འཛིན་རིམ་དགུ་པ་དང་བཅུ་པའི་ཚན་རིག

 

ཚན་རིག་གི་བསླབ་གཞིའི་ནང་དོན།

ཚན་རིག་སློབ་ཚན་གྱིས་སློབ་ཕྲུག་གི་རྟོག་ཤེས་དང་། ཡིད་འགྱུར། (Affective) ལུས་སེམས་འགུལ་སྐྱོད་ (Phycomotor) བཅས་ཡར་རྒྱས་ཡོང་བར་ནུས་པ་གལ་ཆེན་ཞིག་ཐོན་གྱི་ཡོད་ལ། དེས་སློབ་ཕྲུག་གི་འདྲི་རྩད་ཀྱི་ནུས་པ་མཐོར་འདེགས་དང་།  གསར་གཏོད་ལ་དང་བ་བསྐྱེད་པ། དངོས་པོའི་གནས་ཚུལ་ངོ་མ་རྒྱུས་ལོན་ཆེད་བརྒྱུད་རིམ་ལྡན་པའི་བརྟག་ཞིབ་དང་བསམ་གཞིགས་གཏོང་རྒྱུར༌བློ་སྟོབས་སྤེལ་བ་མ་ཟད། མཛེས་དཔྱོད་ཀྱི་ཚོར་ཤེས་ཡར་རྒྱས་ཀྱི་རྒྱུ་རུ་འགྱུར་བ་ཡིན།

དེ་ལྟར་ཡང་གཞི་རིམ་བར་མའི་གནས་སྐབས་སུ། ཚན་རིག་གི་རྨང་གཞིའི་གོ་རྟོགས་ཕྲན་བུ་ཡར་རྒྱས་ཡོང་ཆེད། ལྟ་ཞིབ་དང་། ལྟ་ཞིབ་ཐོ་འགོད། དཔེ་རིས། རེའུ་མིག ཐིག་རིས་བཀོད་པ་བཅས་བརྒྱུད་ནས་སློབ་ཕྲུག་ཚོར་ཚན་རིག་སློབ་སྦྱོང་གི་བརྒྱུད་རིམ་ལ་ངེས་ཤེས་ཅུང་ཙམ་རྙེད་པར་བྱས་ཡོད། གཞི་རིམ་གོང་མ་འཛིན་རིམ་དགུ་པ་དང་བཅུ་པའི་སྐབས་དོན་སྤྱི་ (Abstraction) དང་གྲངས་འབོར་ལ་བརྟེན་པའི་གཏན་ཚིགས་ (Quantitative Reasoning) གཙོ་གནད་དུ་འཛིན་པའི་ཚན་རིག་སློབ་སྦྱོང་ལ་འཇུག་དགོས།

གཞི་རིམ་གོང་མའི་སྐབས་སུ་ཚན་རིག་དེ་རིག་ཚན་གཞན་དང་སྤྱི་མཚུངས་སུ་ཡོད་ནའང་། སྐབས་དེ་ནས་བཟུང་དངོས་ཁམས་རིག་པ༌དང་། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ་བཅས་ཀྱི་རིག་ཚན་ཐ་དད་དུ་འགྱུར་བའི་འགོ་བརྩམས༌ཡོད། བསླབ་གཞི་འདིའི་ནང་། དངོས་ཁམས་རིག་པ་དང་། རྫས་འགྱུར༌རིག་པ། སྐྱེ་དངོས༌རིག་པ། ཁོར་ཡུག་ཚན་རིག་བཅས་གཞི་རིམ་གོང་མའི་ཚན་རིག་བསླབ་གཞིའི་ནང་དོན་དེ་སྡེ་ཚན་ཆེ་ཁག་བཞི་ལ་དབྱེ་སྟེ། སྡེ་ཚན་སོ་སོའི་ནང་དོན་གནད་བསྡུས་སུ་བཀོད་ཡོད།

དམིགས་ཚད།

གཞི་རིམ་གོང་མའི་ཚན་རིག་སློབ་ཁྲིད་ཀྱི་དམིགས་ཚད་ནི། སློབ་ཕྲུག་ཚོས་ཚན་རིག་གི་ཤེས་བྱ་འདི་རྣམས་སྦྱངས་པ་བརྒྱུད་མ་མཐར་ཡང་གཤམ་གསལ་དགོས་འདུན་ཁག་འགྲུབ་ཐབས་བྱ་དགོས།

