་སྐབས་ཉམས་རྒུད་དུ་འགྲོ་མུས་ཡིན་ལ། ཁྱད་པར་བཙན་བྱོལ་གྱི་མི་རབས་གསར་པ་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་དང་མི་རབས་རྒན་པ་རྣམས་ཀྱི་དཀའ་སྤྱད་ལ་བརྟེན་ནས་དཀའ་ཚེགས་མེད་པའི་འཚོ་བར་རོལ་བའི་དུས་བཟང་འདིར། ལེ་ལོ་དང། བག་ཡངས། ཐོབ་ཐང་རྩོད་ཀྱང་ལས་འགན་མི་འཁུར་བ་སོགས་ངན་གཤིས་འབྱུང་ཉེན་དེ་རིགས་ལ༌ང་ཚོས་ཐོག་མ་ཉིད་ནས་ངོས་འཛིན་དང་གདོང་ལེན་མ་བྱས་ན། བོད་མི་རིགས་ཀྱི་ཐུན་མོངས་མ་ཡིན་པའི་ཆེ་མཐོང་དང་ངོས་འཛིན་རྩ་བརླག་འགྲོ་གཞིར་བརྟེན། ངལ་རྩོལ་སློབ་གསོ་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་བཟང་པོའི་ཡོན་ཏན་མི་ཉམས་རྒྱུན་འཛིན་ཡོང་ཐབས་བྱ་དགོས།
ངལ་རྩོལ་སློབ་གསོའི་བརྒྱུད་རིམ་ཁྲོད་ང་ཚོས་གཟབ་ནན་བྱ་དགོས་པ་ཞིག་ནི། ངལ་རྩོལ་ནི་མིའི་བསམ་བློའི་འབྲས་བུ་ཞིག་དང་ཀུན་སློང་ལས་འབྱུང་ཞིང། འགྲོ་བ་མིའི་སློབ་སྦྱོང་གི་བརྒྱུད་རིམ་ངོ་མ་ཞིག་ཀྱང་ཡིན་གཤིས། ངལ་རྩོལ་སློབ་གསོ་དེ་གཞི་རིམ་སློབ་གྲྭའི་བསླབ་གཞིའི་ཆ་ཤས་འབྲལ་ཐབས་མེད་པ་ཞིག་ལ་ངོས་འཛིན་གྱིས༌གཞི་རིམ་སློབ་མའི་རྒྱུན་ལྡན་སློབ་སྦྱོང་གི་བྱེད་སྒོ་ལས་ཟུར་འདོན་དང། བཙན་ཚུགས་མི་བྱ་བར། སློབ་ཁྲིད་དང་སློབ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་སློབ་ཕྲུག་རྣམས་ལ་ངལ་རྩོལ་གྱི་རིན་ཐང༌ངོས་འཛིན་ཡོང་ཐབས་དང་། ཤེས་ཡོན་ལ་བརྟེན་ནས་ངལ་རྩོལ་གྱི་སྤུས་ཚད་གོང་མཐོར་གཏོང་ཐབས། དགེ་རྒན་རང་ངོས་ནས་མིག་དཔེ་སྟོན་པ་བཅས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེེ་སློབ་ཕྲུག་རྣམས་ངལ་རྩོལ་ལ་དགའ་བ། ངལ་རྩོལ་གྱིས་འཚོ་བ། ངལ་རྩོལ་ལ་ཆེ་མཐོང་འཇོག་པའི་སྒོ་ནས་སྤྱི་ཚོགས་ཀྱི་ཞབས་ཞུར་འཇུག་པའི་གོམས་གཤིས་བསྐྱེད་བསྲིང་བྱ་དགོས།
