བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༣ རེས་གཟའ་ཕུར་བུ་ཉིན། འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་ཌེན་མཱརྐ་གཞུང་གི་ཌ་ནི་ཌ་ DANIDA རོགས་ཚོགས་ཀྱི་མཐུན་འགྱུར་འོག་ཤེས་རིག་ཚོགས་ཁང་དུ་ཉིན་གྲངས་གཅིག་རིང་བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཞོན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། དྷ་ས་བོོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ལགས། མ་སུ་རི་བོད་ཁྱིམ་དྲུང་ཆེ་ཀརྨ་ཆུང་བདག་ལགས། དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསོད་ནམས་སྲི་གཅོད་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས། དེ་བཞིན་ཕྱི་ནང་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་ཚོགས་འདུའི་ལས་རིམ་ངོ་སྤྲོད་གནང་བསྟུན་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཞོན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཐོག་མར་ལྷན་ཚོགས་སུ་ཕེབས་པའི་བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་སྤྱི་ཁྱབ་འགན་འཛིན་རྣམས་ལ་འཚམས་འདྲི་དང་སྦྲགས་གསུང་དོན།

དེ་རིང་བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཚོགས་གཙོ་དཔལ་ལྡན་སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་དབང་གིས་འདིར་ཕེབས་ཐུབ་མེད་པ་དང་། འཛིན་སྐྱོང་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དགོངས་དོན་ལྟར་དེ་རིང་གི་ཚོགས་འདུ་འདི་བཞིན་བསྐོང་ཚོགས་གནང་ཐུབ་པ་བྱུང་ཡོད། ཚོགས་འདུར་སློབ་སྡེ་ཁག་གི་འཛིན་སྐྱོང་འགན་འཛིན་རྣམས་ནས་གལ་ཆེན་དུ་བརྩིས་ཏེ་བཅར་བ་ཧ་ཅང་དགའ་པོ་བྱུང་། ཉིན་གྲངས་གཅིག་གི་ཚོགས་འདུ་འདི་བཞིན་ཚགས་ཚུད་པོ་དང་གྲོས་བསྡུར་ལྷུག་པོ་ཡོང་བའི་རེ་བ་ཡོད།

དེ་སྔོན་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༧ དང་ ༢༨ བཅས་ཉིན་གྲངས་གཉིས་རིང་གི་བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་འགན་འཛིན་ཚོགས་ཆེན་སྐབས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་དེ་བཞིན་ཧ་ཅང་གལ་ཆེན་པོ་ཡིན་པའི་ཐོག་ནས་བཙུགས་པ་ཞིག་ཡིན་པ་མ་ཟད། ལྷན་ཚོགས་སུ་བཀའ་ཤག་གིས་ངོས་ནས་སྒྲིག་གཞི་ལམ་སྟོན་ཞིག་ཀྱང་གཏན་འབེབས་གནང་ཡོད། ཅེས་དང་།

གཞན་ཡང་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་ཡོད་སྐོར་སོགས་ཀྱི་གནས་སྟངས་དང་། ད་ལྟ་སློབ་གྲྭར་ཡོད་པའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་སྤུས་ཚད་ལྡན་པ་ཇི་ལྟར་སྐྲུན་དགོས་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད།

སྤྱིར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་གཞི་ཁག་ནི།

  • གྲོས་གཞི་དང་པོ། ཤེས་རིག་ཚོགས་ཆེན་བདུན་པའི་གྲོས་གཞི་དང་པོའི་གྲོས་ཆོད་དོན་ཚན་ ༡ ནང་གསལ། སློབ་གྲྭ་ཁུ་བསྡུ་དང་ཟླ་སྒྲིལ་གནང་ཕྱོགས་ཇི་དགེའི་སྐོར་དང་།
  • གྲོས་གཞི་གཉིས་པ། ཤེས་རིག་ཚོགས་ཆེན་བདུན་པའི་གྲོས་གཞི་དང་པོའི་གྲོས་ཆོད་དོན་ཚན་ ༣ ནང་གསལ། སློབ་སྡེ་ཁག་གི་བུད་མེད་ལས་བྱེད་རྣམས་ལ་ཕྲུ་གུ་བཙས་རྗེས་སྐྱེས་མའི་ཐོབ་ཐང་དང་ཕའི་ཐོབ་སེང་མཐུན་རྐྱེན་གཅིག་གྱུར་གནང་ཐབས་ཇི་དགེའི་སྐོར།
  • གྲོས་གཞི་གསུམ་པ། ཤེས་རིག་ཚོགས་ཆེན་བདུན་པའི་གྲོས་གཞི་དང་པོའི་གྲོས་ཆོད་དོན་ཚན་ ༦ ནང་གསལ། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་ཕྲུག་རྣམས་ལ་རྒྱ་གར་གྱི་བོད་སློབ་ཁག་ཏུ་སློབ་སྦྱོང་བྱེད་ཐུབ་པའི་མཐུན་འགྱུར་གནང་ཐབས་ཇི་དགེའི་སྐོར།
  • གྲོས་གཞི་བཞི་པ། ཤེས་ལྷན་ཚོགས་ཆེན་ཐེངས་བདུན་པའི་གྲོས་གཞི་དྲུག་པའི་དོན་ཚན་དང་པོའི་གྲོས་ཆོད་ནང་གསལ། རང་རེའི་སློབ་གྲྭ་ཁག་གི་ནང་ཧི་མཱ་ལ་ཡའི་སློབ་ཕྲུག་སློབ་འཇུག་གནང་ཕྱོགས་ཇི་དགེའི་སྐོར།
  • གྲོས་གཞི་ལྔ་པ། བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་གཏན་ཉིན་སློབ་གྲྭ་ཁག་ནང་ལས་རིགས་སློབ་སྦྱོང་ཡར་རྒྱས་ཚགས་ཚུད་གཏོང་ཕྱོགས་ཇི་དགེའི་སྐོར།
  • གྲོས་གཞི་དྲུག་པ། གཏན་ཉིན་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་གི་བདེ་འཇགས་དང་འབྲེལ་བའི་སློབ་སྡེ་སོ་སོའི་འགན་འཁུར་གནང་ཕྱོགས་སོགས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག་པ་བཅས། །