འཛིན་རིམ་དགུ་པའི་བོད་ཀྱི་སྐད་ཡིག་བསླབ་གཞི།

དང་པོ། བརྡ་སྤྲོད།

༡། སུམ་ཅུ་པ།

  • སུམ་ཅུ་པའི་རྩ་བ་ལས་སྦྱར་བྱ་ཡི་གེའི་རྣམ་གཞག་དང་། ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ།
  • མིང་དང་ཁྱད་ཚིག བྱ་ཚིག རྒྱན་ཚིག་ངོ་སྤྲོད་བྱ་རྒྱུ།
  • སུམ་ཅུ་པའི་རྩ་བ་བློ་འཛིན་བྱ་རྒྱུ།

ཁྲིད་གཞིའི་ལམ་སྟོན།

༡ སི་ཏུའི་ཞལ་ལུང་། མཛད་པ་པོ། དངུལ་ཆུ་དྷརྨ་བྷ་དྲ། ཤེས་རིག་པར་ཁང་།
༢ སུམ་ཅུ་པའི་རྩ་བ། མཛད་པ་པོ། ཐོན་མི་སམ་བྷོ་ཊ།

༢། དག་ཡིག

དག་ཡིག་ལས་འཕུལ་དང་མཐའ་རྟེན། མགོ་ཅན་གསུམ་གྱི་སྦྱོར་ཚུལ་དང། གདམ་ང་ཅན་གྱི་དག་ཆ། མཛད་པ་པོ། དཔལ་ཁང་ལོ་ཙཱ་བ།

གཉིས་པ། གོ་རྟོགས་ནུས་རྩལ།

སྒྲུང་ཐུང་སྣ་ཚོགས་དང་། དངོས་བསྐྱོད་ཟིན་ཐོ། དངོས་བྱུང་གཏམ་བརྒྱུད་བཅས་ལས་ཚན་པ་གཅིག་ཟུར་འདོན་གྱི་འགོད་པའམ། ཡང་ན་སྒྲུང་ཐུང་རིགས་ཡིན་ན་ཆ་ཚང་སློབ་ཚན་སྟོད་སྨད་ཀྱིས་འགོད་པ། དེ་མིན་སྐད་ཡིག་གཞན་ལས་བསྒྱུར་ཏེ་འགོད་པ་སོགས་ཅི་རིགས་ཀྱི་ལམ་ནས་འདེམས་སྒྲིག་གིས་འགོད་དགོས།

གསུམ་པ། ཡིག་རིགས་དང་རྩོམ་འབྲིའི་ཤེས་བྱ།

༡། རྒྱུན་སྤྱོད་ཡིག་རིགས།

རྒྱུན་སྤྱོད་ཡིག་རིགས་ལས་ཕ་མ་དང་སྤུན་མཆེད། གྲོགས་པོ་སོགས་ལ་གཏོང་ཡིག་འབྲི་སྟངས་དང། གསལ་བསྒྲགས་དང་ཟིན་བྲིས། ཉིན་ཐོ་འབྲི་སྟངས་བསླབ་རྒྱུ་དང། དེ་དག་གི་དཔེ་མཚོན་བཅས་འགོད་དགོས།

ཁྲིད་གཞིའི་ལམ་སྟོན།

བོད་ཀྱི་ཡིག་བསྐུར་རྣམ་གཞག སྐད་ཡིག་གཞན་ནས་བསྒྱུར་འགོད་བྱས་ཀྱང་ཆོག

༢། རྩོམ་འབྲིའི་ཤེས་བྱ།

ལྗོངས་རྣམ་དང་། དངོས་རྣམ། མི་སྣ་འབྲི་ཚུལ། སྲོག་ཆགས་འབྲི་ཚུལ། བྱ་བ་འབྲི་ཚུལ་བཅས་ཀྱི་རྩོམ་ཐབས་ངོ་སྤྲོད་བྱ་རྒྱུ།

