བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་ལེགས་པར་མཇུག་སྒྲིལ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཉིན་མཐའ་མ་དེ་ཚོགས་ཡོད་པ་དང་། སྐབས་དེར་སྤྱི་ཟུར་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་རྒྱུན་འཛིན་གནང་ཕྱོགས་སྐོར་དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་པ་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ནཱ་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་ཀྱི་བརྡ་སྤྲོད་ཀྱི་ངོས་འཛིན་དང་། ཁྱབ་ཚད། དཀའ་གནད་སྐོར། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་གཏན་ཉིན་སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་རྩོམ་རིག་སྒྱུ་རྩལ་གོང་མཐོར་གཏོང་ཐབས་སྐོར་གསུངས།
དེ་རྗེས་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དགེ་རྒན་གྱི་ལས་གནས་ནི་ལས་ཚན་གཞན་ལས་ཁྱད་དུ་འཕགས་པ་དགོས་པའི་རྒྱུ་མཚན་དང་། དགེ་རྒན་གྱི་ཀུན་སྤྱོད་དང་འགན་ཁུར་གནང་ཕྱོགས་ཐོག་གསུང་བཤད་གནང་དོན། མང་ཆེ་བས་ཕལ་ཆེར་མཁྱེན་མདོག་ཁ་པོ་རེད། བར་ལམ་ཞིག་ནས་ང་རང་སྒེར་གྱིས་བོད་པའི་སྤྱི་ཚོགས་དང་། བོད་མིའི་སྒྲིག་འཛུགས་ཁག་གི་ནང་འབྲེལ་གཏུག་དང་གཏམ་བཤད་ཡང་ཡང་མི་དགོས་པའི་གཙོ་འདོན་བྱེད་ཀྱི་ཡོད། ཚོགས་ཆེན་འདིའི་ཐོག་རྒྱ་གར་ནང་གཅིག་པུ་མ་ཡིན་པར། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཚོགས་བཅར་བ་མང་པོ་ཕེབས་འདུག དེ་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ལས་དོན་ཐོག་ཡར་རྒྱས་འགྲོ་གི་ཡོད་པའི་མཚོན་རྟགས་ལྟ་བུ་རེད།
དྲུག་ཅུ་རེ་གྲངས་ནང་ཤེས་རིག་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་སྐབས་ལ་ཚོགས་མི་ཕལ་ཆེར་སུམ་ཅུ་སོ་གྲངས་མ་གཏོགས་མེད། འདས་པའི་ལོ་ངོ་དྲུག་ཅུའི་ནང་ཤེས་ཡོན་ལས་དོན་ཐོག་ལ་དགའ་འོས་པའི་གནས་སྟངས་ཤིག་ཆགས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ལས་དོན་དེ་ལས་དོན་གཞན་དང་མ་འདྲ་བ་ཚགས་ཚུད་པོ་དང་རླབས་ཆེན་གྱི་གྲུབ་འབྲས་བྱུང་ཡོད་པ་དེ་ལོ་ངོ་དྲུག་ཅུ་ཟིན་པའི་རྗེས་སུ་ངོ་ཤེས་པ་ཞིག་རེད། ཕྱི་ལོ་ ༡༩༥༩ དང་ད་ལྟའི་བར་གྱི་གནས་བབ་གཉིས་བསྡུར་བ་ཡིན་ན་བོད་ཀྱི་ཆོས་དང་ལེགས་བྱང་བཅས་པ་འཛིན་སྐྱོང་ཐུབ་པ་དེ་ང་ཚོའི་རླབས་ཆེན་གྱི་གྲུབ་འབྲས་རེད།
