རིགས་ལམ་དང་ནང་ཆོས་ཀྱི་བསླབ་གཞི།

ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ་ནི། རྗོད་བྱེད་ཚིག་གི་སྦྱོར་བ་ལ་བརྟེན་ནས་བརྗོད་བྱའི་དོན་འཁྲུལ་བ་མེད་པར་རྟོགས་པར་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པས། གང་བསླབ་པར་བྱ་བའི་དོན་ལ་རང་སྟོབས་ཀྱིས་བརྟགས་ཤིང་དཔྱད་དེ་འཁྲུལ་བ་བསལ་ཆེད། བོད་ཀྱི་སྲོལ་རྒྱུན་ཚད་མ་རིག་པའི་གཞུང་གི་སྔོན་འགྲོ་བསྡུས་གྲྭའི་སྐོར་གཞི་རིམ་བར་མ་ནས་བཟུང་བསླབ་གཞིའི་གཙོ་གྲས་སུ་བཞག་སྟེ་སློབ་གཉེར་བྱེད་པ་དང་འབྲེལ། སློབ་མའི་རིགས་སྟོབས་སྨིན་ཚད་ལ་གཞིགས་ཏེ་རྟེན་འབྲེལ་དང༌། ཕྱི་ནང་གི་ལྟ་གྲུབ། བློ་སྦྱོང། བདག་གཞན་མཉམ་བརྗེ་སྒོམ་པའི་ཉམས་ལེན་སོགས་ནང་དོན་རིག་པའི་བསམ་སྤྱོད་ཀྱི་བསླབ་པ་རྣམས་དང། ཁྱད་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང་། འཇིག་རྟེན་ཀུན་ཁྱབ་ཀྱི་དོན་ཆེན་ཁུར་དུ་འཁྱེར་བའི་ལྷག་བསམ་དང། སེམས་ཀྱི་དཀའ་ངལ་སེལ་བ་དང་ཞི་བདེ་སྐྲུན་ཐབས་བཀའ་སློབ་ལམ་སྟོན་ཁག་དངོས་ཡོད་འཚོ་བའི་ཁྲོད་སྒོ་གསུམ་གྱི་ཉམས་ལེན་དང་སྦྱར་ནས་སློབ་སྟོན་གནད་སྨིན་ཡོང་ཐབས་བྱ་དགོས།
རིགས་ལམ་སློབ་སྦྱོང་དང་སློབ་ཁྲིད་དེ་ཡང་རྩོད་པའི་ཁ་ཤགས་འགྱེད་པ་ཙམ་དང། ནང་ཆོས་སློབ་ཚན་དེ༌དད་པ་དང་ཆོ་ག་ཕྱག་ལེན་ཙམ་མ་ཡིན་པར། ནང་ཆོས་བསླབས་པས་རིགས་ལམ་ལ་དོན་སྙིང་འབྱིན་པ་དང། རིགས་ལམ་ལ་བརྟེན་ནས་ནང་ཆོས་ཀྱི་གོ་བ་རྙེད་ཐབས་བཅས། རིགས་ལམ་དང་ནང་ཆོས་གཉིས་གཅིག་ཕན་གཅིག་གྲོགས་ཀྱི་ཐབས་བྱུས་འཛིན་དགོས་པ་མ་ཟད། རིག་ཚན་གཞན་ལའང་ཐོས་པས་གོ་རྒྱ་བསྐྱེད་པ་དང༌། དཔྱད་པས་བརྡར་ཤ་གཅོད་པ། ལེགས་ཉེས་དབྱེ་འབྱེད་ཀྱི་ཤེས་རབ་བསྐྱེད་པ་དང་། སྒོམ་པའི་ཉམས་ལེན་ལ་བརྟེན་ནས་སེམས་ལ་ཞི་བདེ་ཡོང་ཐབས་བཅས་རིགས་ལམ་སྦྱོང་བརྡར་དང་སློབ་ཚན་འཁྲིད་སྦྱོང་ཡ་མ་བྲལ་བ་བྱ་དགོས།
རིགས་ལམ་དང་ནང་ཆོས་སློབ་ཁྲིད་ལ་གཞོགས་འདེགས་དང། སློབ་ཁྲིད་གནད་དུ་སྨིན་པ་ཡོང་ཆེད། སློབ་ཕྲུག་རྣམས་ཉེ་འབྲེལ་དགོན་པ་དང་དགེ་འདུན་པའི་བསྟི་གནས་སུ་ལྟ་བསྐོར་དུ་ཁྲིད་པ་དང། ཉམས་གསོག་དང་ཟུར་ཞུགས། བཅར་འདྲི། བགྲོ་གླེང༌། རྩོད་གྲྭ་སོགས་ཀྱི་ལས་རིམ༌གང་མང་གོ་སྒྲིག་བྱས་ཏེ་རིགས་ལམ་དང་ནང་ཆོས་ཐོག་ཤེས་རྒྱ་བསྐྱེད་དགོས་པ་མ༌ཟད། རང་ཉིད་ཀྱི་ཁོར་ཡུག་ཏུ་སྤྱི་ཚོགས་ཁྲོད་ཉམ་ཐག་ལྟ་སྐྱོང་དང། དང་བླངས་ཞབས་ཞུ། ཁོར་ཡུག་སྲུང་སྐྱོབ། སྲོག་བླུ། སྦྱིན་པ༌ལྟ་བུའི་དགེ་བའི་ལས་ལ༌ཞུགས་པའི་གོ་སྐབས་འདང་ངེས་སྤྲད་དེ། དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་ངོ་འཕྲོད་ཐབས་ཙམ་མ་ཡིན་པར་སེམས་གཏིང་ནས་ཉམས་སུ་མྱོང་ཐུབ་པ་ཞིག་ངེས་པར་བྱ་དགོས།
སྦྱངས་འབྲས་རྟོག་ཞིབ་གནང་སྟངས་ཐད། ངག་རྒྱུགས་དང། རྩོད་རྒྱུགས། བྲིས་རྒྱུགས་བཅས་ཀྱི་ཐོག་ཕྲུ་གུའི་རྒྱུན་གཏན་གྱི་སྤྱོད་ལམ་སོགས་ལ་རྟོག་ཞིབ་རྒྱུན་བསྲིང་གི་ལམ་ནས་ཚད་འཇལ་བྱ་རྒྱུ།
གཞི་རིམ་གོང་མའི་རིགས་ལམ་དང་ནང་ཆོས་ཀྱི་སློབ་ཚན་ལ་བདུན་ཕྲག་རེར་ཉུང་མཐར་ཚོགས་ཐུན་གཉིས་ལས་མ་ཉུང་བའི་ཐོག་སྔ་དགོང་གི་དུས་ཚོད་བབ་བསྟུན་བེད་སྤྱོད་གཏོང་ཆོག
གཞི་རིམ་གོང་མའི་བོད་ཡིག་བསླབ་གཞི་ལས་སྐད་ཡིག་སློབ་ཚན་ནི་བོད་ཡིག་དགེ་རྒན་གྱིས་འཁྲིད་དགོས་པ་དང། རིགས་ལམ་དང་ནང་ཆོས་སློབ་ཚན་གཙོ་བོ་ཆོས་དགེ་རྣམས་ཀྱིས་འཁྲིད་སྟོན་བྱ་དགོས། བོད་ཡིག་རྒྱུགས་སྤྲོད་སྐབས་རིགས་ལམ་དང་ནང་ཆོས་ལ་བརྒྱ་ཆ་༢༠ དང། སྐད་ཡིག་ལ་བརྒྱ་ཆ་༨༠ བཅས་གཏན་འབེབས་བྱས་པ་ཡིན།

