བཤེས་གཉེན་བསྟེན་ཚུལ།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས།

བཤེས་གཉེན་བསྟེན་ཚུལ་ཟེར་བ་དེ་དགེ་རྒན་བསྟེན་སྟངས་དང༌། དགེ་རྒན་གང་འདྲ་ཞིག་བསྟེན་དགོས་མིན། དགེ་རྒན་ལ་བརྩི་བཀུར་ཇི་འདྲ་བྱེད་དགོས་མིན་སོགས་ཀྱི་སྐོར་ཡིན་པས་ཆོས་བྱེད་མཁན་དང་མི་བྱེད་མཁན་གཉིས་ཀར་དགོས་མཁོ་ཡོད་པ་ཞིག་ཡིན། བཤེས་གཉེན་བསྟེན་ཚུལ་དེ་ལའང་ནང་གསེས་དུ་མ་ཡོད་དེ།
(༡)བཤེས་གཉེན་བསྟེན་དགོས་པའི་རྒྱུ་མཚན།
<༡> བསླབ་ཤེས་ཀྱི་ཡོན་ཏན་ནི་དེའི་དུས་རིམ་དམའ་ཤོས་ཡིན། རང་ཉིད་ཡོན་ཏན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་ལ་རང་ལ་བླང་དོར་སྟོན་པའི་སློབ་དཔོན་དང་དགེ་བའི་བཤེས་གཉེན་ཞིག་དགོས། དེ་མིན་ན་རང་ལ་ཡོན་ཏན་གང་ཡང་ཡོང་ཐབས་མེད། ཤེས་ཡོན་གང་ཡིན་ཀྱང་དེ་ལེགས་པར་ཤེས་མཁན་ཀྱི་སློབ་དཔོན་ལ་བསྟེན་ནས་བསླབ་དགོས། དགེ་བའི་བཤེས་གཉེན་ཞེས་པ་ནི་དགེ་རྒན་ཀྱི་དོན་ཡིན་པ་དང༌། དགེ་རྒན་ཞེས་པའི་གོ་དོན་ནི་རང་ཉིད་སྒོ་གསུམ་དགེ་ལ་སྦྱར་ཞིང༌། རང་ལས་ཡོན་ཏན་གྱིས་རྒན་པ་ཡིན་པས་དགེ་རྒན་ཞེས་འབོད། ལུས་ངག་ཡིད་གསུམ་ནི་ལུས་ཀྱི་བྱ་སྤྱོད། ངག་གི་གཏམ་བརྗོད། ཡིད་ཀྱི་བསམ་བློ་གཏོང་སྟངས་ཏེ་དེ་གསུམ་ཡིན་ཅིང༌། དགེ་རྒན་ཞིག་ལ་ཆ་བཞག་ན་མི་གཞན་སྒོ་གསུམ་དགེ་ལ་སྦྱོར་བར་སྔོན་ལ་རང་ཉིད་སྒོ་གསུམ་དགེ་བ་ལ་སླེབས་པ་ཞིག་དགོས་པ་དང༌། དགེ་ཕྲུག་ལས་ཡོན་ཏན་གྱིས་རྒན་པ་སྟེ་ཤེས་བྱའི་གནས་ཚད་མཐོ་བ་ཞིག་དགོས། དེ་ཡང་བསླབ་ཤེས་ཀྱི་ཡོན་ཏན་ནི་དེའི་དུས་རིམ་དམའ་ཤོས་ཡིན་ཏེ་ཡོན་ཏན་ནམ་ལག་ཤེས་གང་ཡིན་ཀྱང་བསླབ་ནས་ཤེས་དགོས་པ་ལས་མ་བསླབ་པའི་ཡོན་ཏན་དང་མ་སྒོམ་པའི་གྲུབ་ཐོབ་ཟེར་བ་ཡོང་ཐབས་མེད། ཡོན་ཏན་དང་ལག་ཤེས་གང་ཞིག་ཡིན་ནའང་དེ་སློབ་སྦྱོང་བྱེད་པའི་དུས་རིམ་ལ་མཐོ་དམན་གཉིས་ཡོད་དེ་ཐོག་མ་མིའི་མདུན་ནས་ཚུར་སློབ་སྦྱོང་བྱེད་པའི་དུས་རིམ་དེ་ནི་དུས་རིམ་དམའ་བ་དེ་ཡིན་པ་དང༌། རང་གིས་རང་སྦྱོང་བྱེད་ཐུབ་པའི་གནས་ཚད་ལ་སླེབས་ནས་མང་ཆེ་བ་རང་གིས་བལྟས་ནས་ཤེས་ཐུབ་པའི་དུས་རིམ་དེ་ནི་མཐོ་བ་དེ་ཡིན། དེ་ནི་ཤིང་བཟོ་རྡོ་བཟོ་དང་རོལ་མོ་སོགས་ཚང་མ་དེ་ལྟར་ཡིན་ཏེ་དགེ་རྒན་མ་བསྟེན་པའི་ཡོན་ཏན་དེས་ཕུགས་འཁྱོལ་ཐབས་གཏན་ནས་མེད་ལ་དཔེར་ན་སློབ་དེབ་འདིར་ཆ་བཞག་ནའང་ཁྱེད་ཚོས་གཟིགས་དུས་ནང་དོན་ཚང་མ་མཁྱེན་གྱི་ཡོད་པ་ལྟ་བུ་ཞིག་ཡོད་ནའང་ངས་ཡང་བསྐྱར་འགྲེལ་བཤད་བྱས་ནས་སློབ་ཁྲིད་བྱེད་དུས་དཔེ་ཆ་གསར་པ་ཞིག་ཁྲིད་པ་ལྟ་བུའི་ཚོར་སྣང་ཡོང་གི་ཡོད་པ་ལྟ་བུ་ཡིན། དེང་སྐབས་གཞོན་ནུ་མང་པོ་ཞིག་རང་སྦྱོང་བྱས་ནས་མཁས་པ་ཆགས་ཡོད་ནའང་དེ་ཚོ་རང་སྦྱོང་བྱས་ནས་མཁས་པ་ཆགས་ཐུབ་པའི་རྨང་གཞི་དེ་དགེ་རྒན་གྱིས་བསླབ་ནས་བྱུང་བ་རེད། རྨང་གཞི་ངེས་ཅན་ཞིག་ཏུ་སླེབས་རྗེས་གཞི་ནས་སོ་སོས་བལྟས་ན་ཤེས་ཐུབ། འོན་ཀྱང་རང་གིས་བལྟས་ནས་ཤེས་པ་དང་དགེ་རྒན་གྱིས་བསླབ་པ་དེ་གཏིང་ཟབ་ལོས་དང་རྒྱ་ཆེ་ཆུང་རྩ་བ་ནས་འདྲ་ས་མེད། དཔེར་ན་<<ས་སྐྱ་ལེགས་བཤད་>>དང༌། <<བྱ་སྤྲེལ་གཏམ་རྒྱུད་>>སོགས་ཀྱི་དཔེ་ཆ་དེ་ཚོ་ཧ་ཅང་གོ་བདེ་པོ་ཡོད་ནའང་རང་སོ་སོས་བལྟས་པ་དང་དགེ་རྒན་གྱིས་ཁྲིད་པ་དེ་གཏན་ནས་འདྲ་ས་མེད། དེའི་ཐད་ང་རང་ལ་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། སློབ་མཁན་མེད་པར་རང་གིས་མིག་བལྟས་ནས་ཤེས་པ་དང༌། དཔེ་ཐོག་ནས་ཤེས་པ། རྐུ་ཐབས་ཀྱིས་ཤེས་པ་བཅས་ཀྱི་ཤེས་ཡོན་གང་ཡིན་ཀྱང་དགོས་དུས་སུ་ཕན་ནུས་ཐོན་པ་ཧ་ཅང་དཀའ་བས། ཤེས་ཡོན་གང་འདྲ་ཞིག་ཤེས་འདོད་ཡོད་ན་ཡང༌། ཡོན་ཏན་དེ་ལ་མཁས་ཤིང་བྱང་ཆུབ་པའི་སློབ་དཔོན་བསྟེན་ནས་ཁེངས་སྐྱུངས་ཀྱིས་སློབ་སྦྱོང་བྱེད་དགོས། བསླབས་ཤེས་ཀྱི་ཡོན་ཏན་དེ་འབྲས་བུ་ཅན་གྱི་ལྗོན་ཤིང་དང་འདྲ་བར་དུས་སུ་བབས་པ་ན་ཕན་འབྲས་གཞན་དང་མི་འདྲ་བ་ཐོན་ཐུབ།
<༢> བསླབས་ནས་ཤེས་པའི་ཡོན་ཏན་དེ་ཡོན་ཏན་ཀུན་གྱི་རྨང་གཞི་དང་མཇུག་ཏུ་འབྲས་བུ་སྨིན་པའི་རྒྱུ་ཡིན། བསླབས་ཤེས་ཀྱི་ཡོན་ཏན་དེ་བརྒྱུད་ནས་རང་གིས་དེ་སྔོན་སློབ་སྦྱོང་བྱེད་མ་མྱོང་བའི་ཡོན་ཏན་མང་པོ་ཞིག་གི་སྒོ་ཕྱེ་བ་ལྟར་གཅིག་ལ་གཅིག་བརྒྱུད་ཀྱི་རང་སྦྱོང་བྱེད་ཐུབ་པ་ཡོང་རྒྱུ་རེད། སྔོན་བྱུང་གི་མཁས་པ་མང་པོ་དང༌། དེང་རབས་ཀྱི་གསར་བརྗེའི་སློབ་དཔོན་རྣམ་པ། ཚན་རིག་མཁས་ཅན་མང་པོ་ཞིག་བཅས་ཀྱང་ཐོག་མར་ཤེས་ཡོན་སྣེ་གཅིག་ལ་མཁས་པའི་སློབ་དཔོན་མང་པོ་བསྟེན་ནས་བསླབས་ཤེས་བྱུང་བའི་ཡོན་ཏན་གྱི་རྨང་གཞི་དེ་ཚོ་བརྒྱུད་ནས་ཤེས་ཡོན་སྣེ་གཅིག་ལ་བྱང་ཆུབ་པ་དང༌། སྣེ་མང་ལ་མཁས་པ་ཞིག་ཏུ་གྱུར་པ་ཤ་སྟག་ཡིན། དེ་ཡང༌། རིག་པ་གཞོན་པའི་དུས་སུ་སློབས། །ཞོ་འདོད་བ་མོ་དགུན་ནས་གསོ། །ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ། །འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། །ཞེས་པ་ལྟར་རོ།།