བོད་ཀྱི་ཤེས་རིག་གི་བྱུང་རིམ་ལ་བལྟས་པ་ཡིན་ན། ཧ་ལས་དགོས་པ་ཞིག་རེད། སའི་གོ་ལ་ཐོག་གི་རྒྱབ་ཁབ་དང་མི་རིགས་ཚང་མ་དང་མཉམ་དུ་མཚུངས་བསྡུར་བྱས་པ་ཡིན་ན། བོད་པ་ནང་བཞིན་མཁས་པ་མང་པོ་ཐོན་ཐུབ་མཁན་མི་རིགས་གཅིག་ཀྱང་བྱུང་མེད། བོད་པ་ནང་བཞིན་རྩོམ་ཡིག་གི་ཡིག་འཇོག་རྒྱ་ཆེན་པོ་བཞག་ཐུབ་མཁན་གཅིག་ཀྱང་བྱུང་མེད། བོད་པ་ནང་བཞིན་སྐད་ཡིག་གཞན་པ་ཞིག་ནས་རང་གི་སྐད་ཡིག་ཏུ་སྒྲ་སྒྱུར་གྱི་ལས་ཀ་བྱེད་ཐུབ་མཁན་གཅིག་ཀྱང་བྱུང་མེད། རྒྱ་ནག་ལྟ་བུར་མཚོན་ན་ང་ཚོ་ལས་ཁོང་ཚོར་མི་འབོར་ལྡབ་མང་པོ་ཆེ་བ་མ་ཟད། རྒྱ་གར་ལ་འབྲེལ་བ་བྱུང་སྟེ་སངས་རྒྱས་ཀྱི་བཀའ་བསྒྱུར་བ་དེ་ཧ་ཅང་སྔ་པོ་རེད། ཕྱི་ལོ་ ༢༠༠ ནང་རྒྱ་གར་ནས་རྒྱ་ནག་ལ་སངས་རྒྱས་ཀྱི་བཀའ་བསྒྱུར་རྒྱུ་འགོ་བཙུགས་ཚར་བ་རེད།
བོད་ལ་སྐབས་དེ་དུས་བརྡ་སྤྲོད་ཀྱི་རྣམ་བཞག་མེད་ལ་ཡི་གེའི་གཟུགས་ཀྱང་མེད། ཕྱི་ལོ་བརྒྱ་ཕྲག་བདུན་པ་དང་བརྒྱད་པའི་རྗེས་ནས་བོད་ཀྱི་བརྡ་སྤྲོད་རྣམ་བཞག་འགོ་བཙུགས་པ་རེད། འོན་ཀྱང་ད་ལྟའི་ཆར་སྔར་རྒྱ་ནག་གི་སྐད་ཡིག་ཐོག་བསྒྱུར་བའི་བཀའ་བསྟན་འགྱུར་དང་བོད་པའི་སྐད་ཡིག་ཐོག་བསྒྱུར་བའི་བཀའ་བསྟན་འགྱུར་མཚུངས་བསྡུར་བྱས་པ་ཡིན་ན། ཆོས་ཚན་དང་གྲངས་འབོར། བསྒྱུར་བའི་སྤུས་ཀ་སོགས་གང་ཅིའི་ཐད་ནས་བལྟས་པ་ཡིན་ནའང་མཚུངས་བསྡུར་བྱེད་རྒྱུ་ལྷག་མེད། སའི་གོ་ལ་འདིའི་ཐོག་སྐད་ཡིག་གཞན་པ་ནས་རང་སྐད་དུ་བསྒྱུར་བའི་གཞུང་ལུགས་བོད་པའི་སྐད་ཐོག་ཡོད་པ་ནང་བཞིན་སུ་ལའང་མེད། གཞན་གྱི་སྐད་ཡིག་ནས་བསྒྱུར་བ་མ་ཡིན་པའི་རང་གི་སྐད་ཡིག་ཐོག་བརྩམས་པའི་ཡིག་འཇོག་གི་གྲངས་འབོར་བརླགས་ཚར་བ་དེ་ཚར་བ་རེད། ད་ལྟ་ལག་ཏུ་རག་རྒྱུ་ཡོད་པའི་གྲངས་འབོར་དེ་ཧ་ཅང་རྒྱ་ཆེན་པོ་རེད།
རྒྱ་གར་གྱི་རྩོམ་ཡིག་གི་བྱུང་རིམ་ལོ་བདུན་སྟོང་གི་སྔོན་ལ་བྱུང་བ་ཞིག་དང་ལོ་ལྔ་སྟོང་གོང་ལ་བྱུང་བ་ཞིག་བཤད་ཀྱི་ཡོད། བོད་པའི་རྩོམ་ཡིག་གི་བྱུང་རིམ་ལོ་ཆིག་སྟོང་བརྒལ་བའི་བྱུང་རིམ་མ་གཏོགས་མེད། དེའི་རིང་ལ་སྔར་བོད་ཀྱི་ཆོས་རྒྱལ་དང་ལོ་པཎ་བཀའ་དྲིན་ཅན་ཚོས་སྐུ་ངལ་ག་ཚོད་བསྐྱོན་ཡོད་པ་དེ་བློ་ཡུལ་དུ་མ་ཤོང་བ་ཞིག་རེད། དེ་རིང་ཁ་སང་ང་ཚོས་གཞུང་ལུགས་ཤོག་གྲངས་ཁ་ཤས་ཤིག་བསྒྱུར་བའི་སྐབས་ལ་སྔར་གྱི་ཆོས་རྒྱལ་དང་ལོ་པཎ་བཀའ་དྲིན་ཅན་ཚོས་བཀའ་བསྟན་འགྱུར་བསྒྱུར་སྐབས་སྐུ་ངལ་ག་ཚོད་བསྐྱོན་ཡོད་མེད་ཚོར་བ་ཡོང་གི་འདུག ང་ཚོའི་འདས་པའི་བྱུང་རབས་དེ་ངོ་མཚར་དང་གཟི་བརྗིད་ཅན་ཞིག་རེད། ཅེས་དང་།