  • ཚན་རིག་གི་གོ་དོན་དང་། རྩ་འཛིན། ཁྲིམས་བཅས་ལ་གོ་རྟོགས་ཡོང་བར་བྱས་ཏེ་གཞི་རིམ་གྱི་ཤེས་བྱ་ཐོབ་པར་བྱ་རྒྱུ།
  • ཚན་རིག་གི་འཕྲུལ་ཆས་གསར་གཏོད་དང་། དཀའ་རྙོག་བསལ་བའི་འཇོན་ཐང་བསྐྱེད་པ།
  • ཚན་རིག་གི་གཤིས་སྤྱོད་དང་། བསམ་བློའི་འཁྱེར་སོ། རིན་ཐང་བཅས་གོང་འཕེལ་བཏང་སྟེ། བློ་རྒྱ་ཡངས་ཤིང་། གཞུང་དྲང་ཞིང་རྣམ་དཔྱོད་ལྡན་པ། ངང་རྒྱུད་རིང་བའི་གདེང་འཇོག། འདྲི་རྩད་ལ་གོམས་པ། འགྲོ་བ་མིའི་ཆེ་མཐོང་ལ་བརྩི་བཀུར་ཡོང་བ་ཞིག་ཏུ་འགྱུར་བ།
  • ཀུན་སྤྱོད་དང་། མི་ཆོས། མཛེས་དཔྱོད་ཀྱི་རིན་ཐང་བཅས་གོང་སྤེལ་བཏང་སྟེ། སྤྱི་ཚོགས་ཡོངས་དང་མི་སྒེར་གྱི་མི་ཚེ་དོན་ལྡན་དུ་བྱ་བ།
  • ཚན་རིག་མཁས་དབང་རྣམས་ཀྱིས་ཕུལ་བའི་ལེགས་སྐྱེས་ལ་མངོན་པར་བསྟོད་ཅིང་། ཚན་རིག་གི་ཤེས་བྱ་བཀོལ་སྤྱོད་ཁྲོད་ལེགས་ཉེས་ཀྱི་ཆ་ལ་ཚོར་བ་རྣོ་ཞིང་བླང་དོར་ཚུལ་བཞིན་ཤེས་པ།
  • སྐྱེ་ཁམས་སྲུང་སྐྱོབ་དང་། ཁོར་ཡུག་གཙང་སྦྲར་དོ་འཁུར། ཁོར་ཡུག་དང་འབྲེལ་བའི་ཀུན་ཁྱབ་འགན་ཁུར་གྱི་འདུ་ཤེས་བསྐྱེད་བསྲིང་།
  • ཚན་རིག་གི་མཐོ་རིམ་སློབ་སྦྱོང་ལ་སྤྲོ་བ་སླེབས་ཆེད། ཚན་རིག་གི་ཁྱད་ལས་ལ་འཇུག་པའི་འདུན་པ་ཤུགས་དྲག་བསྐྱེད་ཐབས་བཅས་སོ། །

 

འཛིན་རིམ་དགུ་པ།

ཚན་རིག

ཚན་པ་དང་པོ། སྐྱེ་དངོས༌རིག་པ།

༡། སྐྱེ་དངོས་ཀྱི་གཞི་རྩའི་གྲུབ་ཆ།

ཕྲ་ཕུང་གི་གཞི་རྩའི་སྒྲོམ་གཞི་དང་དབང་ཕྲ་ (Organelles) གྲུབ་ཆ། སྤྱིན་སྐྱིའམ་ཕུང་སྐྱི། (Plasma membrane or cell membrane) ཕྲ་ཕུང་གི་སྐྱི་སྐོགས། (Cell wall) ལྟེ་ཉིང་། (Nucleus) བཅུད་གཤེར། (Cytoplasm) ཕྲ་ཕུང་གི་དབང་ཕྲ༌སྟེ་ནང་རྫས་དྲ་བ། (Endoplasmic Reticulum) གྷོལ་གྷིའི་གཟུགས། (Golgi apparatus) ལྕེབ་སྒྱེ། (Lysosome) སྐུད་རྡུལ་གཟུགས། (Mitochondria) རྨེན་སྒྲོམ། (Plastids) གཤེར་ལྦུ་ (Vacuoles) བཅས་ཀྱི་ཆགས་ཚུལ་དང་བྱེད་ལས་ངོ་སྤྲོད།