<༣> བསླབས་ཤེས་ཀྱི་ཡོན་ཏན་ནི་རང་སྦྱོང་བྱ་རྒྱུའི་རྨང་གཞི་མེད་དུ་མི་རུང་བ་ཞིག་ཡིན་པ། འགའ་ཞིག་གི་བསམ་པར། ཡོན་ཏན་ཐམས་ཅད་བསླབས་ནས་ཤེས་དགོས་པའི་ངེས་པ་མེད་ཅིང༌། སློབ་མཁན་མེད་པར་རང་སྦྱོང་བྱས་ནས་མཁས་པ་ཆགས་པ་མང་པོ་འདུག་བསམས་ན། དེ་ནི་ཐོག་མ་ཉིད་ནས་སློབ་མཁན་མེད་པར་རང་ཉིད་ལ་ཡོད་པའི་སྐྱེས་སྟོབས་ཀྱི་ཤེས་རབ་ལ་བརྟེན་ནས་ཤེས་པ་ཞིག་མིན། རང་སྦྱོང་བྱས་ཏེ་ཤེས་པའི་ཡོན་ཏན་དེ་འདྲ་ཡོང་བ་ལ་ངེས་པར་དུ་རང་ལ་ཤེས་ཡོན་གྱི་རྨང་གཞིའི་ཆུ་ཚད་མཐོ་ཙམ་ཞིག་ཡོད་དགོས། དེ་མེད་ན་རང་ཉིད་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ཇི་ཙམ་རྣོན་པོ་ཡོད་ཀྱང༌། གྲུབ་འབྲས་དེ་འདྲ་ཐོབ་མི་ཐུབ། ད་ལྟ་རང་ཉིད་ཀྱིས་རང་སྦྱོང་བྱས་ཏེ་ཤེས་པའི་ཤེས་ཡོན་དེ་དག་དེ་སྔོན་སློབ་དཔོན་གྱིས་རང་ལ་བསླབས་མྱོང་བའི་ཤེས་ཡོན་དེ་ཚོ་དང་དངོས་བརྒྱུད་གང་ཐད་ནས་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པས། རང་སྦྱོང་བྱས་ནས་ཤེས་པའི་ཡོན་ཏན་ལ་བསླབས་ཤེས་ཀྱི་ཡོན་ཏན་དང་འདྲ་བའི་རྒྱ་ཆེ་བ་དང་གཏིང་ཟབ་པའི་ཁྱད་ཆོས་དེ་འདྲ་མེད།
<༤> སློབ་དཔོན་བསྟེན་ནས་ཤེས་པའི་ཡོན་ཏན་ལ་ཁྱད་ཆོས་བརྒྱད་ཡོད།

  1. བླང་དོར་མི་ཤེས་པའི་སྐབས་སུ་ལེགས་ཉེས་སྟོན་པའི་མིག་ལྟ་བུ།
  2. སློབ་དཔོན་མེད་པའི་སྐབས་སུ་ལམ་སྟོན་སྒྲོན་མེ་ལྟ་བུ།
  3. སེམས་ཞུམ་པའི་སྐབས་སུ་སྤྲོ་བ་བསྐྱེད་པའི་བདུད་རྩི་ལྟ་བུ།
  4. ང་རྒྱལ་སྐྱེ་བའི་སྐབས་སུ་རང་སྐྱོན་མཐོང་བའི་མེ་ལོང་ལྟ་བུ།
  5. སྐྱིད་སྡུག་གང་གི་སྐབས་སུ་འགྱུར་བ་མེད་པའི་གྲོགས་ལྟ་བུ།
  6. དཀའ་ངལ་ཕྲད་པའི་སྐབས་སུ་ཐབས་ཤེས་འདོན་པའི་གྲོས་འདྲི་ས་ལྟ་བུ།
  7. ཉོན་མོངས་དུག་གསུམ་གྱི་ནད་སེལ་བའི་སྨན་ལྟ་བུ།
  8. རྐུན་པོས་ནམ་ཡང་འཕྲོག་མི་ཐུབ་པའི་ནོར་གྱི་མཆོག་ལྟ་བུ་བཅས་ཡིན།

(༢) བསྟེན་བྱའི་བཤེས་གཉེན་དང་སློབ་དཔོན་གྱི་མཚན་ཉིད།
འདིར་མཚན་ཉིད་ཅེས་པ་ནི་ཚད་གཞིའི་དོན་ཡིན། འོ་ན་བཤེས་གཉེན་དང་སློབ་དཔོན་གང་འདྲ་ཞིག་བསྟེན་དགོས་ཟེར་ན། སྤྱིར་ན་སློབ་དཔོན་རིགས་བཅུར་དབྱེ་ཡོད་དེ། ༡. དགེ་བསྙེན་གྱི་སློབ་དཔོན། ༢. བསྙེན་གནས་ཀྱི་སློབ་དཔོན། ༣. དགེ་ཚུལ་གྱི་སློབ་དཔོན། ༤. གསང་སྟོན་གྱི་སློབ་དཔོན་(གསང་བའི་ཐོག་ནས་རོགས་རམ་བྱེད་མཁན་གྱི་སློབ་དཔོན)། ༥. ལས་ཀྱི་སློབ་དཔོན་(སྡོམ་པ་གཏད་མཁན་གྱི་སློབ་དཔོན)། ༦. འཕྲིན་གྱི་སློབ་དཔོན་(སོ་སོ་རང་ཉིད་ཆོས་ཞུ་བར་འགྲོ་མ་ཐུབ་ན་ཡི་གེ་དང་ལན་གྱི་ཐོས་ནས་རོགས་རམ་བྱེད་མཁན་གྱི་སློབ་དཔོན)། ༧. ཀློག་པའི་སློབ་དཔོན། ༨. གནས་ཀྱི་སློབ་དཔོན་(རང་དང་མཉམ་དུ་འཚོ་བ་སྐྱེལ་མཁན་གྱི་དགེ་རྒན)། ༩. ཐེག་པ་ཆེན་པོའི་སློབ་དཔོན། ༡༠. གསང་སྔགས་ཀྱི་སློབ་དཔོན་བཅས་ཡོད་པ་དང༌། དེ་དག་སོ་སོ་ལ་ཡང་ཁྱད་ཆོས་དང་ཡོན་ཏན་གནས་ཚད་ཇི་འདྲ་དགོས་མིན་མཚན་ཉིད་གཞུང་ལས་ཞིབ་ཕྲ་གསུངས་ཡོད་ནའང༌། སྤྱིར་བཏང་སློབ་དཔོན་ལ། ༡. དུལ་བ། ༢. ཞི་བ། ༣. ཉེ་བར་ཞི་བ། ༤. རང་ལས་ཡོན་ཏན་ལྷག་པ། ༥. བརྩོན་འགྲུས་དང་ལྡན་པ། ༦. ལུང་རིགས་ལ་མཁས་པ། ༧. དེ་ཉིད་རྟོགས་པ། ༨. སྨྲ་མཁས་པ། ༩. སློབ་མ་ལ་བརྩེ་སེམས་དང་ལྡན་པ། ༡༠. སྐྱོ་ངལ་མེད་པ། ༡༡. དུས་སུ་འདོམས་པ་བཅས་ངེས་པར་དུ་ཚང་དགོས་པ་ཞིག་ཡིན་ཏེ།
༡. དུལ་བ་ནི། ལུས་ངག་གཉིས་ཀྱི་སྤྱོད་ལམ་ངན་པ་སྤངས་ཏེ་ཀུན་སྤྱོད་གཙང་བ་ཞིག་དགོས་ཏེ། སློབ་དཔོན་ནམ་དགེ་རྒན་གྱི་ཀུན་སྤྱོད་ནི་སློབ་མའི་མིག་དཔེ་ཡིན་པས་ཐོག་མ་སློབ་དཔོན་ནམ་དགེ་རྒན་གྱི་ཀུན་སྤྱོད་གཙང་མ་ཡོད་དགོས།
༢. ཞི་བ། བསམ་པ་ངན་པ། གཞན་ལ་ཕྲག་དོག་དང༌། ང་རྒྱལ། སེར་སྣ། ཕྱོགས་ལྷུང༌། གཡོ་སྒྱུ་སོགས་མེད་པ་སྟེ། རང་ལས་གནས་ཚད་མཐོ་བ་ལ་ཕྲག་དོག་དང༌། རང་ལས་དམའ་བ་ལ་ང་རྒྱལ། རང་དང་མཉམ་པར་འགྲན་སེམས། རང་གི་རྒྱུ་ལ་སེར་སྣ། མ་ཤེས་ཤེས་མདོག་དང་མ་འཇོན་འཇོན་མདོག་བྱེད་པ་སོགས་ཀྱི་སྐྱོན་དང་བྲལ་བ་ཞིག་དགོས་ཤིང༌། དེ་དག་མེད་ན་སློབ་མ་མང་པོ་ལ་ཕན་ཐོགས་ཆེན་པོ་ཡོད།
༣. ཉེ་བར་ཞི་བ། ལེ་ལོ་དང་བག་མེད་ཀྱི་དབང་དུ་མ་སོང་བ་སྟེ། དོན་མེད་ཀྱི་བྱ་བ་ལ་མགོ་གཡེང་ནས་སློབ་མར་སློབ་ཁྲིད་བྱ་རྒྱུ་དེ་ཞག་འགྱངས་ཉིན་འགྱངས་ཀྱིས་འཐུས་ཤོར་དུ་གཏོང་མཁན་དེ་འདྲ་མིན་པར་དུས་ཐོག་ཏུ་སློབ་ཁྲིད་བྱེད་ཐུབ་མཁན་ཞིག་དགོས་པ་ཡིན།