ངལ་རྩོལ་གྱི་སློབ་སྟོན་སྐབས་སློབ་ཕྲུག་རྣམས་སྤྱི་ཚོགས་ཁྲོད་ཀྱི་ལས་རིགས་གང་ཡིན་ཡང་ཆེ་ཆུང་དང་ལེགས་ཉེས་ཀྱི་དབྱེ་འབྱེད་མེད་པའི་སྐོར་དང་། ངལ་རྩོལ་ལ་ལུས་ཀྱི་ངལ་རྩོལ་དང་སེམས་ཀྱི་ངལ་རྩོལ་རིགས་གཉིས་ཡོད་པས་མི་ཚེ་ནང་ལུས་སེམས་གཉིས་ཀྱི་ངལ་རྩོལ་གྱི་གོམས་གཤིས་བཟང་པོ་རྒྱུད་འཇགས་དགོས་པའི་གོ་རྟོགས་དང་ངོས་འཛིན་གསལ་པོ་ཡོང་བར་བྱས་ཏེ། སློབ་ཕྲུག་རྣམས་ངལ་རྩོལ་ལ་བརྟེན་ནས་རང་ཉིད་དང་ཁོར་ཡུག་སྒྱུར་བཀོད་བྱ་བའི་འདུ་ཤེས་དང་གོམས་གཤིས་བསྐྱེད་ཐབས་བྱ་དགོས།

༡་༡༡ འཚེ་མེད་ཞི་བའི་སློབ་གསོ།

ང་ཚོ་འཇིགས་སྣང་དང་དྲག་སྤྱོད་རྒྱུན་མི་ཆད་པའི་དུས་སྐབས་ཤིག་ཏུ་འཚོ་བཞིན་ཡོད་པ་སྟེ། འཛམ་གླིང་ནང་རྒྱལ་ཁབ་དང་། མི་རིགས། ཆོས་ལུགས། ཚོགས་སྡེ༌དབར་རང་རང་གི་ཁེ་ཕན་ཆེད་འཁྲུག་རྩོད་དང་དྲག་སྤྱོད་ཀྱི་རིགས་གང་སར་བྱུང་དང་འབྱུང་བཞིན་ཡོད༌ལ། དེ་ལ་བརྟེན་ནས་འགལ་ཟླའི་ཕྱོགས་གཉིས་ཀ་འཇིགས་སྐྲག་དང་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བཞིན་ཡོད༌པ༌འགྲོ་བ་མིའི་རིགས་ཀྱི་སྐྱོ་གར་ཞིག་ཡིན། དེར་བརྟེན། སྐྱེ་བོ་སྒེར་དང། ཚོགས་སྡེ། རྒྱལ་ཁབ་བཅས་ཀྱི་དཀའ་རྙོག་རྣམས་འཚེ་མེད་ཞི་བའི་སྒོ་ནས་སེལ་ཐབས་ཀྱི་གོ་རྟོགས་དང་ཐབས་རྩལ་སློབ་སྟོན་གནད་སྨིན་བྱ་ཐུབ་པ་བྱུང་ཚེ། ཆུང་ས་མི་སྒེར་ནས་ཆེ་ས་རྒྱལ་ཁབ་རིམ་པའི་དབར་གྱི་དཀའ་རྙོག་མང་པོ་ཞིག་བཟོད་སྒོམ་དང། གུ་ཡངས། དྲང་བདེན། ཕན་ཚུན་རྒྱུས་ལོན། གྲོས་མོལ་སོགས་ཀྱི་ཞི་བའི་ཐབས་ལམ་ལ་བརྟེན་ནས་གཙང་སེལ་བྱ་ཐུབ།
ཁོང་ཁྲོ་དང། ཕྲག་དོག སྡང་སེམས་སོགས་ཀྱི་སྒོ་ནས་འཁོན༌ལན༌སློག་པ་དང། དྲག་རྩུབ་ཀྱི་བྱེད་ཐབས་སྤྱད་དེ་འཚེ་བའི་ལས་ལ་ཞུགས་ན་དཀའ་ངལ་གཙང་སེལ་བྱ་མི་ཐུབ་པ་མ་ཟད། གནས་སྟངས་སྔར་བས་ཇེ་སྡུག་ཇེ་ཐུར་འགྱུར་ངེས་ཡིན།