༢། ཕུང་གྲུབ།

ཕུང་གྲུབ་ (Tissue) ཀྱི་གཞི་རྩའི་གོ་དོན་དང་། འཚར་གནས་ཕུང་གྲུབ། (Meristematic Tissue) བརྟན་ཆགས་ཕུང་གྲུབ། (Permanent Tissues) བརྟན་ཆགས་ཕུང་གྲུབ་དཀྱུས་མ། (Simple Permanent Tissues) བརྟན་ཆགས་སྣ་འདུས་ཕུང་གྲུབ་ (Complex Permanent Tissues) བཅས་རྩི་ཤིང་གི་ཕུང་གྲུབ་དང་།
སྐྱི་མོའི་ཕུང་གྲུབ། (Epithelial Tissues) འབྲེལ་བྱེད་ཕུང་གྲུབ། (Connective Tissues) ཤ་གནད་ཀྱི་ཕུང་གྲུབ། (Muscular Tissues) དབང་རྩའི་ཕུང་གྲུབ་ (Nervous Tissue) བཅས་སྲོག་ཆགས་ཀྱི་ཕུང་གྲུབ་ངོ་སྤྲོད།
རྩི་ཤིང་དང་སྲོག་ཆགས་ཀྱི་ཕུང་གྲུབ་གྲུབ་ཚུལ་དང་། ཁྱད་པར། ཁྱད་ཆོས། བྱེད་ལས་བཅས་ལ་ཕྲ་མཐོང་ཆེ་ཤེལ་སྤྱད་དེ་བརྟག་ཞིབ་ཀྱིས་སློབ་སྦྱོང་བྱས་པ་བརྒྱུད། སྐྱེ་དངོས་ཀྱི་དབང་པོ་འགྲུབ་བྱེད་དུ་གྱུར་པའི་ཕུང་གྲུབ་རིགས་མི་འདྲ་བ་ཁག་གི་བྱེད་ལས་དང་ཁྱད་ཆོས་ངོ་སྤྲོད༌བྱ་རྒྱུ།

༣། རྒྱལ་ཁམས་ (Kingdom) དང༌། སྡེ་པ། (Phylum/Division) ཚན་པ། (Class) རིམ་ཚན། (Order) ཁྱིམ་ཚན་ (Family) རྒྱུད་ཚན། (Genus) རིགས་ (Species) བཅས་ཚན་རིག་གི་ལམ་ནས་སྐྱེ་ལྡན་གྱི་རིགས་ཚན་དབྱེ་སྟངས་དང་མིང་འདོགས་སྟངས་ངོ་སྤྲོད་དང་འབྲེལ། རྒྱལ་ཁམས་སྡེ་ཚན་ལྔའི་ (Five kingdom) ནང་རིགས་ཚན་དབྱེ་སྟངས། རྩི་ཤིང་དང་སྲོག་ཆགས་ཀྱི་རྒྱལ་ཁམས་ལ་ནང་ཚན་དབྱེ་སྟངས་བཅས་ངོ་སྤྲོད་བྱེད་དགོས།
༤། སྟོན་ཐོག་ལེགས་པོ་ཡོང་བར་དགོས་ངེས་ཀྱི་ཆ་རྐྱེན་དང་འདེབས་ལས་ཀྱི་བརྒྱུད་རིམ། གནོད་འཚེ་སྔོན་འགོག་དང་སྲུང་སྐྱོབ། འཕེལ་ཁ་དང་སྤུས་ཚད་གོང་མཐོར་གཏོང་ཐབས། ཚན་རིག་དང་མཐུན་པའི་ཕྱུགས་རིགས་གསོ་ཉར་བྱེད་ཚུལ།