༤. རང་ལས་ཡོན་ཏན་ལྷག་པ། སློབ་མ་ལས་ཡོན་ཏན་ཆེ་བ་དགོས་ཏེ། དགེ་རྒན་དང་སློབ་མ་གནས་ཚད་མཐོ་དམན་ཁྱད་མེད་ན་སློབ་ཁྲིད་བྱེད་སྐབས་གཏིང་ཟབ་པོ་མེད་པས་སློབ་མའི་གནས་ཚད་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་མེད། <<ས་སྐྱ་ལེགས་བཤད་>>ལྟ་བུར་ཆ་མཚོན་ནའང་ཚིག་དེ་ཁོ་ནའི་ཐད་ཀའི་འགྲེལ་པ་ལས་གོ་དོན་ངོ་མ་སློབ་མར་གསལ་འགྲེལ་མ་ཐུབ་ན་དོན་སྙིང་གསལ་བོ་རྟོགས་མི་ཐུབ་སྟེ། དཔེར་ན། <<བྱ་སྤྲེལ་གཏམ་རྒྱུད་>>ནང༌། སྒོར་མོ་རྔ་འདྲ་བའི་གྲོས་ཤིག་བྱེད། །གྲུ་བཞི་ཤོ་འདྲ་བའི་གྲོས་ཤིག་བྱེད། །དཀར་པོ་དངུལ་འདྲ་བའི་གྲོས་ཤིག་བྱེད། །དམར་པོ་མཆོང་འདྲ་བའི་གྲོས་ཤིག་བྱེད། །གྲོས་ཐག་ཆོད་པའི་མཚམས་དེ་ན། །དེ་ལས་ཚིག་གི་ལན་ཞིག་འདེབས། །ཟེར་བ་ཞིག་ཡོད་པ་དེ་ཐད་ཀར་བཤད་ན་བྲོ་བ་གང་ཡང་མེད་ཀྱང༌། གོ་དོན་ཧ་ཅང་གཏིང་ཟབ་པོ་ཡོད་དེ“སྒོར་མོ་རྔ་འདྲ་བའི་གྲོས་ཤིག་བྱེད”ཟེར་བ་ནི་རྔའི་དབྱིབས་སྒོར་སྒོར་དེ་དང་འདྲ་བར་མི་ཚང་མ་སྒོར་འཁྱིལ་ལེར་འཛོམས་ཏེ་མ་གོ་མ་ཤེས་ཟེར་མི་དགོས་པའི་གྲོས་ཤིག་བྱ་རྒྱུ་ཡིན་ཟེར་བའི་དོན་དང༌། “གྲུ་བཞི་ཤོ་འདྲ་བའི་གྲོས་ཤིག་བྱེད”ཟེར་བ་ནི་ཚང་མས་ཕྱར་བ་ཟུར་འདེགས་ཀྱིས་གྲོས་བྱས་ནས་ཐབས་དང་ཇུས་བཏོན་ཏེ་དོན་དག་ཆད་ལུས་མེད་པ་ཆ་ཚང་བ་ཞིག་བྱེད་རྒྱུ་ཡིན་ཟེར་བ། “དཀར་པོ་དངུལ་འདྲ་བའི་གྲོས་ཤིག་བྱེད”ཟེར་བ་ནི་དངུལ་དེ་དཀར་པོ་ཡིན་པ་ནང་བཞིན་ཚང་མས་བློ་དཀར་སེམས་དཀར་བྱས་ནས་སྤྱི་དོན་ལ་ཕན་པའི་བསམ་འཆར་ཤོད་རྒྱུ་ཟེར་བ། “དམར་པོ་མཆོང་འདྲ་བའི་གྲོས་ཤིག་བྱེད”ཟེར་བ་ནི་ཚང་མས་གང་བསམ་དྲང་པོར་ཆ་ཚང་ཤོད་པ་ལས་ཕྱེད་བཤད་ཕྱེད་བསྐུམས་དང་རྫུན་མི་ཤོད་པར་དམར་དམར་ཐིང་ཐིང་ཤོད་དགོས་ཟེར་བ་བཅས་ཀྱི་དོན་ཡིན། དེར་བརྟེན་དེ་ལྟ་བུའི་རིགས་རྣམས་ཚིག་གི་དོན་དག་སྤྱིར་བཏང་ཞིག་བཤད་ན་མི་འགྲིག་པར་དོན་སྙིང་ཟབ་ཏུ་བཏང་ནས་བཤད་ཐུབ་ན་སློབ་མའི་སེམས་ལའང་ངས་ཤེས་པ་དེ་ཙམ་གྱིས་མི་ཚད་པར་ད་དུང་ཚིག་དེ་ལ་གོ་བ་ཧ་ཅང་གཏིང་ཟབ་པོ་ལེན་རྒྱུ་འདུག་བསམ་པ་ཞིག་ཡོང་ངེས་ཡིན་ལ། ཡོན་ཏན་ཆེ་ཆུང་མཉམ་ན་ཕན་ཚུན་བསྟེན་མི་དགོས་ཤིང༌། རང་ལས་ཡོན་ཏན་ཆུང་ན་སློབ་མ་ལ་ཡར་སྐྱེད་གང་ཡང་མི་འབྱུང༌།
༥. བརྩོན་འགྲུས་དང་ལྡན་པ། བྱ་བ་གང་བརྩམས་རུང་མཐར་ཐོན་པའི་བརྩོན་འགྲུས་དང་ལྡན་པ་དགོས་ཏེ། སློབ་མ་དེ་ལ་ཡར་སྐྱེད་མ་བྱུང་གི་བར་དུ་མཐར་ཐོན་པ་མ་གཏོགས་སློབ་མ་མང་པོ་ཡོད་པའི་སྙན་གྲགས་ཙམ་དོན་དུ་མི་གཉེར་བ།
༦. ལུང་རིགས་ལ་མཁས་པ། མང་དུ་ཐོས་པའི་ལུང་གི་ཡོན་ཏན་དང་ལྡན་པ་སྟེ། མང་དུ་ཐོས་པའི་ལུང་གི་ཡོན་ཏན་ཟེར་བ་ནི། མང་པོ་ཐོས་པ། མང་དུ་ཐོས་པ། མང་པོ་ལས་ཐོས་པ། མང་པོ་དང་ཐོས་པ་བཅས་ཚད་མ་རིག་པའི་ནང་བཤད་པའི་མང་དུ་ཐོས་པ་ཕུན་སུམ་ཚོགས་པ་བཞི་ཞེས་པ་དེ་ཡིན།
༡. མང་པོ་ཐོས་པ་ནི་ཡོན་ཏན་སྣ་གཅིག་མ་ཡིན་པར་སྣ་མང་པོ་སློབ་སྦྱོང་བྱེད་མྱོང་བའི་དོན་ཡིན་ཅིང༌། དེའི་དགོས་པ་རྒྱུ་མཚན་ནི་ཡོན་ཏན་ཚང་མ་ཕན་ཚུན་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པས་ཕྱོགས་གང་ཅིའི་ཐད་ཀྱི་ཡོན་ཏན་འཛོམས་ཚེ་སློབ་ཁྲིད་བྱེད་སྐབས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད།
༢. མང་པོ་ཐོས་པ་ནི་ཡོན་ཏན་གང་འདྲ་ཞིག་ཡིན་རུང་དེ་ཚོ་ཐེངས་གཅིག་ཙམ་མ་ཡིན་པར་ཐེངས་མང་པོ་ཉན་མྱོང་བ་དཔེར་ན་སུམ་རྟགས་ལྟ་བུར་ཆ་བཞག་ན་དགེ་རྒན་གཅིག་གམ་ཡང་ན་ཁ་ཤས་ས་ནས་ཐེངས་མང་པོ་ཉན་མྱོང་ཡོད་པ།
༣. མང་པོ་ལས་ཐོས་པ་ནི་དཔེར་ན་སྙན་ངག་ལྟ་བུར་ཆ་བཞག་ན་དགེ་རྒན་ཁ་ཤས་ཀྱི་ས་ནས་ཁྲིད་མྱོང་ཡོད་ན་དགེ་རྒན་གཅིག་གིས་ཆད་ལུས་མེད་པ་ཁྲིད་མ་ཐུབ་ནའང་གཞན་ཚོས་ཁ་གསབ་དང་དེ་ལས་གཏིང་ཟབ་པ་ཁྲིད་ཐུབ་པ།
༤. མང་པོ་དང་ཐོས་པ་ནི་ཡོན་ཏན་སློབ་པའི་སྐབས་སུ་སློབ་མ་མང་པོ་དང་མཉམ་དུ་སློབ་སྦྱོང་བྱེད་མྱོང་བ་ཞིག་དགོས་པ་སྟེ་དེ་ནི་ཤག་ནང་དུ་དཔེ་ཁྲིད་ཞུས་པ་ལས་འཛིན་གྲྭའི་ནང་དཔེ་ཁྲིད་ཉན་ན་ཟབ་པ་དང་རྒྱས་པ་ཡོང་གི་ཡོད། གཞན་ཡང་ལུང་རིགས་ཏེ་རིག་པ་ལ་མཁས་པ་དེ་ནི་ཡོན་ཏན་དེ་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་སློབ་མར་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཤོད་ཐུབ་པ་ཞིག་དགོས་པ་སྟེ། དཔེར་ན་མཚན་ཉིད་དང༌། དཔེར་བརྗོད་བྱེ་བྲག་པ་དང་སྤྱིར་བཏང་པ་ལྟ་བུ།
༧. དེ་ཉིད་རྟོགས་པ། འཆད་བྱའི་གཞུང་གི་དགོངས་དོན་མཐར་ཕྱིན་པར་རྟོགས་ནས་སྒྲོ་འདོགས་ཆོད་པ་སྟེ། རང་གིས་ལེགས་པར་མ་རྟོགས་ན་སློབ་མ་ལ་ཡང་དག་པར་འཆད་མི་ནུས།
༨. སྨྲ་མཁས་པ། སློབ་མའི་གནས་ཚད་རབ་འབྲིང་ཐ་གསུམ་དང་མཐུན་པར་སློབ་ཁྲིད་བྱེད་སྐབས་དོན་མཚོན་པའི་དཔེ་ཡོད་པ་དང༌། དོན་ངེས་པའི་སྒྲུབ་བྱེད་ཡོད་པ། ཡིད་ཆེས་པའི་ཁུངས་དང་ལུང་ཡོད་པ། གོ་བདེ་ལ་དོན་དག་གོ་བ་ལོན་པར་ནུས་པ་ཆེན་པོ་ཡོད་པའི་དཔེ་དྲངས་ནས་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ལྡན་པ།
༩. སློབ་མ་ལ་སྙིང་བརྩེ་བ། སློབ་མ་ལ་དཀའ་ངལ་ཕྲད་སྐབས་གང་ལ་ཅི་འོས་ཀྱི་ཕན་འདོགས་མཛད་ནུས་པ། ཕ་མས་བུ་སྐྱོང་བ་དང་ཁྱད་མེད་པ།
༡༠. སྐྱོ་ངལ་མེད་པ། སློབ་མས་ཡོན་ཏན་དེ་མ་ཤེས་ཀྱི་བར་དུ་ཡང་ནས་ཡང་དུ་འཆད་དེ་སུན་སྣང་དང་སྐྱོ་སྣང་མེད་པར་སློབ་མའི་འདོད་པ་སྐོང་ཐུབ་པ།
༡༡. དུས་སུ་འདོམས་པ། སློབ་མར་འཇམ་རྩུབ་གང་འོས་ཀྱི་སྐྱོན་བརྗོད་དང་བསླབ་བྱ་དུས་ཐོག་ཏུ་གནང་ཐུབ་པ་སྟེ། དུས་ལ་མ་བབས་པར་སྔ་དྲགས་པའམ། དུས་ལས་ཡོལ་ཚེ་ཕན་ཐོགས་མེད། གོང་གསལ་གྱི་ཡོན་ཏན་དེ་དག་ནི་དེང་སང་གི་སློབ་དཔོན་དང་དགེ་རྒན་ལ་ཡང་ཚང་དགོས་པ་ཞིག་ཡིན་པ་མ་ཟད། ཡོན་ཏན་དེ་དག་ཚང་བའི་དགེ་རྒན་ལ་རྒྱལ་ཁབ་དང༌། མི་དམངས། སློབ་ཕྲུག ཕ་མ་བཅས་ཚང་མས་བརྩི་བཀུར་བྱེད་ཀྱི་ཡོད།