བཞི་པ། རྩོམ་རིག

༡། ལྷུག་རྩོམ།

ཚིགས་བཅད་ཚིགས་ལྷུག་ཏུ་ཕབ་སྟངས་དང་། ཚིགས་བཅད་ཀྱི་བསྟན་དོན་ལ་གོ་རྟོགས་ཡོང་ཆེད། ས་སྐྱ་ལེགས་བཤད་དང་ཁ་ཆེ་ཕ་ལུའི་བསླབ་བྱ་སོགས། ལེགས་བཤད་རྩ་འགྲེལ་གང་རུང་ཞིག་བསླབ་གཞིར་འཇོག་དགོས།
དམངས་ཁྲོད་ཀྱི་གཏམ་དཔེ་དང་གབ་ཚིག་སོགས་འདེམས་སྒྲིག་གིས་དམངས་ཁྲོད་ཀྱི་གོམས་སྲོལ་ལ་གོ་རྟོགས་དང་། གཏམ་དཔེ་བེད་སྤྱོད་ཀྱིས་ངག་རྩལ་ཡར་རྒྱས་ཡོང་བར་བྱ་རྒྱུ།

ཁྲིད་གཞིའི་ལམ་སྟོན།

༡ ས་སྐྱ་ལེགས་བཤད།
༢ ཁ་ཆེ་ཕ་ལུའི་བསླབ་བྱ།
༣ བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས།

༢། སྙན་ངག།

  • ཚིགས་བཅད་འབྲི་སྟངས། ཚེག་བར་དྲུག་པ་ནས་དགུ་པ་བར།
  • ཀ་བཤད་རྩོམ་ཡིག་འབྲི་ཚུལ་ངོ་སྤྲོད་དང་། སློབ་ཕྲུག་གི་བློ་དང་འཚམ་པའི་ཀ་བཤད་རྩོམ་ཡིག་གི་དཔེ་མཚོན་གཅིག་ནས་གཉིས་བར་བཞག་སྟེ། སློབ་ཕྲུག་གི་ཀ་བཤད་རྩོམ་ཡིག་འབྲི་ཀློག་ལ་གོ་རྟོགས་སྤེལ་རྒྱུ།

ཁྲིད་གཞིའི་ལམ་སྟོན།

དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད།

༣། མྱུར་ཀློག་རྩལ་སྦྱོང་།

སློབ་ཕྲུག་རྣམས་ཀྱི་ཀློག་རྩལ་ཡར་རྒྱས་དང་། གོ་རྟོགས་གོང་འཕེལ་ཡོང་ཆེད། གནའ་དེང་གི་ལོ་རྒྱུས་ཀྱི་བྱུང་རབས་དང་། སྐྱེས་བུ་དམ་པའི་མི་ཚེའི་རྣམ་ཐར་ཟུར་བཀོལ་གྱིས་འགོད་དགོས།

ཁྲིད་གཞིའི་ལམ་སྟོན།

ངོས་ཀྱི་ཡུལ་དང༌ངོས་ཀྱི་མི་མང༌། ལེའུ་དང་པོ། མཛད་པ་པོ། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག ཤེས་རིག་པར་ཁང་།

ལྔ་པ། ཡིག་གཟུགས།

འཛིན་རིམ་དགུ་པར་ཚུགས་མ་འཁྱུག་ལེགས་པོ་འབྲི་ཤེས་པ་དགོས།

དྲུག་པ། རྒྱུན་མཐུད་ཞིབ་འཇུག་ (CCE) གི་རྩ་འཛིན།

༡། རྩ་བ་སོགས་བློ་འཛིན་དགོས་པའི་རིགས་རྒྱུན་མཐུད་ཞིབ་འཇུག་ (FA) གི་ཁོངས་སུ་བརྩི་དགོས།
༢། འབྲི་ཀློག་བཤད་གསུམ་གྱི་ལས་བྱ་དང་བྱེད་སྒོའི་ནུས་རྩལ་དང་མཉམ་ཞུགས་གནས་ཚད་ཀྱང་གལ་ཆེར་བརྩི་དགོས།
༣། རིགས་ལམ་དང་ནང་ཆོས་ལ་བརྒྱ་ཆ་༢༠ ལས་མ་ཉུང་བ་འཇོག་དགོས།