ཚན་པ་གཉིས་པ། དངོས་ཁམས་རིག་པ།

༡ བར་ཐག་དང་། གནས་སྤོ། (Displacement) མྱུར་ཚད་ (Velocity) བཅས་ཀྱི་འབྲེལ་བ། འགྲོས་སྙོམས་འགུལ་སྐྱོད་ (Uniform Motion) དང་འགྲོས་འགྱུར་འགུལ་སྐྱོད། (Non-uniform Motion) མྱུར་ཚད་འཕར་ཆ། (Acceleration) འགྲོས་སྙོམས་འགུལ་སྐྱོད་དང་མྱུར་ཚད་སྙོམས་འཕར་གྱི་འགུལ་སྐྱོད་ (Uniformly Accelerated Motion) ཁྲོད་དུས་ཚོད་དང་བར་ཐག དུས་ཚོད་དང་མྱུར་ཚད་བཅས་དབར་གྱི་འབྲེལ་བའི་ཐིག་རིས། (Graph) ཐིག་རིས་ཀྱི་ལམ་ནས་འགུལ་སྐྱོད་མཚོན་པའི་མཉམ་བྱ་འབྲི་ཚུལ། འགྲོས་སྙོམས་པའི་འགུལ་སྐྱོད་སྒོར་མོ་ (Uniform Circular Motion) ཡི་རྨང་གཞིའི་ཤེས་བྱ།
༢ ཤུགས་དང་འགུལ་སྐྱོད། ནེའུ་ཊོན་གྱི་འགུལ་སྐྱོད་ཀྱི་ཁྲིམས་གསུམ་ངོ་སྤྲོད། དངོས་གཟུགས་ཀྱི་བེམ་གཤིས་ (Inertia) དང་། གདོས་ཚད། (Mass) འགུལ་ནུས། (Momentum) ཤུགས་ (Force) དང་མྱུར་ཚད་འཕར་ཆ་དབར་གྱི་འབྲེལ་བ། བྱེད་ཤུགས་དང་བྱ་ཤུགས་ (Action and reaction force) བཅས་ཀྱིི་རྨང་གཞིའི་ཤེས་བྱ།
༣ འཐེན་ཤུགས་དང༌། ཀུན་ཁྱབ་འཐེན་ཤུགས་ཀྱི་ཁྲིམས། སའི་གོ་ལའི་འཐེན་ཤུགས་དང༌། འཐེན་ཤུགས་ལ་བརྟེན་པའི་མྱུར་ཚད་འཕར་ཆ། ལྗིད་ཚད་དང༌། གདོས་ཚད། རང་ལྷུང༌། (Freefall)
༤ གནོན་ཤུགས་ (Pressure) དང་སྣུན་ཤུགས་ (Thrust) ཀྱི་གོ་དོན་ངོ་སྤྲོད། ཨར་ཁི་མི་ཌིའི་རྩ་འཛིན། (Archimedes’ Principle) གཡེང་ཤུགས། (Buoyancy) ལྟོས་འབྲེལ་སྟུག་ཚད་ (Relative Density) བཅས་ཀྱི་རྨང་གཞིའི་ཤེས་བྱ།
༥ ཤུགས་དང༌། ནུས་པ། ལས་ཕྱོད་ (Power) ཀྱིི་གོ་དོན་དང༌། འགུལ་ནུས་ (Kinetic Energy) དང་གནས་ནུས། (Potential Energy) བཅས་ངོ་སྤྲོད།
༦ སྒྲའི་རང་བཞིན་དང་། བརྒྱུད་ལམ་མི་འདྲ་བའི་ནང་བརྒྱུད་ཁྱབ། (Propagation) སྒྲའི་མགྱོགས་ཚད། མིའི་ཉན་བྱེད་དབང་པོའི་གྲུབ་ཚུལ་དང་རྣ་དབང་གིས་ཟིན་པའི་སྒྲའི་ཟློས་ཕྱོད། (Frequency) ཐོས་ཚད་བརྒལ་སྒྲ་ (Ultrasound) སྒྲའི་ལྡོག་འཕྲོ། (Reflection) བྲག་ཅ། (Echo) སོ་ནར་ (SONAR) བཅས་ཀྱི་ཤེས་བྱ།

ཚན་པ་གསུམ་པ། རྫས་འགྱུར་རིག་པ།

༡ དངོས་གཟུགས་ཀྱི་གོ་དོན་དང༌། སྲ་གཟུགས་དང༌། གཤེར་གཟུགས། རླུང་གཟུགས་བཅས་དངོས་གཟུགས་ཀྱི་རྣམ་པ་གསུམ་དང༌། དེ་དག་གི་དབྱིབས་དང༌། བོངས་ཚད། སྟུག་ཚད་བཅས་ཀྱི་ཁྱད་ཆོས། བཞུ་འགྱུར་དང༌། འཁྱགས་འགྱུར། རླངས་འགྱུར། རླངས་གཟུགས་གཤེར་འགྱུར། (Condensation) སྲ་རླངས་ཐད་འགྱུར་ (Sublimation) བཅས་དངོས་གཟུགས་ཀྱི་རྣམ་པ་འཕོ་འགྱུར་འབྱུང་ཚུལ།
༢ རྩ་རྫས་དང༌། འདུས་རྫས། འདྲེས་རྫས་བཅས་ཀྱི་གོ་དོན་དང་ངོས་འཛིན། སྙོམས་པའི་འདྲེས་རྫས་ (Homogeneous Mixtures) དང་མི་སྙོམས་པའི་འདྲེས་རྫས། (Heterogeneous Mixtures) ལྡིང་ཁུ། (Colloid) ཉོག་ཁུ། (Suspension)
༣ མ་རྡུལ་དང་ཆ་རྡུལ་གྱི་གྲུབ་ཚུལ། མོ་རྡུལ་དང༌། ཕོ་རྡུལ། བར་རྡུལ་སོགས་མ་རྡུལ་གྱི་གྲུབ་ཆ་སོ་སོའི་ཁྱད་ཆོས་དང་གྲུབ་ཚུལ། མ་རྡུལ་དང་ཆ་རྡུལ་གྱི་གདོས་ཚད། གདོས་ཚད་ཀྱི་ཚད་གཞི་མཽལ་ (Mole) གྱི་ཕྲ་རྡུལ་དང་གྲངས་འབོར་དབར་གྱི་འབྲེལ་བ། སྡེབ་ནུས། (Valency) རྒྱུན་སྤྱོད་འདུས་རྫས་རྣམས་ཀྱི་རྫས་འགྱུར་ཆོ་ག་བཅས་ངོ་སྤྲོད་བྱེད་དགོས།

ཚན་པ་བཞི་པ། ཁོར་ཡུག་ཚན་རིག

༤ ས་ཆུ་རླུང་གསུམ་གཙོས་པའི་འཛམ་གླིང་གི་རང་བྱུང་ཐོན་ཁུངས་དང༌། དེ་དག་ལ་འབག་བཙོག་ཤོར་སྟངས། སྐྱེ་དངོས་ས་ཁམས་རྫས་ཀྱི་རྒྱུན་འཁོར། (Biogeochemical Cycles) དྲོད་ཁང་གི་ཤུགས་རྐྱེན། (Greenhouse Effect) གོ་ལའི་བླ་བྲེ་ (Ozone Layer) བཅས་ངོ་སྤྲོད་བྱས་ནས། ས་ཆུ་རླུང་གསུམ་འབག་བཙོག་ལ་བརྟེན་ནས་སྐྱེ་ལྡན་གྱི་འཚོ་གནས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་ཤེས་རྟོགས་ཡོང་བ་བྱ་རྒྱུ།

འཛིན་རིམ་བཅུ་པ།

ཚན་རིག

ཚན་པ་དང་པོ། རྫས་འགྱུར་རིག་པ།

༡ རྫས་འགྱུར་དང་དེའི་མཉམ་བྱ།

རྫས་འགྱུར་གྱི་མཉམ་བྱ་མཚོན་ཚུལ་དང་མཉམ་བྱ་དོ་སྙོམས་ཚུལ། མཉམ་སྦྱོར་རྫས་འགྱུར༌ (Combination Reaction) དང་། གྱེས་གྲུབ་རྫས་འགྱུར། (Decomposition Reaction) གནས་བརྗེའི་རྫས་འགྱུར། (Displacement Reaction) ཉིས་ལྡབ་གནས་བརྗེའི་རྫས་འགྱུར། (Double Displacement Reaction) འཚོ་རླུང་ལེན་པའི་རྫས་འགྱུར་དང་འཚོ་རླུང་འདོར་བའི་རྫས་འགྱུར། (Oxidation and Reduction) ཉིན་རེའི་འཚོ་བའི་ནང་གི་འཚོ་ལེན་རྫས་འགྱུར་ (Oxidation) ལ་བརྟེན་ནས་དངོས་པོའི་སྤུས་ཚད་ལ་གནོད་སྐྱོན་འབྱུང་ཚུལ་ངོ་སྤྲོད།

༢ རྒྱུ་རྫས།

རྒྱུན་སྲོལ་ལྟར་སྐྱུར་དང༌། བུལ། ཚྭ་བཅས་ཀྱི་རྫས་འགྱུར་བྱེད་ཚུལ་དང༌། དེ་དག་གི་ཁྱད་ཆོས་ཁག་ངོ་སྤྲོད་བགྲོ་གླེང་བྱེད་པ་དང༌། སྐྱུར་དང་བུལ་གཉིས་ཀྱི་སྤྱིར་བཏང་གི་ཁྱད་ཆོས་ཁག་དང་ནུས་ཚད་ལ་ཚོད་ལྟ་བྱེད་པ། བཞུ་ཁུའི་ནང་ཡང་རླུང་གྱེས་རྡུལ་གྱི་གར་ཚད་ཚད་གཞི་pH དང་དེའི་གལ་གནད། བུལ་ཚྭ་ཡང་འཚོ་ཅན། (Sodium Hydroxide) དཀར་ཚོས་ཕྱེ་མ། (Bleaching Powder) གསོབ་བུལ། (Baking Soda) ཁྲུས་བུལ། (Washing Soda) པེ་རི་སིའི་སྦྱིལ་འདམ་ (Plaster of Paris) བཅས་ཚྭ་ཡི་རིགས་མི་འདྲ་བའི་བཟོ་སྟངས་དང་བེད་སྤྱོད།

༣ ལྕགས་རིགས་དང་ལྕགས་རིགས་མ་ཡིན་པ།

ལྕགས་རིགས་དང་ལྕགས་རིགས་མ་ཡིན་པའི་གཟུགས་དང་རྫས་ཀྱི་ཁྱད་ཆོས་དང༌། རྫས་འགྱུར་བྱེད་ཤུགས་རིམ་པ། (Reactivity Series) གྱེས་རྡུལ་འདུས་རྫས་ (Ionic Compound) ཀྱི་གྲུབ་ཚུལ་དང་ཁྱད་ཆོས། ལྕགས་རིགས་ཞུན་སྦྱང་གི་བརྒྱུད་རིམ། (Metallurgical Processes) གཡའ་འགྱུར་ (Corrosion) དང་དེ་སྔོན་འགོག་བྱེད་ཐབས།

༤ སོལ་རྫས་དང་དེའི་འདུས་རྫས།

སོལ་རྫས་ནང་གི་སྡེབ་རྡུལ་འཆིང་ (Covalent Bond) དང༌། སོལ་རྫས་ཀྱི་ཁྱད་མང༌རང་བཞིན། (Versatile Nature of Carbon) སོལ་རྫས༌ཀྱི་བརྒྱུད་སྦྲེལ། (Chains) ཡལ་ག (Branches) གདུ༌བུ་ (Rings) བཅས་དང་། སོལ་རྫས་འདུས་རྫས་ཀྱི༌ཐ་སྙད་རྣམ་གཞག (Nomenclature) ཡང་སོལ་འདུས་རྫས་ (Hydrocabon Compound) དང་། གང་བ་དང་མ་གང་བའི་ཡང་སོལ། (Saturated and Unsaturated Hydrocarbon) རྒྱུད་མཐུན་རིམ་རྫས། (Homologous Series) འབར་གྲུབ་ (Combustion) དང་། འཚོ་རླུང་ལེན་གྲུབ། (Oxidation) སྣོན་གྲུབ། (Addition) ཚབ་གྲུབ་རྫས་འགྱུར་ (Substitution Reaction) བཅས་སོལ་རྫས་འདུས་རྫས་ཀྱི་རྫས་ཀྱི་ཁྱད་ཆོས། མཚེ་རླུང་ཆང་རག་ཅན། (Ethanol) མཚེ་རླུང་སོལ་འཚོའི་སྐྱུར་ (Ethanoic Acid) བཅས་ཀྱི་ཁྱད་ཆོས་དང་བེད་སྤྱོད། ཡི་ཙི་དང་འདག་ཆལ་ (Detergent)

༥ དུས་འཁོར༌ལ་བརྟེན་པའི་རྩ་རྫས་ཀྱི་དབྱེ་བ།

རྩ་རྫས་ཀྱི་དབྱེ་ཚུལ་དང་དེའི་དགོས་པ། མེཎ་ཌེ་ལིབ་ (Mendeleev) ཀྱི་དུས་འཁོར་རེའུ་མིག དེང་རབས་ཀྱི་དུས་འཁོར་རེའུ་མིག རྩ་རྫས་ཀྱི་ཁྱད་ཆོས་འགྱུར་རིམ་སྟེ་སྡེབས་ནུས༌དང་། མ་རྡུལ་ཆ་ཚད། ལྕགས་རིགས་དང་ལྕགས་རིགས་མ་ཡིན་པའི་ཁྱད་ཆོས།

ཚན་པ་གཉིས་པ། སྐྱེ་དངོས་རིག་པ།

༡ ཚེ་སྲོག་གི་བརྒྱུད་རིམ།

རྩི་ཤིང༌དང་། སྲོག་ཆགས། མི་བཅས་ཀྱིས་འཚོ་བཅུད་སྡུད་ལེན་ (Nutrition) བྱེད་ཚུལ་དང་། དབུགས་འབྱིན་རྔུབ་དང་། སྐྱེལ་འདྲེན། ཕྱིར་འདོར་བཅས་ཀྱི་བརྒྱུད་རིམ།

༢ སྟངས་འཛིན་དང་འབྲེལ་མཐུད། (Control and Co-ordination)

སྲོག་ཆགས་ཀྱི་དབང་རྩའི་མ་ལག། ཀླད་པའི་གྲུབ་ཆ་དང་བྱེད༌ལས། དབང་རྩའི་ཕུང་གྲུབ། (Voluntary, Involuntary and Reflex action) སྲོག་ཆགས་དང་རྩི་ཤིང་གི་སྐུལ་རྫས་ (Hormone) སྟངས་འཛིན་དང་འབྲེལ་མཐུད། རྩི་ཤིང་གི་དྲོད་འོད་འགུལ་སྐྱོད་སྐྱེ་འཚར། (Tropic Movement in Plants)