འོན་ཀྱང་ཡོན་ཏན་དེ་དག་ཡོངས་སུ་ཚང་བ་ཤིན་ཏུ་དཀོན་ཞིང༌། སྐྱོན་དང་ཡོན་ཏན་འདྲེས་པ་མང་བས་དེས་ན་ཡོན་ཏན་མང་ཞིང་སྐྱོན་ཉུང་བ་ཞིག་ལ་བསྟེན་དགོས་པ་ཡིན། སྐྱོན་མང་བ་དང༌། ཡོན་ཏན་ཉུང་བ། ལྷག་པར་དུ་སྡིག་པའི་གྲོགས་པོ་དང༌། མི་དགེ་བའི་བཤེས་གཉེན་བསྟེན་ན་རང་ཡང་དེ་དང་མཐུན་པར་སྤྱོད་ངན་གྱིས་བསླད་སྐྱོན་བྱུང་ནས་ཉེས་སྤྱོད་གང་ལ་ཡང་མི་འཛེམས་མཁན་ཞིག་ཏུ་འགྱུར་ཉེན་ཡོད་པས། སློབ་དཔོན་བཟང་པོ་ལ་བསྟེན་པ་དང༌། གྲོགས་བཟང་པོ་དང་འགྲོགས་པ་ཞིག་ཧ་ཅང་གལ་ཆེ་སྟེ། སྔོན་གྱི་མཁས་པ་ཚོའི་གསུང་རྒྱུན་ལ། མི་ཐ་མ་ཞིག་གྲོགས་བཟང་པོ་དང་འགྲོགས་ཀྱང་འབྲིང་ཙམ་ལས་མི་འོང༌། མི་རབ་ཅིག་ཐ་མ་དང་འགྲོགས་ན་ཐ་མར་འགྲོ་བ་ལ་དཀའ་ཚེགས་མེད་ཅེས་གསུངས་པ་ལྟར། རང་གིས་བསྟེན་པའི་སློབ་དཔོན་བཟང་པོ་ཞིག་དང་ཕྲད་ན་ཡང༌། དུས་རྒྱུན་པར་མཉམ་དུ་འགྲོགས་པའི་གྲོགས་བཟང་པོ་མེད་ན་མི་ངན་གྱིས་བསླུས་ཏེ་མཐར་རང་གཞན་གཉིས་ཀ་ཕུང་བའི་ལམ་དུ་འགྲོ་བ་མང་པོ་བྱུང་བའི་གཏམ་རྒྱུད་ཡོད་པ་ལྟར་ཡིན།
(༣) བསྟེན་པ་པོ་སློབ་མའི་མཚན་ཉིད།
སློབ་དཔོན་བཟང་པོ་ལ་བསྟེན་པར་འདོད་པའི་སློབ་མ་ལ་ཡོན་ཏན་གང་ཚང་དགོས་ཤེ་ན། གཙོ་ཆེ་བ་དྲུག་ཚང་དགོས་ཏེ། ༡. སློབ་དཔོན་ལ་གུས་པ། ༢. བློ་གཟུ་བོར་གནས་པ། ༣. དོན་གཉེར་ཆེ་བ། ༤. ཤེས་རབ་དང་ལྡན་པ། ༥. བཟོད་བསྲན་ཆེ་བ། ༦. ཀུན་སྤྱོད་གཙང་བ་བཅས་ཡིན།
༡. སློབ་དཔོན་ལ་གུས་པ། སློབ་དཔོན་དང་དགེ་རྒན་ལ་གུས་ཞབས་དང་ལྡན་པ་སྟེ་མཚན་བརྗོད་སྐབས་ཞེ་ས་བྱེད་པ། སྔོན་དུ་ལྡང་བ། གུས་འདུད་བྱེད་པ། སྤྱན་གྱིས་གཟིགས་སར་སྤྱོད་ལམ་གང་བྱུང་མི་བྱེད་པ། འདྲ་མཉམ་མི་བྱེད་པ། བཀའ་ལ་བརྩི་བཀུར་ཞུ་བ་བཅས་ཡིན།
༢. བློ་གཟུ་བོར་གནས་པ། རང་ཕྱོགས་དང་གཞན་ཕྱོགས་ལ་ཕྱོགས་རིས་སུ་ཕྱེ་ནས་ཆགས་སྡང་མི་བྱེད་པ་སྟེ། སློབ་མས་ཕྱོགས་རིས་བྱས་ན་སློབ་དཔོན་དང་དགེ་རྒན་ནང་ཕན་ཚུན་མཐུན་སྒྲིལ་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད།
༣. དོན་གཉེར་ཆེ་བ། རང་ཉིད་ཀྱི་བསླབ་བྱའི་ཡོན་ཏན་ལ་སྐོམ་པ་ཆུ་འདོད་ལྟར་གྱི་དོན་གཉེར་ཡོད་པ་སྟེ། བསླབ་བྱའི་ཡོན་ཏན་ལེགས་པར་མ་ཤེས་ཀྱི་བར་དུ་འབད་བརྩོན་མཐའ་འཁྱོལ་བའི་ཆོད་སེམས་ཡོད་པ།
༤. ཤེས་རབ་དང་ལྡན་པ། ལེགས་བཤད་དང་ཉེས་བཤད་དབྱེ་བ་ལེགས་པར་འབྱེད་ནུས་པའི་བློ་གྲོས་ཡོད་པ་སྟེ། ལེགས་བཤད་ཉུང་ངུ་ཞིག་ལས་མེད་ཀྱང་དང་དུ་ལེན་མཁས་པ་དང༌། ཉེས་བཤད་ལ་ལེགས་བཤད་དུ་བཟུང་སྟེ་ཆུ་སྣ་གར་ཁྲིད་ལ་མི་འགྲོ་བ།
༥. བཟོད་བསྲན་ཆེ་བ། སློབ་དཔོན་གྱི་དོན་དུ་དཀའ་ངལ་ཇི་འདྲ་ཕྲད་ཀྱང་ཡིད་མི་ཞུམ་པ་སྟེ། གནས་སྐབས་ཀྱི་དཀའ་སྡུག་ཕྲན་བུ་ཙམ་ལ་གཡོལ་ཐབས་མི་བྱེད་པར་དང་དུ་ལེན་ཐུབ་པའི་སྙིང་རུས་ཡོད་པ།
༦. སྒོ་གསུམ་བག་ཡོད་དུ་གནས་པ། ཀུན་སྤྱོད་གཙང་ཞིང་སེམས་ཞི་དུལ་ལ་གནས་པ་སྟེ། མི་ཤེས་པའི་རྒྱུ་བཞི་སྤོང་བའི་ཀུན་སྤྱོད་གཙང་བ་དང༌། མི་གཤིས་ལེགས་པ་གཉིས་འཛོམས་པ་ཞིག་དགོས།
(༤) སློབ་དཔོན་མ་བསྟེན་གོང་དུ་བརྟག་དཔྱད་ནན་ཏན་བྱ་དགོས་པ།
སློབ་དཔོན་ནམ་དགེ་རྒན་མ་བསྟེན་གོང་དུ་དེ་ལ་སྐྱོན་གང་ཡོད་མེད་དང༌། ཡོན་ཏན་ཆེ་ཆུང༌། རང་ཉིད་ཀྱིས་བསྟེན་ཟིན་པའི་རྗེས་སུ་དད་པ་ལོག་པའི་ཉེན་ཁ་ཡོད་མེད་བཅས་བརྟག་དཔྱད་བྱ་དགོས་ཏེ། བརྟག་དཔྱད་མ་བྱས་པར་ཁྱི་དང་གློ་བ་ཕྲད་པ་ལྟར་གང་བྱུང་གིས་བསྟེན་པ་དང༌། བསྟེན་ཟིན་ནས་འཕྱ་སྨོད་དང༌། སྐྱོན་འདོགས། མ་གུས་པ། རྒྱབ་གཏོད་སོགས་བྱས་ན་རང་ཉིད་ཀྱི་ཡོན་ཏན་སྔར་ཡོད་ཉམས་ཤིང་གསར་དུ་ཡོན་ཏན་གང་ཡང་ཐོབ་མི་ཐུབ། སློབ་དཔོན་དང་དགེ་རྒན་གྱིས་སློབ་མ་བྱེད་འདོད་པའི་མི་དེར་དགོས་ངེས་ཀྱི་ཡོན་ཏན་རྣམས་ཚང་མི་ཚང་ལེགས་པར་བརྟག་དགོས་ཏེ། རང་གི་མདུན་དུ་རྐུ་ཐབས་ཀྱིས་ཡོན་ཏན་སློབ་པར་ཡོང་བ་ཡིན་མིན་དང༌། དངོས་འབྲེལ་ཡོན་ཏན་སློབ་སྦྱོང་བྱེད་འདོད་ཡོད་མེད། སློབ་དཔོན་དང་དགེ་རྒན་གཞན་གྱི་གནང་བ་ཐོབ་ཡོད་མེད་བཅས་བརྟག་དཔྱད་ལེགས་པར་བྱས་རྗེས་གཞི་ནས་སློབ་དཔོན་དང་སློབ་མའི་འབྲེལ་བ་འཛུགས་དགོས། གལ་ཏེ་བརྟག་དཔྱད་ནན་ཏན་མ་བྱས་པར་སློབ་མ་བསྡུས་པ་ཡིན་ན་སློབ་དཔོན་དང་སློབ་མ་གཉིས་ཀར་ཕན་པ་མེད་པའི་ཐོག་གནོད་སྐྱོན་ཚབས་ཆེན་ཡོང་ངེས་ཡིན། དེང་སྐབས་ཀྱི་སློབ་དཔོན་དང་སློབ་མའི་འབྲེལ་བ་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ཁས་བླངས་ཤིང་གཏན་ལ་ཕབ་པའི་སློབ་དཔོན་དང་དགེ་རྒན་གྱི་དམིགས་ཚད་གཞིར་བཟུང་ནས་བསྐོ་བཞག་བྱས་པ་ཡིན་པས་སློབ་དཔོན་དང་སློབ་མ་ཕན་ཚུན་བར་དུ་བརྟག་དཔྱད་བྱེད་པའི་བྱ་རིམ་དེ་བརྒྱུད་མྱོང་མེད་ཅིང༌། གལ་ཏེ་སློབ་དཔོན་དང་སློབ་མའི་བར་ཆོས་ཀྱི་འབྲེལ་བ་འཛུགས་དགོས་པ་ཡིན་ན་དེ་ནི་ཕན་ཚུན་སྒེར་གྱི་གནད་དོན་ཞིག་ཡིན་སྟབས། ངེས་པར་དུ་ཕན་ཚུན་བརྟག་དཔྱད་བྱེད་དགོས། དཔེར་ན། འཇིག་རྟེན་ཐོག་བུ་དང་བུ་མོ་ཕན་ཚུན་གཉེན་འབྲེལ་བྱ་རྒྱུ་དེ་མི་ཚེ་གཅིག་གི་དོན་ཆེན་ཡིན་སྟབས་གཉེན་སྒྲིག་མ་བྱས་གོང་ཕན་ཚུན་ཡུན་རིང་བརྟག་དཔྱད་བྱས་ཏེ་གདེང་ཚོད་བྱུང་མཚམས་གཞི་ནས་གཏན་འཁེལ་བྱེད་པ་ལྟ་བུ་རེད། སློབ་དཔོན་དང་སློབ་མའི་བར་ཆོས་ཀྱི་འབྲེལ་བ་འཛུགས་རྒྱུ་དེ་ནི་ཆོས་ལུགས་ཀྱི་ཐོག་ནས་བཤད་ན་མི་ཚེ་གཅིག་གི་འབྲེལ་བ་ཙམ་མ་ཡིན་པར་སྐྱེ་བ་མང་པོའི་རིང་གི་བྱ་སྤྱོད་ཀྱི་འགོ་འཛུགས་སའི་ཐོག་མ་ཡིན་པས་དེ་འཕྱུགས་ན་སྐྱེ་བ་འདི་གཅིག་པུ་ཙམ་མ་ཡིན་པར་སྐྱེ་བ་གཏན་གྱི་མདུན་ལམ་འཕྱུགས་འགྲོ་བ་ཡིན་ཟེར།