འཛིན་རིམ་དགུ་པའི་རིགས་ལམ་དང་ནང་ཆོས།

རིགས་ལམ།

ཀ) བློ་རིག་གི་རྣམ་གཞག།
ཁ) བློ་རིག་གི་དབྱེ་བའི་འཕྲོས་བཤད།

ནང་ཆོས།

༡) བཤེས་སྤྲིངས། (སྟོད་ཆ) འགོ་ནས་རབ་བྱེད་སུམ་ཅུ་སོ་བཞི་བར།
༢) མཛད་རྣམ་ལས་ནང་པའི་ཆོས་ཀྱི་གནས་ཚུལ། (གཉིས་པ།)
༣) སྲིད་པ་འཁོར་ལོའི་དཔེ་རིས་དང་འབྲེལ་བའི་རྟེན་འབྲེལ་གྱི་རྣམ་གཞག
༤) ཚད་མེད་བཞི་སྒོམ་པའི་ཉམས་ལེན།

འཛིན་རིམ་བཅུ་པའི་རིགས་ལམ་དང་ནང་ཆོས།

རིགས་ལམ།

ཀ) སེམས་དང་སེམས་བྱུང་གི་རྣམ་གཞག
ཁ) ཡུལ་ངེས་ལྔ་བཤད་པ།
ག) དགེ་བ་བཅུ་གཅིག

ནང་ཆོས།

༡) བཤེས་སྤྲིངས། (སྨད་ཆ) རབ་བྱེད་སོ་ལྔ་ནས་མཇུག་བར།
༢) རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཉམས་ལེན།

འཛིན་རིམ་བཅུ་གཅིག་པའི་རིགས་ལམ་དང་ནང་ཆོས།

རིགས་ལམ།

ཀ) རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ།
ཁ) གཞན་འགྱུར་བཞི།
ག) རྟགས་རིགས་ཀྱི་རྣམ་གཞག
ང) རྟགས་ཡང་དག་གི་རྣམ་གཞག

ནང་ཆོས།

༡) ལེགས་བཤད་བློ་གསར་མིག་འབྱེད། (སྟོད་ཆ)
༢) ཕྱི་ནང་དང་ཉན་ཐོས་སྡེ་གཉིས་ཀྱི་གྲུབ་མཐའི་ངོ་སྤྲོད།
༣) བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཉམས་ལེན།

འཛིན་རིམ་བཅུ་གཉིས་པའི་རིགས་ལམ་དང་ནང་ཆོས།

རིགས་ལམ།

ཀ) མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་རྣམ་གཞག།
ཁ) འབྲས་རྟགས་ཀྱི་རྣམ་གཞག
ག) རང་བཞིན་གྱི་རྟགས་ཡང་དག་བཤད་པ།
ང) མ་དམིགས་པའི་རྟགས་ཡང་དག་བཤད་པ།

ནང་ཆོས།

༡) ལེགས་བཤད་བློ་གསར་མིག་འབྱེད། (སྨད་ཆ)
༢) དབུ་སེམས་ཀྱི་གྲུབ་མཐའི་ངོ་སྤྲོད།
༢) ལྟོས་གྲུབ་རྟེན་འབྱུང་སྒོམ་པའི་ཉམས་ལེན།