རང་རེའི་སློབ་ཕྲུག་རྣམས་ལ་མཚོན་ན། དེང་རབས་སློབ་གསོའི་ལམ་སྲོལ་ཁོ་ན་མ་ཡིན་པར། ལོ་ངོ་སྟོང་ཕྲག་དུ་མའི་རིང་དར་ཁྱབ་བྱུང་བའི་བོད་ཀྱི་སྲོལ་རྒྱུན་ལྟ་སྤྱོད་དང་གོམས་གཤིས་བཟང་པོ་དེང་སྐབས་ཀྱི་སྤྱི་ཚོགས་ཁོར་ཡུག་ཁྲོད་བཀོལ་སྤྱོད་དང་ཉམས་ལེན་བྱེད་ཕྱོགས་ཀྱི་སློབ་སྟོན་གནད་སྨིན་བྱ་རྒྱུ་གལ་འགངས་ཧ་ཅང་ཆེ༌ཞིང། ཁྱད་པར་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཆོས་ལུགས་རིས་མེད་ལ་བརྩི་བཀུར་དང་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་སྤེལ་གྱི་ལྟ་གྲུབ་བླ་ན་མེད་པའི་དགོངས་དོན་དག་གཞི་རིམ་སློབ་གྲྭའི་བསླབ་གཞིའི་ནང་གོ་བདེ་བར་བཀྲལ་ཏེ། འཚེ་མེད་ཞི་བའི་ཉམས་ལེན་ཚུལ་བཞིན་ཡོང་ཐབས་བྱས་ནས༌སློབ་ཕྲུག་ཚོའི་མི་ཚེ་དོན་ལྡན་དང་སྤྱི་ཚོགས་ཞི་བདེ་ཡོང་བའི་གཞི་རྩར་འགྱུར་ཐབས་བྱ་དགོས།

༡་༡༢ རྟོག་ཞིབ་དང་གདེང་འཇོག

གཞི་རིམ་གོང་མའི་འཛིན་རིམ་བཅུ་པའི་སྐབས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་སུ་ཞུགས་དགོས་པའི་གནས་སྐབས་རིང། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱིས་གཏན་ལ་ཕབ་པའི་བསླབ་གཞིའི་ལམ་སྟོན་དང་། ཕྱོགས་ཡོངས་ནས་རྒྱུན་མཐུད་རྟོག་ཞིབ་ཀྱི་ཐབས་ལམ་ལ་བརྟེན་པའི་ཡིག་རྒྱུགས་ཀྱི་ཚད་གཞི་ཁག་ལག་ལེན་བྱ་རྒྱུ་ཡིན་ནའང། ཚིག་ལ་མི་རྟོན་དོན་ལ་རྟོན་ཟེར་བའི་དཔེ་བཞིན་ཡིག་རྒྱུགས་ལ་དྲི་ལན་རྒྱག་ཐབས་རྩལ་དུ་བཏོན་ནས་མི་སྦྱང་བར། བསླབ་གཞིའི་དམིགས་ཡུལ་དང་དམིགས་ཚད་ལྟེ་བར་བཟུང་ནས། གཞི་རྩའི་གོ་རྟོགས་དང་ལག་ལེན་གྱི་ནུས་རྩལ་གཙོ་བོར་འཛིན་པའི་སློབ་ཁྲིད་དང་སློབ་སྦྱོང་བྱས་ཏེ། ཡིག་རྒྱུགས་ཀྱི་ནང་དོན་ལས་དམིགས་ཡུལ་གཙོ་བོར་འཛིན་ཐུབ་ཚེ། ཡིག་རྒྱུགས་ཀྱི་དྲི་བ་མཁྲེགས་ལོས་དང་སྐབས་ཐོག་ཏུ་འཁེལ་མིན་ལ་མ་ལྟོས་པར་ཡིག་རྒྱུགས་ཀྱི་བརྒྱ་ཆ་མཐོན་པོར་སླེབས་པ་དང་ཆབས་ཅིག སློབ་ཕྲུག་མི་སྒེར་གྱི་ཤེས་ཡོན་དང་སྤུས་ཚད་ཀྱང་གོང་མཐོར་འགྲོ་བ་ཡིན།