བརྟག་དཔྱད་བྱ་ཐབས་ནི། ཐོག་མར་སློབ་དཔོན་དང་དགེ་རྒན་དེ་ལ་འབྲེལ་གཏུགས་ཐད་ཀར་མི་བྱེད་པར་དེའི་སློབ་མ་མང་པོར་རང་གི་དོགས་པ་ཡོད་པའི་གནད་དོན་ཁག་ལ་དྲི་བ་འདོན་པ་དང༌། དེ་ནས་ཡི་གེའི་ཐོག་ནས་དཀའ་གནད་འདྲི་བ། དེ་ནས་འབྲེལ་གཏུགས་བྱས་ཏེ་ཆོས་ཀྱི་གནད་དོན་སྐོར་ལ་དོགས་པ་ཡོད་པའི་གནད་དོན་དྲི་བ་བཅས་བརྒྱུད་ནས་སློབ་དཔོན་དེའི་ཡོན་ཏན་དང་ཀུན་སྤྱོད་ལ་བརྟག་དགོས། དེའི་རིང་ལ་དངོས་སུ་ཆོས་ཀྱི་འབྲེལ་བ་མི་ཞུ་བ་གལ་ཆེ་ཞིང༌། བརྟག་དཔྱད་བྱས་པའི་རིང་ལ་དྲི་བ་འདོན་པའི་ལན་བྱུང་བ་རྣམས་ཆོས་འབྲེལ་ཞུས་པའི་ཁོངས་སུ་མི་བརྩི་བ་ཡིན།
བརྟག་དཔྱད་བྱེད་ཡུན་ནི་ཐུང་ཤོས་སུ་ཡང་ལོ་གཅིག་ནས་འགའ་ཤས་བར་ཡིན་ཞིང༌། ཧ་ཅང་དུས་ཡུན་རིང་ན་སློབ་དཔོན་བསྟེན་པའི་གོ་སྐབས་བཟང་པོ་ཤོར་ནས་རྗེས་སུ་རང་ཉིད་འགྱོད་པ་སྐྱེ་དགོས་པ་ཡང་ཡོང་སྲིད་པས་དུས་ཡུན་རིང་ཐུང་འཚམས་པོ་ཞིག་བྱེད་དགོས།
བརྟག་དཔྱད་བྱས་པའི་འབྲས་བུ་ནི། འགའ་ཞིག་བརྟག་དཔྱད་བྱས་ནས་དུས་ཡུན་རིང་པོ་མ་སོང་བར་བཟང་ངན་ཤེས་རྟོགས་ཐུབ་པ་དང༌། འགའ་ཞིག་ཡུན་རིང་བརྟག་དཔྱད་བྱས་ཀྱང་ད་དུང་བཟང་ངན་མི་ཤེས་པ་ཡང་ཡོད་པས་དུས་ཡུན་རིང་ཐུང་གང་ལྟར་ཡང་བཟང་ངན་དོགས་པ་ཆོད་པའི་གདེང་ཚོད་ཡོད་པ་ཞིག་མ་བྱུང་བར་དུ་བརྟག་དཔྱད་ནན་ཏན་བྱས་ན་སློབ་དཔོན་དང་སློབ་མ་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད།
(༥) སློབ་དཔོན་དང་དགེ་རྒན་བསྟེན་པའི་ཚུལ་ནི།
སློབ་དཔོན་དང་དགེ་རྒན་བསྟེན་པའི་སྐབས་སུ་བསམ་པ་དགུ་དང༌། འདུ་ཤེས་གཉིས། སྦྱོར་བ་གསུམ་གྱི་སྒོ་ནས་བསྟེན་དགོས།
<༡> བསམ་པ་དགུ་ནི། ༡. བུ་མཛངས་པ་ལྟ་བུའི་སེམས། ༢. རྡོ་རྗེ་ལྟ་བུའི་སེམས། ༣. ས་ལྟ་བུའི་སེམས། ༤. རི་ལྟ་བུའི་སེམས། ༥. བྲན་ལྟ་བུའི་སེམས། ༦. ཕྱག་དར་བ་ལྟ་བུའི་སེམས། ༧. ཐེག་པ་ལྟ་བུའི་སེམས། ༨. ཁྱི་ལྟ་བུའི་སེམས། ༩. གྲུ་ལྟ་བུའི་སེམས་བཅས་ཡིན།
༡. བུ་མཛངས་པ་ལྟ་བུའི་སེམས། བུ་མཛངས་པ་དེས་བྱ་བ་གང་བྱས་ཀྱང་ཚང་མ་ཕ་མའི་བློ་དང་བསྟུན་ནས་བྱེད་པ་ལྟར་རང་གི་སྒོ་གསུམ་གྱི་བྱ་བ་ཆེ་ཆུང་ཚང་མ་སློབ་དཔོན་གྱི་ཐུགས་དང་བསྟུན་ནས་བྱེད་པ།
༢. རྡོ་རྗེ་ལྟ་བུའི་སེམས། རྡོ་རྗེ་ནི་དངོས་པོ་གཞན་གྱིས་ཚུར་འཇོམས་པར་མི་ནུས་པ་ལྟར་གྲོགས་ངན་པའི་བསླུ་བྲིད་ཀྱི་དབང་དུ་མི་འགྲོ་བ་བྱེད་པ།
༣. ས་ལྟ་བུའི་སེམས། ས་གཞི་འདིར་འཇིག་རྟེན་གྱི་དངོས་པོ་ཀུན་འདེགས་ནུས་པ་ལྟར་སློབ་དཔོན་གྱིས་བསྒྲུབ་ཏུ་བཅུག་པའི་བྱ་བ་གང་ཡིན་ཀྱང་སྒྲུབ་ཕོད་པ།
༤. རི་ལྟ་བུའི་སེམས། སློབ་དཔོན་ནམ་སློབ་སྦྱོང་གི་དོན་དུ་ལུས་དང་སེམས་ལ་དཀའ་ངལ་དང་སྡུག་བསྔལ་ཇི་འདྲ་ཞིག་བྱུང་ན་ཡང་གཡོ་འགུལ་མི་བྱེད་པ།
༥. བྲན་ལྟ་བུའི་སེམས། བྲན་གཡོག་དང་འདྲ་བར་སློབ་དཔོན་གྱི་དོན་དུ་བྱ་བ་དམན་པ་ངན་ལས་ཀྱི་རིགས་གང་འདྲ་ཞིག་མཐོང་ཡང་དགའ་སྤྲོའི་ངང་ནས་སྒྲུབ་པ།
༦. ཕྱག་དར་བ་ལྟ་བུའི་སེམས། ཕྱག་དར་བ་ཞེས་པ་ནི་གད་ཕྱིས་བྱེད་མཁན་གྱི་དོན་ཡིན་ཏེ་གད་ཕྱིས་བྱེད་མཁན་ལ་རང་ཉིད་མི་གཞན་ལས་མཐོ་བ་ཡོད་སྙམ་པའི་ལྟ་བ་མཐོ་པོ་ཡོང་མི་སྲིད་པའི་དཔེ་ལྟར་སློབ་དཔོན་གྱི་རྒྱབ་མདུན་གང་ལའང་དམའ་ས་བཟུང་ནས་རང་ཉིད་དགེ་རྒན་ལས་ལྷག་པ་ཡོད་སྙམ་པའི་ང་རྒྱལ་དང་རློམ་སེམས་མི་བྱེད་པ།
༧. ཐེག་པ་ལྟ་བུའི་སེམས། ཐེག་པ་ནི་རྟ་དང་གླང་པོ་སོགས་བཞོན་པའི་རིགས་ལ་ཟེར་ཞིང༌། དེ་ནི་རྟ་དང་གླང་པོ་སོགས་ཀྱིས་མི་རྒྱབ་ཏུ་འཁུར་ཏེ་དཀའ་ངལ་ལ་མ་འཛེམས་པར་ཐག་རིང་དུ་འགྲུལ་བཞུད་བྱེད་པ་ལྟར་རང་གིས་དགེ་རྒན་གྱི་ཆེད་དུ་བྱ་བ་གང་འདྲ་ཞིག་ཡིན་ནའང་སྒྲུབ་ནུས་པ།
༨. ཁྱི་ལྟ་བུའི་སེམས། དཔེར་ན་ཁྱི་ཞིག་ལ་ཆ་བཞག་ན་བདག་པོས་ཉེས་རྡུང་བཏང་ནའང་བདག་པོའི་སར་ཚུར་ཡོང་བ་ལས་རྒྱབ་ལྟོས་བྱས་ནས་འགྲོ་མི་སྲིད་པའི་དཔེ་ལྟར་སློབ་དཔོན་དང་དགེ་རྒན་གྱིས་སྐྱོན་བརྗོད་གནང་བ་དང་རང་གི་སེམས་ལ་ཅུང་མ་བབས་པའི་བཀའ་མོལ་འགའ་ཞིག་གསུངས་ནའང་དེར་བློ་མི་ལོག་པ་དང་རྒྱབ་ལྟོས་མི་བྱེད།
༩. གྲུ་ལྟ་བུའི་སེམས། གྲུ་གཟིངས་ཀྱིས་ཉིན་མཚན་མེད་པ་འགྲུལ་པ་སྟོང་ཕྲག་མང་པོ་ཕར་སྐྱེལ་ཚུར་སྐྱེལ་བྱེད་དགོས་ཀྱང་སུན་སྣང་མི་བྱེད་པ་ལྟར་སློབ་དཔོན་དང་དགེ་རྒན་གྱི་དོན་དུ་དུས་ནམ་ཡང་སྐྱོ་ངལ་མི་བྱེད་པ་བཅས་ནི་བསམ་པ་དགུའིསྒོ་ནས་སློབ་དཔོན་བསྟེན་ཚུལ་ཡིན།