༣ སྐྱེ་འཕེལ། (Reproduction of Organisms)

སྐྱེ་དངོས་ཀྱི་སྐྱེ་འཕེལ་ལས་མཚན་ལྡན༌སྐྱེ་འཕེལ༌ (Sexual Reproduction) དང་མཚན་མེད་སྐྱེ་འཕེལ། (Asexual Reproduction) སྐྱེ་འཕེལ་བདེ་ཐང་དང་། གཉན་ནད་རེག་དུག་ (HIV/AIDS) སོགས་ལུས་འབྲེལ་ལས་བྱུང་བའི་འགོས་ནད་སྔོན་འགོག་དང་། སྦྲུམ་འགོག་གི་ཐབས་ལམ།

༤ རྒྱུད་གཤིས་ (Heredity) དང་རིམ་འགྱུར།

རྒྱུད་གཤིས༌དང་། མན་ཌལ་ (G.J.Mendel) གྱི་ཁྱད་རྣམ་རྒྱུད་འཛིན་གྱི་ཁྲིམས། (Laws for The Inheritace of Traits) ཕོ་མོའི་མཚན་མ་ངེས་ཚུལ། (Sex Determination) རིམ་འགྱུར་གྱི་གོ་དོན་དང༌ར་སྤྲོད།

ཚན་པ་གསུམ་པ། དངོས་ཁམས་རིག་པ།

༡ འོད་ཀྱི་ལྡོག་འཕྲོ་ (Reflection) དང་འཁྱོག་འཕྲོ། (Refraction)
ཟླུམ་གཟུགས་མེ་ལོང་ (Spherical Mirror) ལས་ཀོང་ངོས་ (Convave) དང་འབུར་ངོས་ (Convex) སུ་གཟུགས་བརྙན་འཆར་ཚུལ་གྱི༌ཁྱད་པར་དང་བེད་སྤྱོད། གྲུ་ནར་ཤེལ་ལེབ་ལ་འོད་འཁྱོག་འཕྲོ་བྱེད་ཚུལ་དང་འཁྱོག་འཕྲོའི་ཕྱོགས། ཟླུམ་གཟུགས་དྭངས་ཤེལ་ལས་ཀོང་ངོས་ (Convave) དང་འབུར་ངོས་ (Convex) བརྒྱུད་གཟུགས་བརྙན་འཆར་ཚུལ་གྱི༌ཁྱད་པར་དང་བེད་སྤྱོད། འོད་ཐིག་གི་དཔེ་རིས་ལ་བརྟེན་ནས་མེ་ལོང་དང་དྭངས་ཤེལ་བརྒྱུད་གཟུགས་བརྙན་འཆར་ཚུལ།
མེ་ལོང་དང་དྭངས་ཤེལ་གྱི་སྤྱི་སྲོལ་མཚོན་རྟགས། (Sign Convention) མེ་ལོང་དང་དྭངས་ཤེལ་གྱི་ཆོ་ག (Mirror and Lens Formula) དང་ཆེར་སྐྱེད། (Magnification)

༢ དྭངས་ཤེལ་གྱི་ཤུགས་ཚད། (Power of Lens) མིག་གི་གྲུབ་ཚུལ་དང་བྱེད་ལས། མིག་ཤེས་ཉམས་སྐྱོནདང་སེལ་ཐབས། འཇལ་ཤེལ་ (prism) གྱི་འཁྱོག་འཕྲོ། འོད་འགྲེམས་ཚུལ། (dispersion of light) འོད་ཀྱི་ཐོར་འགྲེམས། (Scattering of Light) རྒྱུན་གཏན་འཚོ་བའི་ཁྲོད་འོད་ཀྱི་ཐོར་འགྲེམས་དང་འབྲེལ་བའི་རྒྱུན་ཤེས་བཅས།

༣ གློག་རྒྱུན་ (Electric Current) དང་གློག་ལམ། (Electric Circuit)
གློག་རྒྱུན་དང་། གློག་སྟོབས། (Electric Potential) གློག་སྟོབས་ཁྱད་པར། (Potential Difference) ཨཱོམ་གྱི་ཁྲིམས། (Ohm’s Law) འགོག་ཤུགས། (Resistance) གློག་ལམ་ནང་ཕྲེང་སྦྲེལ་འགོག་ཆས་ (Resistors in Series) དང་གཤིབ་སྦྲེལ་འགོག་ཆས་ (Resistors in Parallel) སྒྲིག་ཚུལ། གློག་རྒྱུན་གྱིས་ཚ་དྲོད་ཀྱི་ནུས་པ་འདོན་ཚུལ། གློག་ཤུགས། (Electric Power)