གོང་གསལ་དགོངས་དོན་ཁག་དམ་པོར་བཟུང་བའི་སྒོ་ནས་འཛིན་གྲྭ་དང་སློབ་ཕྲུག་བྱེ་བྲག་པའི་དམིགས་བསལ་གནས་སྟངས་ལ་འཚམས་པའི་བསྐྱར་སྦྱོང་དང། བསྐྱར་ཞིབ། ཟབ་ཁྲིད་སོགས་ཀྱི་ལས་རིམ་སྣ་མང་གོ་སྒྲིག་བྱེད་པ་དང། སློབ་ཕྲུག་སོ་སོའི་ཁམས་དང་མོས་པ། སྦྱངས་འབྲས་ལ་གཞིགས་པའི་མ་འོངས་མདུན་ལམ་སློབ་སྟོན་གྱི་ལས་དོན་ཐོག་ཤུགས་སྣོན་བརྒྱབ་སྟེ། སློབ་ཕྲུག་རྣམས་རིག་ཚན་དང། ཆེད་ལས། ལས་རིགས་སོགས་སྡེ་ཁག་གང་དུ་འཇུག་མིན་དང། དགེ་སྐྱོན་ཇི་ཡོད། བརྒྱུད་རིམ་འགྲིམས་སྟངས། སློབ༌ཡོན་དང་ལས་ཞུགས་གོ་སྐབས་སོགས་ལམ་སྟོན་ཞིབ་ཕྲ་བྱ་དགོས།
སློབ་ཕྲུག་རྣམས་ཆུང་དུས་ནས་འཇགས་པའི་རྒྱུན་སྲོལ་གྱི་ཡིག་རྒྱུགས་ལམ་སྲོལ་ལ་འཇིགས་སྣང་དང་དངངས་འཚབ་མེད་པ་བཟོ་སླད། སློབ་མའི་ཕྱི་ནང་ཤེས་ཡོན་གྱི་གནས་ཚད་རྟོག་ཞིབ་སྐབས། རྒྱུན་མཐུད་རྟོག་ཞིབ་ཀྱིིས་སློབ་མའི་སྦྱང་བྱའི་སློབ་ཚན་དང་ཟུར་སྦྱོང་རིག་གནས་ཐེ་བའི་ཕྱོགས་ཚང་མའི་ཡར་རྒྱས་འགྲོ་ཚུལ་ལ་བཟང་ཕྱོགས་ནས་བལྟ་བ་དང༌། མི་བཟང་པོ་ཞིག་ཏུ་འགྱུར་བྱེད་ཀྱི་གཤིས་སྤྱོད་དང་འཇོན་ཐང་སོགས་ལ་རྟོག་ཞིབ་དང་འབྲེལ་སློབ་ཕྲུག་ལ་ལམ་སྟོན་དང་གྲོས་འདེབས་ཀྱི་དགོངས་འཆར་ངེས་པར་འབུལ་དགོས་ཞིང་། རྟོག་ཞིབ༌ལས་བྱུང་བའི་མཇུག་འབྲས་ལ་དྲང་ལྡོག་གཉིས་ཀའི་སྒོ་ནས་དབྱེ་ཞིབ་དང། ཕྱོགས་བསྡོམས། བཅོས་ཐབས་འཚོལ་ཞིབ་སོགས་དགེ་འདོན་སྐྱོན་བསང་གི་ལམ་ནས་རྒྱུན་མཐུད་ལམ་སྟོན་དང་སྐུལ་འདེད་བྱ་དགོས།