<༢> འདུ་ཤེས་གཉིས་ཀྱི་སྒོ་ནས་བསྟེན་ཚུལ། དེ་ནི་སློབ་མས་སློབ་དཔོན་དང་དགེ་རྒན་ལ་འདུ་ཤེས་གང་འདྲ་འཛིན་མིན་སྐོར་ཡིན་ཏེ། དེ་ལ་གཉིས་ལས་ཡོན་ཏན་མཐོང་བས་དད་པ་བསྒོམ་པ་དང༌། བཀའ་དྲིན་དྲན་པས་གུས་པ་སྐྱེ་བ་ཡིན།
༡. ཡོན་ཏན་མཐོང་བས་དད་པ་བསྒོམ་པ་ནི། སློབ་དཔོན་ལ་སྐྱོན་འགའ་ཞིག་མཐོང་ན་ཡང་སྐྱོན་འདོགས་མི་བྱེད་པར་ཡོན་ཏན་གྱི་ཕྱོགས་ནས་དད་པ་བསྒོམས་པ་ཡིན། འདི་ལ་སངས་རྒྱས་ཆོས་ལུགས་ནང་རྒྱུ་མཚན་མང་པོ་ཤོད་རྒྱུ་ཡོད་ཀྱང་དེང་སྐབས་དགོས་པ་ཆེ་བ་མེད་པས་འདིར་མི་འཆད་ལ་མཁྱེན་པར་འདོད་ན་བཀའ་གདམས་གསར་རྙིང་གི་ལམ་རིམ་རྣམས་སུ་གཟིགས་ན་གསལ།
༢. བཀའ་དྲིན་དྲན་པས་གུས་པ་སྐྱེ་ཚུལ། དེ་ཧ་ཅང་གལ་ཆེན་པོ་ཡིན་ཏེ་བཀའ་དྲིན་ངོས་འཛིན་མ་ཐུབ་ན་གུས་ཞབས་ཡོང་མི་སྲིད་ཅིང༌། གུས་ཞབས་ནི་བཀའ་དྲིན་དྲན་པས་རང་ཤུགས་སུ་བྱུང་བ་ཡིན། དེ་ཡང་སློབ་དཔོན་དང་དགེ་རྒན་ནི་བཀའ་དྲིན་གསུམ་དང་ལྡན་པར་བསམས་ནས་གུས་བཀུར་བྱེད་པ་སྟེ། བཀའ་དྲིན་གསུམ་ནི། 1) ཆོས་གསུངས་པའམ་ཤེས་ཡོན་སློབ་པའི་བཀའ་དྲིན། 2) གཤིས་རྒྱུད་བྱིན་གྱིས་རློབས་པའི་བཀའ་དྲིན། 3) ཟང་ཟིང་གིས་ཕན་འདོགས་གནང་བའི་བཀའ་དྲིན་བཅས་ཡིན།

  1. ཆོས་གསུངས་པའམ་ཡོན་ཏན་སློབ་པའི་བཀའ་དྲིན། ཐོག་མར་བྱིས་པ་ཆུང་ངུ་གང་ཡང་མི་ཤེས་པའི་སྐབས་ནས་ཀློག་པའི་སློབ་དཔོན་གྱིས་ཀ་ཁ་ནས་འགོ་བཙུགས་ཏེ་ཡོན་ཏན་གྱི་རྨང་གཞི་འདིང་བར་མཛད། དེ་ནས་གཞོན་ནུའི་དུས་སྐབས་སུ་གསུང་རབ་དང་རིག་གནས་ཀྱི་ནང་དོན་རྣམས་བྱ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སློབ་པ་གནང༌། ནར་སོན་ནས་སྔར་ལས་ཀྱང་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤེས་ཡོན་རྣམས་རང་གིས་བསླབ་ཐུབ་པ་རང་གིས་བསླབས། རང་གིས་སློབ་ཁྲིད་གནང་མ་ཐུབ་པ་རྣམས་གཞན་གྱི་སར་སློབ་ཏུ་གཏོང་གནང་མཛད་པ་སོགས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན།
  2. གཤིས་རྒྱུད་བྱིན་གྱིས་རློབས་པའི་བཀའ་དྲིན། རང་གི་སེམས་རྒྱུད་མ་རུངས་པ་བཏུལ་ནས་བཟང་པོར་བསྒྱུར་བར་མཛད་ཡོད། རང་ཉིད་སེམས་ཞུམ་པའི་སྐབས་དགེ་མཚན་གསུངས་ཏེ་རང་ཡར་སྐྱེད་བྱུང་བའི་གདེང་ཚོད་ཡོད་པར་མཛད། ང་རྒྱལ་དང་ཁེངས་སེམས་སྐྱེ་བའི་སྐབས་སུ་རང་སྐྱོན་བསྟན་ནས་དམའ་ཕབ། སྒྱིད་ལུག་པའི་སྐབས་སུ་མིག་དཔེ་བསྟན་ནས་ཆོད་སེམས་མཐོ་རུ་བཏང༌། དོན་མེད་ཀྱི་བྱ་བ་ལ་མགོ་འཁོར་བའི་སྐབས་སྐྱོན་བརྗོད་དང་བསླབ་བྱ་གནང་བ་སོགས་རྟ་བཟང་པོར་སྲབ་ཀྱིས་ཁ་ལོ་བསྒྱུར་བ་ལྟར་མཛད་དེ་སྔོན་ཆད་བྱིས་པ་བསམ་མེད་ཀྱི་དུས་སྐབས་དང་བསྡུར་ན་དུད་འགྲོ་མིར་འགྱུར་བ་ལྟ་བུའི་ཡར་སྐྱེད་བྱུང་བ་དེ་སློབ་དཔོན་དང་དགེ་རྒན་བཟང་པོའི་བཀའ་དྲིན་ཡིན་པར་ཤེས་དགོས་པ།
  3. ཟང་ཟིང་གི་ཕན་ཐོགས་གནང་བའི་བཀའ་དྲིན། རང་ལ་དགོས་མཁོ་ཡོད་པའི་སྐབས་སུ་ཟས་གོས་དང༌། ན་བའི་སྐབས་སུ་སྨན། ཐ་ན་སློབ་སྦྱོང་གི་དཔེ་དེབ་ཚུན་ཆད་ཀྱི་མཐུན་རྐྱེན་གནང་ནས་སྐྱོང་བར་མཛད། དེང་སང་སློབ་སྦྱོང་གི་མཐུན་རྐྱེན་ཧ་ཅང་བཟང་པོ་ཡོད་པ་ཚང་མ་རྒྱལ་ཁབ་ནས་གནང་བས་སློབ་དཔོན་དང་དགེ་རྒན་གྱིས་སློབ་མའི་འཚོ་བའི་ཐོག་ལ་ལྟ་རྟོག་བྱེད་དགོས་པའི་འགན་ཆེན་པོ་འཁུར་དགོས་ཀྱི་མེད། དེ་སྔོན་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་ཧ་ཅང་ཞན་པོ་ཡིན་པའི་སྐབས་སུ་སློབ་དཔོན་དང་དགེ་རྒན་གྱིས་སློབ་མའི་འཚོ་བར་ལྟ་རྟོག་མི་བྱེད་ཀ་མེད་ཡིན་ཀྱང་མི་སྒེར་གྱིས་སློབ་མ་མང་པོ་དེ་ཙམ་སྐྱོང་བ་ཤིན་ཏུ་དཀའ་ངལ་ཆེ་བས་སློབ་མས་རང་མཁོ་རང་ལྡེང་གིས་ཐག་གཅོད་བྱེད་དགོས་ཀྱི་ཡོད།

<༣> སྦྱོར་བ་གསུམ་གྱི་སྒོ་ནས་བསྟེན་ཚུལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བསྟེན་ཚུལ།
དེ་ལ་ནང་གསེས་གསུམ་ལས། ༡. རྙེད་པ་ཟང་ཟིང་འབུལ་བ། ༢. བཀུར་བསྟི་རིམ་གྲོ་བྱེད་པ། ༣. ཅི་གསུང་བཀའ་བཞིན་དུ་བསྒྲུབ་པ་བཅས་ཡིན།
༡. རྙེད་པ་ཟང་ཟིང་འབུལ་བ། རང་གི་དཔལ་འབྱོར་གྱི་ཆ་རྐྱེན་དང་བསྟུན་ནས་སློབ་དཔོན་དང་དགེ་རྒན་ལ་ན་བཟའ་དང་གསོལ་ཆས་སོགས་བཀའ་དྲིན་གསབ་ཕྱིར་འབུལ་བ་དང༌། སྐུ་འདས་རྗེས་འདས་མཆོད་སོགས་ཕུལ་ནས་རྗེས་དྲན་ཞུ་བ། དེ་ཡང་དེ་སྔ་བོད་དུ་༡༩༥༩ ལོའི་གོང་ལ་སྒེར་གྱིས་བཙུགས་པའི་སློབ་གྲྭ་ཁག་ནང་དགེ་རྒན་ལ་སློབ་ཡོན་དང་དངོས་པོ་འབུལ་སྲོལ་ཡོད་ལ། སློབ་ཕྲུག་གསར་དུ་སློབ་གྲྭར་འཛུལ་སྐབས་ཞུགས་ཇ་ཞེས་དགེ་སློབ་ཡོངས་ལ་ཇ་ཐུག་གཏོང་བ་དང་དཔལ་འབྱོར་ཡོད་མཁན་ཚོས་དེ་ལས་རྒྱས་ཙམ་གཏོང་སྲོལ་ཡོད། སློབ་གྲྭ་ཐོན་སྐབས་སུ་ཡང་ཐོན་ཇ་ཞེས་གོང་གསལ་ལྟར་གཏོང་སྲོལ་ཡོད་ཅིང། དེ་དག་ནི་གཙོ་བོ་དགེ་རྒན་ལ་ཐུགས་རྗེས་ལེགས་འབུལ་ཞུ་ཆེད་ཡིན། གཞན་ཡང་ད་དུང་ལོ་གསར་དང་ཚེས་བཟང་དུས་བཟང་སྐབས་དགེ་རྒན་ལ་ཤ་མར་སོགས་གསོལ་ཆས་སྟོང་མིན་དུ་འབུལ་སྲོལ་ཡོད།