༤ ཁབ་ལེན་གྱིས་གློག་རྒྱུན་ལ་ནུས་པ་འདོན་ཚུལ།

ཐད་ཀར་འཁྲིད་གཟུགས་ (Straight Conductor) དང་། འཁོར་རྒྱུག་གུག་ལུང་དང་དཀྲིས་སྦུག་ (Circular Loop and Solenoid) བཅས་ཀྱི་གློག་རྒྱུན་ལྡན་པའི་འཁྲིད་གཟུགས་ཀྱི་ཁབ་ལེན་ར་བ་ (Magnetic Field) དང༌། གློག་རྒྱུན་ཁུར་བའི་འཁྲིད་གཟུགས་སྟེང་ལ་ཤུགས་ཐེབས་ཚུལ། (Force on Current Carrying Conductor) ལག་གཡས་མཐེབ་མཛུབ་ཀྱི་ཁྲིམས་སྲོལ། (Right Hand Thumb Rule) གློག་ཁབ་ལེན་ནུས་པ། (Electromagnetism) ཧྥུ་ལེ་མིན་གྱི་ལག་གཡས་ཁྲིམས་སྲོལ། (Fleming’s Right Hand Rule) གློག་ཁབ་ལེན་ནུས་པའི་ལྟོས་འབྱུང་། (Electromagnetic Induction) གློག་ནུས་སྒྱུར་ཆས་ (Electric Motor) ཀྱིས་གློག་གི་ནུས་པ་འཕྲུལ་འཁོར་གྱི་ནུས་པར་སྒྱུར་ཚུལ། གློག་འདོན་འཕྲུལ་འཁོར་ (Electric Generator) གྱི་གནས་ལུགས་དང་བེད་སྤྱོད་བྱེད་སྟངས། གློག་ཁང་དང༌། གློག་འདོན་སྟངས། གློག་དབོར་འདྲེན། གློག་གི་མི་ཊར་ཀློག་སྟངས། གློག་གྲོན་དངུལ་འབབ་རྩི་ཚུལ། ཁྱིམ་ཚང་ནང་གློག་ཁྲིད་སྟངས་དང་གློག་རྒྱུན་དཔེ་རིས་འབྲི་ཚུལ།

ཚན་པ་བཞི་པ། ཁོར་ཡུག་ཚན་རིག

༡ ནུས་པའི་ཐོན་ཁུངས།

རྣམ་པ་མི་འདྲ་བའི་ནུས་པ་དང་། རྒྱུན་སྲོལ་དང་རྒྱུན་སྲོལ་མ་ཡིན་ནུས་པའི་ཐོན་ཁུངས། འགྱུར་རྡོ་བུད་རྫས། ཉི་འོད་ནུས་པ། སྐྱེ་ལྡན་སོལ་རླངས། ལྷགས་པ་དང་ཆུ། དུས་རླབས་ཀྱི་ནུས་པ། ལྟེ་ཉིང་གི་ནུས་པ། བསྐྱར་གསོ་ཐུབ་པ་དང་བསྐྱར་གསོ་མི་ཐུབ་པའི་ཐོན་ཁུངས།

༢ ཁོར་ཡུག་ཤེས་བྱ།

སྐྱེ་ཁམས་མ་ལག་དང་ཁོར་ཡུག་གི་དཀའ་ངལ། ཨཽ་ཛོན་ཉམས་ཟད། གད་སྙིགས་གཙང་སེལ་བྱེད་ཐབས། རུལ་ཐུབ་པ་ (Biodegradable) དང་རུལ་མི་ཐུབ་པའི་ (Non-biodegradable) དངོས་རྫས།

༣ རང་བྱུང་ཐོན་ཁུངས་གཅེས་ཉར།

རང་བྱུང་ནུས་པའི་ཐོན་ཁུངས་དོ་དམ་དང་གཅེས་ཉར་བྱེད་ཚུལ། ནགས་ཚལ་དང་རི་སྐྱེས་སྲོག་ཆགས། རྡོ་སོལ། རྡོ་སྣུམ་སོགས་གཅེས་ཉར་བྱེད་ཕྱོགས། ཐོན་ཁུངས་བསྐྱར་བཟོ་ (Recycle) དང་། བསྐྱར་སྤྱོད། (Reuse) བསྲི་ཚགས་ (Reduce) བྱེད་ཐབས།