རྟོག་ཞིབ་ཀྱི་བརྒྱུད་རིམ་རྣམས་གོ་བདེ་སྟབས་བདེ་ཞིག་དགོས་པ་མ་ཟད། ཕ་མ་དང་སྤྱི་ཚོགས་ལ་ཡིད་རྟོན་བཅོས་མིན་གྱིས་ཡོང་ཐབས་སླད་ཕྱི་གསལ་ནང་གསལ་བྱ་དགོས། རྟོག་ཞིབ་ཀྱི་གྲུབ་འབྲས་གདེང་འཇོག་སྐབས་སློབ་མ་ཕན་ཚུན་མཚུངས་བསྡུར་དང་འགྲན་བསྡུར་མི་བྱ་བར། སློབ་མ་སོ་སོའི་ཁྱོན་ཡོངས་ཀྱི་སྔ་ཕྱིའི་གནས་ཚད་མཚུངས་བསྡུར་བྱས་པ་བརྒྱུད། དུས་ཡུན་ངེས་ཅན་རིང་ཤེས་ཡོན་ཡར་རྒྱས་ཇི་ཙམ་སོང་བ་དང། མ་འདང་ས་ཇི་ཡོད༌ངོས་འཛིན་ཐུབ་པའི་ལག་ཆར་བེད་སྤྱོད་བྱ༌དགོས་པ་མ་ཟད། སླད་ཕྱིན་གྱི་སློབ་སྦྱོང་ཐོག་བླང་བྱ་དང་དཔྱད་གཞི་འདོན་པའི་རྒྱུ་རུ་འགྱུར་ཐབས་བྱ་དགོས།
སློབ་མ་ནང་ཁུལ་འགྲན་བསྡུར་བྱེད་པ་དེས། ཕྲག་དོག་དང་འགྲན་སེམས་སློང་བ་དང༌། འགྲན་སེམས་ནི་འཇིགས་ཞུམ་དང་ཞེ་སྡང་གི་རྒྱུ་རུའང་འགྱུར་ངེས་པར་བརྟེན། ཕན་ཚུན་འགྲན་བསྡུར་གྱི་རིགས་སྤོང་གང་ཐུབ་བྱ་དགོས། རྟོག་ཞིབ་ཀྱི་མཇུག་འབྲས་ཚང་མ་སློབ་མར་སྐུལ་སློང་བཟང་པོ་ཐེབས་བྱེད་དང༌། དེ་འདྲའི་རྟོག་ཞིབ་ལ་དགའ་མོས་ཡོང་བའི་རྒྱུ་རུ་འགྱུར་ཐུབ་པ་ཞིག་བྱ་དགོས་པ་ལས། བཙན་ཤེད་ཀྱི་བཀའ་བཀོད་དང་ཁུར་པོ་འཕར་མ་ལྟ་བུར་མི་འགྱུར་བ་བྱ་དགོས། དེར་བརྟེན། ཐོག་མ་ཉིད་ནས་སློབ་མ་རྣམས་རིམ་པས་འདི་འདྲའི་ཚད་འཇལ་སྟངས་ལ་གོམས་འདྲིས་དང་དགའ་མོས་ཡོང་བ་ཞིག་བྱེད་དགོས།
དེ་ལྟའི་མཉམ་ཞུགས་དང་ཕྱི་གསལ་ནང་གསལ་གྱི་རྟོག་ཞིབ་བྱས་པ་བརྒྱུད་སློབ་ཕྲུག་ཚོའི་ཤེས་ཡོན་དོན་གཉེར་གྱི་འདུན་པ་གོང་མཐོར་གཏོང་ཐུབ་པ་མ་ཟད། མི་ཚེ་ཧྲིལ་པོ་སློབ་ལ་གཞོལ་མཁན་ཞིག་ཏུའང་འགྱུར་ཐུབ།

༡་༡༣ སློབ་སྦྱོང་གི་ཁོར་ཡུག་དང་རང་དབང།

སློབ་ཕྲུག་ཚོར་རང་ཉིད་ཀྱི་ཁོར་ཡུག་སྤྱི་ཚོགས་ལ་འབྲེལ་འདྲིས་བྱས་པ་བརྒྱུད༌ཁོང་ཚོའི་ལྷན་སྐྱེས་ཀྱི་འཇོན་ཐང་ལ་སྦྱོང་བརྡར་ཐོབ་ཀྱི་ཡོད། སྦྱོང་བརྡར་དེའི་ཁྲོད་ཁོ༌ཚོས་ནོར་འཁྲུལ་བཟོ་བ་དང་ཆབས་ཅིག་ནོར་འཁྲུལ་བསྒྱུར་བཅོས་བྱས་ཏེ་འཚར་ལོངས་དང་ཡར་རྒྱས་འགྲོ་བ་ཡིན། སློབ་གྲྭ་ནི་སློབ་ཕྲུག་རང་ཉིད་དང། མི་གཞན། སྤྱི་ཚོགས་བཅས་ལ་རྒྱུས་ལོན་དང། སྲོལ་རྒྱུན་ནས་བརྒྱུད་པའི་ཤེས་བྱ་སྦྱོང་གོམས་བྱ་བའི་གོ་སྐབས་སྤྲོད་སའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན༌སྟབས། སློབ་གྲྭས་སློབ་ཕྲུག་ལ་བོད་མིའི་སྲོལ་རྒྱུན་གྱི་ཡོན་ཏན་དང་། དེང་རབས་དང་འབྲེལ་བའི་ནུས་རྩལ་གསར་པ་སྦྱོང་བར་མཐུན་འགྱུར་བྱ་དགོས་པ་མ་ཟད། ནོར་འཁྲུལ་འབྱུང་ཆོག་པ། བཅོས་དགོས་པ། བཅོས་ཐབས་སྟོན་པ། གྲུབ་འབྲས་གདེང་འཇོག་ཚད་དང་ལྡན་པ་བཅས་ཀྱི་བྱེད་ནུས་འདོན་སྤེལ་བྱ་དགོས།
སློབ་གྲྭའི་ནང་སློབ་ཕྲུག་ཚོའི་ཆེ་མཐོང་ལ་དམིགས་བསལ་ཐུགས་སྣང་བྱས་ཏེ། སློབ་ཕྲུག་ལ་སྐད་ཆ་ཤོད་སྟངས་དང། སློབ་གྲྭའི་ཕྱི་ནང་དུ་རྣམ་འགྱུར་སྟོན་སྟངས༌གང་ཅིའི་ཆ་ནས་སློབ་མ་ཚོར་དོ་བདག་རང་ཉིད་དང་འདྲ་མཉམ་ཡིན་པའི་ཚོར་སྣང་སྟེར་དགོས་པ་ལས། བཙན་བཀའ་གཏོང་བ་དང། གཅར་རྡུང། སྡིགས་དམོད། ཚིག་རྩུབ་ཀྱི་བྱེད་ཐབས་དང། མཐོང་ཆུང་དང་འཕྱ་དམོད། དམའ་འབེབས་སོགས་ཀྱི་རིགས་མེད་པའི་ཁོར་ཡུག་ཅིག་བསྐྲུན་དགོས། ཆེ་མཐོང་ལྡན་པའི་སློབ་གྲྭའི་ཁོར་ཡུག་ཅིག་ཡིན་ཕྱིན་སློབ་ཕྲུག་ཚོར་བདེ་འཇགས་དང། རང་དབང༌། ཞི་བདེ། དྲང་བདེན། འདྲ་མཉམ། ཆེ་མཐོང༌བཅས་ལྡན་པའི་ཚོར་སྣང་བསྐྲུན་ཐུབ་ལ། སློབ་ཕྲུག་གི་སེམས་སུ་ཞི་བདེ་དང་བདེ་སྐྱིད་བཅོས་མིན་ཞིག་ཀྱང་བསྐྲུན་ཐུབ་པས། ཚོར་སྣང་དེ་ལ་བརྟེན་ནས་སློབ་གྲྭའི་ཁོར་ཡུག་དང་ཐ་ན་སྤྱི་ཚོགས་ཧྲིལ་པོ་ཞི་བདེ་ཡོང་བའི་རྒྱུ་རུ་འགྱུར་ཐུབ༌པ་ཡིན།
དགེ་རྒན་གྱི་ཁྱད་ལས་ཀྱི་རང་དབང་དང་རང་སྐྱོང་ཡང་ཤིན་ཏུ་གལ་ཆེ། སློབ་གྲྭའི་འཛིན་སྐྱོང་ལས་དོན་ནི་དགེ་རྒན་ལ་བཀའ་རྒྱ་གཏོང་རྒྱུ་དང་ལས་གནས་བཀོད་སྒྲིག་བྱ་རྒྱུ་ཙམ་ལས་ལྡོག་སྟེ་མང་གཙོའི་འགྲོ་ལུགས་དང་མཐུན་པའི་འཛིན་སྐྱོང་ཐབས་ལམ་ལ་བརྟེན་ནས་སྲིད་བྱུས་དང་། ལས་འཆར། སྒྲིག་ཁྲིམས་ཁག་ལག་བསྟར་བྱ་བའི་བརྒྱུད་རིམ་ཁྲོད། གོ་བསྡུར་དང། བགྲོ་གླེང། གྲོས་མོལ་གྱི་སྒོ་ནས་ཕྱོགས་ཚང་མའི་བསམ་འཆར་བསྡུ་ལེན་དང། མཉམ་རུབ་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ལས་དོན་གྱི་བརྒྱུད་རིམ་ཡོངས་རྫོགས་ཕྱི་གསལ་ནང་གསལ་ཡོང་ཐབས་བྱ་དགོས༌པ་དང། འབྲེལ་ཡོད་སྒྲིག་ཁྲིམས་བཞིན་དགེ་རྒན་གྱི་སློབ་ཁྲིད་ལས་འཆར་དང་བརྒྱུད་རིམ་ལ་རྟོག་ཞིབ་སྐབས་དགེ་རྒན་གྱི་ཆེ་མཐོང་དང་རང་དབང་ལ་དམིགས་བསལ་ཐུགས་སྣང་གིས་ཕན་ཐོགས་ལྡན་པའི་བསམ་འཆར་དང་དགོས་ངེས་ཀྱི་མཐུན་འགྱུར་གང་ཐུབ་གནང་ཐབས་བྱ་དགོས།

༡་༡༤ མཇུག་བསྡོམས།

ཤེས་ཡོན་ནི་ཅི་ཞིག་ཡིན་པ་དང། དེ་སྦྱོང་བའི་དགོས་པ༌ཅི་ཡིན། ཤེས་ཡོན་ཇི་ལྟར་སྦྱོང་དགོས་པ་སོགས་ཆེས་སྤྱིར་བཏང་གི་དྲི་བ་འདི་དག་ནི། ཤེས་ཡོན་གྱི་ནང་དོན་དང། སྤུས་ཚད། ཁ་ཕྱོགས་ལ་འབྲེལ་བ་དམ་ཞིང། རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་གཞི་གཅིག་ཏུ་འབྲེལ་བའི་གཞི་རིམ་གྱི་ལྟ་ཚུལ་ཁག་ཅིག་ཡིན། དེར་བརྟེན། ཇི་སྲིད་གནད་དོན་འདི་དག་ཐད་གོ་བ་ཡང་དག་པ་ཞིག་མ་ལོན་པ་དེ་སྲིད་དུ༌ཤེས་ཡོན་སློབ་སྦྱོང་གི་ཆ་ཤས་ཡོངས་སུ་རྫོགས་པར་མི་ནུས་ལ། ཤེས་ཡོན་ལ་བརྟེན་ནས་རང་གཞན་སྤྱི་ཚོགས་ཀྱི་ཞབས་འདེགས་བཟང་པོ་ཞིག་བསྒྲུབ་མི་ནུས།
བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ནང། ‘‘ཤེས་ཡོན་ཞེས་པ་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང། ནང་གི་ཤེས་པའི་ནུས་པ་སད་རྫོགས་སྨིན་གསུམ་བྱེད་པའི་མིའི་ཤེས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་ངོས་འཛིན་རྒྱུ།’’ ཞེས་གསལ་བ་ལྟར། འདིར་བཤད་པའི་ཤེས་ཡོན་ནི། དབང་ལྔའི་ཤེས་པ་རང་ཡུལ་དུ་འཇུག་པ་ལས་བྱུང་བའི་ཕྱིའི་ཡུལ་གྱི་གོ་རྒྱ་བསྐྱེད་པ་དང། དེ་ལ་བརྟེན་ནས་བློ་ཡི་ནུས་པ་བག་ལ་ཞ་བ་ཡོངས་སུ་སད་པར་བྱ་བ་དང། ནུས་པ་དེས་ཡུལ་དང་། རྟོག་ཤེས། དེ་གཉིས་འབྲེལ་བྱེད་ཀྱི་དབང་ཤེས་བཅས་ལ་ཡང་ཡང་དཔྱད་དེ་སྨིན་པར་བྱ་བ། དེ་ལ་ཡང་ཡང་གོམས་པར་བྱས་པ་བརྒྱུད་ཤེས་བྱའི་ངོ་བོ་རྟོགས་པ་ལ་སྒྲིབ་བྱེད་ཀྱི་སྐྱོན་བསང་བྱེད་ཀྱི་ཐབས་ལམ་སྟེེ། བློ་ཡི་ནུས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་ལམ་དུ་གྱུར་པའི་ཤེས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་གོ་དགོས༌པར་བསྟན།
ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ་ནི། གཞན་ལས་ཐོས་པ༌འཛིན་པ༌དང་། རང་གིས་བརྟག་ཅིང་དཔྱད་པ། དཔྱད་དོན་གོམས་པར་བྱེད་པ༌བཅས་ཀྱི་བརྒྱུད་རིམ་ཞིག་ཡིན། བརྒྱུད་རིམ་དེ་དག་ལ་བརྟེན་ནས་རང་གཞན་གྱི་བདེ་སྡུག་རྒྱུ་དང༌བཅས་པར་ངོས་འཛིན་དང་འཇུག་ལྡོག་མ་ནོར་བར་བྱེད་ནུས་པའི་མི་རབས་གསོ་སྐྱོང་བྱེད་ཐུབ་ལ། སྤྱི་སྒེར་གཉིས་ཀྱི་ཕན་བདེ༌བླ་ན་མེད་པ་བསྒྲུབ་ཐུབ། དེ་ལྟ་བུའི་ཤེས་ཡོན་ནི་དུས་དང་རྣམ་པ་ཀུན་ཏུ་རང་གཞན་སྤྱི་ཚོགས་དང་བཅས་པའི་ཕན་བདེ་རུ་འགྱུར་བས། རང་ཅག་བོད་མི་ཙམ་དུ་མ་ཟད། འཇིག་རྟེན་འདིའི་སྐྱེ་འགྲོ་སྤྱི་ལ་དགོས་གལ་ཤིན་ཏུ་ཆེ༌བ་ཡིན། བྱེ་བྲག་བོད་མིའི་ཤེས་ཡོན་གྱི་དགོས་པ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། ཚོལ་ཁ་གསུམ་གྱིས་གྲུབ་པའི་བོད་ཡུལ་ཧྲིལ་པོ་གོང་བུ་གཅིག་གྱུར་བྱས་ཏེ། འཚེ་མེད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་དང། ཆིག་སྒྲིལ་དང། རང་དབང། མང་གཙོ། ཁྲིམས་ཀྱི་དབང་འཛིན། འཚེ་བ་མེད་པ། དྲང་བདེན་བཅས་ཀྱི་གཞི་རྩའི་ཁེ་ཕན་བསྒྲུབ་རྒྱུ་དེ་ཡིན།
དེར་བརྟེན། གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་འདིི་ཉིད་འགྲེལ་བརྗོད་དང། འཁྲིད་སྤེལ། ལག་བསྟར་བཅས་ཀྱི་བརྒྱུད་རིམ་ཁྲོད་གོང་གསལ་དོན་གནད་ཁག་ལ་དམིགས་སུ་བཀར་ནས་ཐུགས་སྣང་བྱ་དགོས།