༢. བཀུར་བསྟི་རིམ་གྲོ་བྱེད་པ་(བཀུར་ནི་གུས་ཞབས་ཀྱི་དོན་དང་བསྟི་ནི་ཕན་ཐོགས་བྱས་པའི་དོན་ཡིན་)སློབ་དཔོན་དང་དགེ་རྒན་ལ་མེ་གཏོང་ཆུ་ལེན། ན་བཟའ་འཁྲུ་བ་སོགས་བྱེད་པ་དང༌། བསྙུན་གཡོག་ཞུ་བ། མཚན་རྗེན་པ་མ་བརྗོད་པ། གྲིབ་མ་ལ་མི་འགོམ་པ། སྔོན་དུ་ལྡང་བ། མཇལ་དུས་གུས་འདུད་ཞུ་བ་སོགས་ཡིན།
༣. ཅི་གསུང་བཀའ་བཞིན་དུ་བསྒྲུབ་པ། སློབ་དཔོན་དང་དགེ་རྒན་གྱིས་གསུངས་པའི་བསླབ་བྱ་རྣམས་ལག་ལེན་དུ་བསྟར་གང་ཐུབ་བྱ་རྒྱུ་དེ་ནི་གལ་ཆེ་ཤོས་ཤིག་ཡིན། སློབ་དཔོན་དང་དགེ་རྒན་གྱིས་གསུངས་པའི་བསླབ་བྱ་ལག་ལེན་དུ་མ་བསྟར་བར་རང་འདོད་ལྟར་བྱས་ཚེ་རང་གི་འདོད་པ་དེ་འགྲུབ་མི་ཐུབ་པར་མ་ཟད། རང་གིས་ངེས་པར་འགྲུབ་ཐུབ་ངེས་ཀྱི་བྱ་བ་ཞིག་ཡིན་ཀྱང་རྐྱེན་སྣ་ཚོགས་ལ་བརྟེན་ནས་འགྲུབ་མི་ཐུབ་པའི་མཐོང་ཆོས་མྱོང་འགྱུར་གྱི་གཏམ་དཔེ་མང་པོ་ཡོད།
ཞར་བྱུང༌། 1) ཉན་བཤད་ཇི་ལྟར་བྱ་ཚུལ་ལས་ཉན་སྟངས་སྐོར།
དགེ་རྒན་བསྟེན་ཟིན་རྗེས་དགེ་རྒན་གྱིས་སློབ་ཁྲིད་བྱེད་དགོས་པ་དང་སློབ་མས་སློབ་ཁྲིད་ཉན་དགོས་སྟབས་གཤམ་དུ་ཉན་བཤད་ཇི་ལྟར་བྱ་ཚུལ་སྐོར་ཞུ་རྒྱུ་ཡིན། ཐོག་མ་ཉན་པ་པོའི་སྐྱོན་གསུམ་སྤོང་བ་དང་འདུ་ཤེས་དྲུག་བསྟེན་པ་སྟེ། ས་པཎ་གྱིས“ཉན་པའི་སྐྱོན་གསུམ་སྤངས་ནས་ནི། །ཤེས་པར་འདོད་པས་ལེགས་པར་ཉན། །”ཞེས་བསྟན་གནང་ཡོད།
དེ་ཡང་ཉན་པ་པོ་སློབ་མའི་སྐྱོན་གསུམ་ནི། ༡. སྣོད་ཁ་སྦུབ་པ་ལྟ་བུའི་སྐྱོན། ༢. སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན། ༣. སྣོད་མི་གཙང་བ་ལྟ་བུའི་སྐྱོན་བཅས་ཡིན།
༡. སྣོད་ཁ་སྦུབ་པ་ལྟ་བུའི་སྐྱོན་ནི་སྣོད་ཁ་སྦུབ་པའི་ནང་དུ་གང་ཡང་བླུགས་ཐུབ་ཐབས་མེད་པ་ལྟར་དགེ་རྒན་གྱིས་ཁྲིད་པའི་སློབ་ཚན་ཉན་འདོད་མེད་པ་དང་སློབ་སྦྱོང་བྱེད་འདོད་མེད་པའི་སྐྱོན།
༢. སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན་ནི་སྣོད་དེ་ཁ་སྦུབ་མེད་ནའང་མཐིལ་རྡོལ་ཡོད་ན་དེའི་ནང་ཇི་ཙམ་བླུགས་ནའང་འཛག་འགྲོ་བ་ལྟར་སློབ་སྦྱོང་བྱས་རྗེས་སེམས་ལ་མ་བཟུང་བར་བསླབ་ཚར་དུས་བརྗེད་ཚར་བའི་སྐྱོན།
༣. སྣོད་མི་གཙང་བ་ལྟ་བུའི་སྐྱོན་ནི་སྣོད་དེ་ཁ་སྦུབ་པ་དང་ཞབས་རྡོལ་བ་མ་ཡིན་ནའང་གཙང་མ་མེད་ན་དེའི་ནང་རྒྱུ་གཙང་མ་གང་ཞིག་བླུགས་ཀྱང་བཙོག་པ་དང་འདྲེས་ཏེ་ཕན་མི་ཐོགས་པའི་དཔེ་ལྟར་སློབ་སྦྱོང་བྱེད་སྐབས་ཀུན་སློང་བཟང་པོ་མེད་པའི་སྐྱོན་བཅས་ཡིན།
འདུ་ཤེས་དྲུག་བསྟེན་པ་ནི། ༡. རང་ལ་ནད་པ་ལྟ་བུའི་འདུ་ཤེས། ༢. རང་གིས་སློབ་སྦྱོང་བྱེད་པའི་ཡོན་ཏན་དེ་ལ་སྨན་ལྟ་བུའི་འདུ་ཤེས། ༣. སློབ་དཔོན་ལ་སྨན་པ་ལྟ་བུའི་འདུ་ཤེས། ༤. རང་གིས་ལག་ལེན་བསྟར་བར་ནད་བཅོས་པའི་འདུ་ཤེས། ༥. ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས། ༦. ཆོས་གསུང་མཁན་སངས་རྒྱས་ལ་སྐྱེས་བུ་དམ་པའི་འདུ་ཤེས་བཅས་ཡིན།
༡. རང་ལ་ནད་པ་ལྟ་བུའི་འདུ་ཤེས་ནི་རང་སོ་སོ་ནད་པ་ཡིན་པར་ཆ་བཞག་པ་སྟེ། དེ་ཡང་སོ་སོ་འབྱུང་བ་འཁྲུགས་པའི་ནད་པ་མ་ཡིན་པར་བསམ་བློ་འཁྲུགས་པའི་ནད་པ་ཡིན་པ་དང༌། འབྱུང་བ་འཁྲུགས་པའི་ནད་པ་དེ་སྨན་ཁང་དུ་ཕྱིན་ནས་བཅོས་ཐབས་བྱེད་དགོས་པ་ལྟར་བསམ་བློ་འཁྲུགས་པའི་ནད་པ་དེ་དགེ་རྒན་བསྟེན་ནས་བཅོས་དགོས་ཤིང༌། རང་ཉིད་ལ་འདོད་ཆགས་དབང་གིས་བྱུང་བའི་ན་ཚ་དང༌། ཞེ་སྡང་དབང་གིས་བྱུང་བའི་ན་ཚ། ང་རྒྱལ་དབང་གིས་བྱུང་བའི་ན་ཚ། གཏི་མུག་དབང་གིས་བྱུང་བའི་ན་ཚ་བཅས་ཏེ་ན་ཚ་མང་པོ་འཛོམས་ཡོད།
༢. རང་གིས་སློབ་སྦྱོང་བྱས་པའི་ཡོན་ཏན་དེ་ལ་སྨན་ལྟ་བུའི་འདུ་ཤེས་ཟེར་བ་ནི། རང་གིས་རང་བསམ་བློ་འཁྲུགས་པའི་ནད་པ་ཡིན་པ་ཤེས་ཚེ་རང་གིས་སློབ་སྦྱོང་བྱེད་པའི་ཡོན་ཏན་དེ་སྨན་ཡིན་པ་ཤེས་ཐུབ། བསམ་བློ་དང་པོ་དེ་མེད་ན་གཉིས་པ་དེ་ཡོང་མི་སྲིད། ཡོན་ཏན་སྦྱངས་ཚེ་རང་གི་བསམ་བློའི་ནང་གི་ན་ཚ་ཚང་མ་མེ་ལོང་ནང་བལྟས་པ་ལྟར་མངོན་ཐུབ་པ་མ་ཟད། བསམ་བློ་འཁྲུགས་པའི་ན་ཚ་དེ་ལ་ཡོན་ཏན་བསླབ་ཚེ་ཕན་ཐོགས་ཡོད།
༣. རང་གིས་ལག་ལེན་བསྟར་བར་ནད་གསོ་བའི་འདུ་ཤེས་ནི་ནད་བཅོས་པར་སྨན་ཟ་དགོས་པ་ལས་སྨན་མ་ཟོས་ན་ནད་དྲག་སྐྱེད་ཡོང་ཐབས་མེད་པ་ལྟར་དཔེ་ཆའི་ནང་བཤད་པའི་ནང་དོན་དེ་དག་ལག་བསྟར་མ་བྱས་ན་རང་གི་བསམ་བློའི་ནང་གི་ན་ཚ་དེ་བཅོས་ཐུབ་ཐབས་མེད་པས་དེས་ན་རང་གིས་ལག་ལེན་བསྟར་བ་ལ་ནད་གསོ་བའི་འདུ་ཤེས་སྐྱེ་དགོས་པ།
༤. སློབ་དཔོན་ལ་སྨན་པ་ལྟ་བུའི་འདུ་ཤེས་ནི་རང་ནད་པ་ཡིན་སྟབས་སྨན་བཟའ་དགོས་པས་དེས་ན་སྨན་གང་བཟའ་དགོས་མིན་དང༌། གང་ཞིག་བཟའ་དགོས་མིན། ཇི་ལྟར་བཟའ་དགོས་མིན་སོགས་ཞིབ་ཕྲ་སྨན་པར་མ་བསྟེན་ཐབས་མེད་ཡིན་པ་ལྟར་རང་གི་ཉོན་མོངས་དུག་གསུམ་གྱི་བསླད་སྐྱོན་ཕོག་པའི་བསམ་བློའི་ནད་དེ་སློབ་དཔོན་ནམ་དགེ་རྒན་ལ་བསྟེན་ནས་བཅོས་དགོས་པར་བརྟེན་སློབ་དཔོན་ལ་སྨན་པ་ལྟ་བུའི་འདུ་ཤེས་སྐྱེ་དགོས་པ།
༥. ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་ནི་རང་གི་ལག་ལེན་དེ་རྒྱུན་རིང་པོའི་བར་རྒྱུན་འཁྱོངས་བ་བྱེད་པའི་བསམ་བློ།
༦. ཆོས་གསུང་མཁན་སངས་རྒྱས་ལ་སྐྱེས་བུ་དམ་པའི་འདུ་ཤེས་ཟེར་བ་ནི་ཆོས་བྱེད་མཁན་ཞིག་ཡིན་ན་བསམ་བློ་དེ་འདྲ་ཞིག་དགོས་ཀྱི་ཡོད་པ་རེད། འོན་ཀྱང་ང་ཚོར་དེའི་སྐོར་མང་པོ་ཞུ་དགོས་དོན་མི་འདུག མདོར་ན་རང་གི་ཡོན་ཏན་དེ་ཐོག་མར་འབྱུང་སའི་སློབ་དཔོན་མེས་པོ་གོང་མ་ཚོ་ཚད་ལྡན་གྱི་མི་ཞིག་ཡིན་པར་ཆ་འཇོག་བྱ་དགོས་པ་དེ་ཡིན། དཔེར་ན་ང་རང་ལ་ཆ་བཞག་ནའང་ད་ལྟ་ཁྱེད་ཚོར་བཤད་རྒྱུ་དེ་དག་དགེ་རྒན་མང་པོས་གསུངས་པ་རྣམས་སེམས་ནང་བཞག་ནས་ཡང་བསྐྱར་བཤད་པ་ཞིག་ཡིན་པ་ལས་ཐོག་མ་ནས་ཀླད་པའི་ནང་ཡོད་པ་ཞིག་མིན། དེ་ཡང་རྒྱལ་སྲས་ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཞིག་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་སེམས་པའང་བདག་ལ་མེད། །རང་གི་ཡིད་ལ་གོམས་ཕྱིར་ངས་འདི་བརྩམས། །ཞེས་གསུངས་པ་དེའི་གོ་དོན་ནི། སྔོན་ཆད་མ་བྱུང་བ་ཞིག་ངས་ཁྱོད་ཚོར་ཤོད་རྒྱུ་མེད། དེ་བཞིན་རྩོམ་མཁས་པོ་དང་བཤད་མཁས་པོའང་ང་ལ་མེད། མི་གཞན་ལ་ཕན་སེམས་བྱེད་པའི་ཀུན་སློང་བཟང་པོའང་ང་ལ་མེད། འོ་ན་གང་གི་ཆེད་དུ་ཡིན་ནམ་ཞེ་ན་རང་གི་སེམས་ལ་གོམས་འདྲིས་ཡོང་བའི་ཆེད་དུ་འདི་བརྩམས་པ་ཡིན་ཞེས་གསུངས་པ་ཡིན་པས་ངས་ཀྱང་འདིར་སྔོན་ཆད་མ་བྱུང་བ་དང་མ་བསླབ་པའི་གསར་པ་གང་ཡང་བཤད་རྒྱུ་མེད་པར་སློབ་དཔོན་མེས་པོ་དམ་པ་ཚོའི་ས་ནས་བྱུང་བ་ཤ་སྟག་ཡིན།
2) ཉན་བཤད་ཇི་ལྟར་བྱ་ཚུལ་ལས་བཤད་སྟངས་སྐོར།
བློ་མཐུན་མང་པོ་ཞིག་གིས་དེ་སྔ་བོད་ལ་སློབ་གསོ་རིག་པ་ཞེས་པའི་རིག་ཚན་དེ་མེད་པའི་ངོས་འཛིན་གནང་གི་འདུག འོན་ཀྱང་བོད་ལ་སློབ་གསོ་རིག་པ་ཡོད་པ་མ་ཟད། སྔ་དུས་ནས་ཡོད། བོད་ཀྱི་སློབ་གསོ་རིག་པའི་ཐད་ལ་ཅུང་ཆ་ཚང་བའི་བཤད་པ་དང་པོ་གནང་མཁན་དེ་ས་སྐྱ་པཎ་ཆེན་ཡིན་ཞིང༌། ཁོང་གིས་མཛད་པའི་<<མཁས་པ་འཇུག་པའི་སྒོ་>>ཞེས་པའི་རྩོམ་ཡིག་དེའི་ནང་སློབ་ཁྲིད་བྱེད་ཕྱོགས་སྐོར་མདོར་བསྡུས་གསུངས་ཡོད་པ་དང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་<<ཤེས་བྱ་ཀུན་ཁྱབ་>>དེབ་གཉིས་པའི་ནང་<<མཁས་པ་འཇུག་པའི་སྒོ་>>ལས་ཅུང་རྒྱས་ཙམ་བྲིས་གནང་ཡོད། <<མཁས་པ་འཇུག་པའི་སྒོ་>>ཡི་འགྲེལ་པ་ཡོན་རྒྱལ་རབས་སྐབས་ཀྱི་བོད་ཀྱི་མཁས་པ་ཆེན་པོ་ས་སྐྱ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པ་བྲིས་མ་ཤོག་གྲངས་༣༦༠ ཡོད་པ་ཞིག་ཀྱང་ཡོད། དེའི་ནང་དོན་ཁག་རགས་ཙམ་ཞུས་ན།
སློབ་ཁྲིད་བྱེད་སྟངས་ཐད། ༡. སྔོན་འགྲོ་དང༌། ༢. གླེང་གཞི། ༣. མཇུག་ཅེས་རྩ་བའི་ས་བཅད་གསུམ་དུ་དབྱེ་ཡོད།
༡. སྔོན་འགྲོ་ནི་སློབ་ཚན་དངོས་སུ་མ་ཁྲིད་གོང་སློབ་ཚན་འདི་ཁྲིད་ནས་དགོས་པ་རྒྱུ་མཚན་གང་ཞིག་ཡོད་མེད་དང༌། ཕན་ཐོགས་གང་ཡོད་མེད་སོགས་ངོ་སྤྲོད་བྱེད་པ་དེ་ལ་སྔོན་འགྲོ་ཟེར། དངོས་གཞི་ལ་བཤད་ཁྲིད་དང༌། དམར་ཁྲིད། མཛུབ་ཁྲིད། བསྡུས་བརྗོད་བཅས་བཤད་སྟངས་མི་འདྲ་བ་བཞི་ཡོད། དེ་ཡང་སྔོན་འགྲོའི་སྐབས་འཆད་བྱའི་གཞུང་གི་ཡོན་ཏན་བཤད་པ་ཞེས་དཔེར་ན་<<ཤེས་བྱ་ཀུན་ཁྱབ་>>སློབ་ཁྲིད་བྱེད་དགོས་ཚེ་སྔོན་ལ་དེབ་འདིར་ཁྱད་ཆོས་གང་ཡོད་མེད་དང་དེ་སློབ་སྦྱོང་བྱས་ནས་ཕན་པ་ག་རེ་ཡོད་མེད་བཅས་གསལ་བཤད་བྱེད་དགོས་ལ་དེ་རྗེས་རྩོམ་པ་པོའི་ལོ་རྒྱུས་ཤོད་དགོས། རང་རྟོགས་ཀྱི་ཐོག་ནས་སློབ་སྦྱོང་བྱ་རྒྱུར་སྤྲོ་བ་སྐྱེ་ཆེད་འཆད་བྱའི་གཞུང་གི་ཡོན་ཏན་དེ་སྔོན་ལ་ཤོད་དགོས། དེ་བཤད་ན་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱེད་ཐུབ། རྩོམ་པ་པོའི་ལོ་རྒྱུས་བཤད་པ་དེ་ལ་མཛད་པ་པོའི་ཆེ་བ་བསྟན་པ་ཟེར། དེ་ནས་དེའི་མཇུག་ཏུ་བསྡུས་དོན་ཤོད་དགོས། དེ་ལ་དོན་གྱི་ཁོག་འབུབས་པ་ཟེར་བ་དང་དཀྱུས་ཀྱི་ས་བཅད་པ་གཉིས་ཡོད། བསྡུས་དོན་ཤོད་པ་ཟེར་བ་དེར་མིང་གཞན་འཆད་བྱའི་ངོ་བོ་ངེས་པ་ཟེར། ས་པཎ་གྱིས་“ཉུང་ཞིང་འདུས་ལ་གོ་བདེ་ཞིང༌། །གཟུང་སླའི་ངག་དོན་ཐོག་མར་བཤད། །”ཅེས་གསུངས་ཡོད། བསྡུས་དོན་བཤད་ན་ཕན་ཐོགས་གང་ཡོད་ཅེ་ན། དཔེ་ཆ་ཆ་ཚང་མ་ཁྲིད་གོང་དེའི་འགོ་ནས་མཇུག་བར་གྱི་ནང་དོན་རོབ་ཙམ་བཤད་ཚེ་རི་མཐོན་པོའི་སྟེང་ནས་ལུང་པའི་གཞུང་ལ་བལྟས་པ་ལྟར་ཞིབ་ཕྲའི་གནས་ཚུལ་མ་ཤེས་ནའང་བློ་སྒོ་ཕྲན་བུ་འབྱེད་ཐུབ་པ་དང་སློབ་སྦྱོང་ལ་ཧུར་བརྩོན་བྱ་རྒྱུའི་བསམ་བློར་ཤུགས་སྣོན་ཐེབས་ཐུབ།
དཀྱུས་ཀྱི་ས་བཅད་པ་ཞེས་པ་ནི་ས་བཅད་ལ་ཟེར། དེའི་ཁྱད་ཆོས་སྐོར་ལ་ས་པཎ་གྱིས“དོན་བསྡུས་ཚིག་གསལ་བརྗོད་པ་བདེ། །ངག་ཉུང་ཚིག་སྙོམས་གཟུང་བ་སླ། །བསྡུས་དོན་ཉིད་ཀྱིས་གཞུང་གོ་བ། །དེ་འདྲ་གང་གིས་ཤེས་དེ་མཁས། །”ཞེས་གསུངས་པ་ལྟར་ཡིན། དེ་ནི་མིའི་རིགས་ཀྱི་བསམ་བློའི་ངོས་འཛིན་རགས་པ་ནས་ཞིབ་པར་འགྲོ་བའི་གོ་རིམ་དང་མཐུན་པ་ཞིག་ཡིན།

འདི་ཡོངས་གྲགས་སུ་དུང་དཀར་གྲུབ་མཐའ་ཟེར་བའི་གསུང་འབུམ་ལས་ཁོལ་དུ་ཕྱུང་ནས་བཀོད་པ་ཡིན།