ཕྱོགས་མཚུངས་དགེ་རྒན་གྱི་ཀུན་སྤྱོད་དང་། འགན་ཁུར་གནང་ཕྱོགས་དང་འབྲེལ་ནས་གསུང་དོན། དགེ་རྒན་གྱིས་སློབ་ཕྲུག་ལ་བརྩེ་བའི་སྒོ་ནས་སློབ་ཁྲིད་གནང་དགོས་པ་དང་། དགེ་རྒན་གྱིས་སློབ་ཕྲུག་གིས་སློབ་སྦྱོང་བྱེད་པའི་སྐབས་སུ་འཇིགས་སྣང་མེད་པ་བཟོ་རྒྱུ་དང་སློབ་ཕྲུག་ཚོར་སློབ་སྦྱོང་ཐོག་དོ་སྣང་ཡོད་པ་ཞིག་བསྐྲུན་དགོས་རྒྱུ་དེ་དགེ་རྒན་གྱི་འགན་རེད། ཅེས་དང་། དགེ་རྒན་གྱི་མིང་གི་རྣམ་གྲངས་ལ་ཡོངས་འཛིན་ཟེར་གྱི་ཡོད། ཡོངས་འཛིན་ཟེར་བ་དེ་སློབ་ཕྲུག་གི་ལུས་ངག་ཡིད་གསུམ་གྱི་དགོས་མཁོ་ཆ་ཚང་སྐྲུན་ཐུབ་མཁན་ཞིག་ལ་ཡོངས་འཛིན་ཟེར་གྱི་ཡོད། ཕྱིས་སུ་བོད་ལ་བླ་མ་ཚོའི་དགེ་རྒན་ལ་ཡོངས་འཛིན་ཞེས་ཟུར་བཅད་བྱས། བླ་མ་མ་ཡིན་པའི་གྲྭ་རྐྱང་ཡིན་ན་དགེ་རྒན་མ་གཏོགས་ཡོངས་འཛིན་ཟེར་གྱི་མེད། ཁོང་ཡོངས་འཛིན་རེད་ཟེར་དུས་དགེ་རྒན་ཞིག་ལ་དགེ་ཕྲུག་བླ་སྤྲུལ་ཞིག་ཡོད་པ་རེད། སྤྱིར་བཏང་ཡོངས་འཛིན་ཞེས་པའི་ཚིག་དེ་དགེ་རྒན་ཡོངས་རྫོགས་ལ་ཁྱབ་པ་ཞིག་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།
ཕྱི་དྲོ་ཚོགས་ཆེན་ཐོག་ཚོགས་ཆུང་ཚན་པ་ཁག་དགུ་སོ་སོ་ནས་དགོངས་འཆར་སྙན་སྒྲོན་ཞུས་གྲུབ་མཚམས་ཤེས་རིག་ཚོགས་ཆེན་བདུན་པའི་གྲོས་ཆོད་གཏན་འབེབས་གནང་། དེ་རྗེས་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན། དགེ་རྒན་དང་ཕ་མ་རྣམ་པས་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་ལེགས་པར་རྟོགས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དགེ་རྒན་དང་ཕ་མའི་བར་འབྲེལ་བ་བཟང་པོ་འཇོག་དགོས་པའི་སྐོར་གསུང་།
ཕྱོགས་མཚུངས་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་འགན་འཛིན་རྣམ་པས་སློབ་གྲྭའི་ནང་དགེ་ལས་སློབ་ཕྲུག་མཉམ་རུབ་ཀྱིས་ཕན་ཚུན་བར་རྩིས་བཀུར་དང་། ཡིད་ཆེས་ཡོད་པའི་ཁོར་ཡུག་ཅིག་བསྐྲུན་དགོས་པ་དང་། ལས་རིགས་སྦྱོང་བརྡར་སྐོར་གོ་རྟོགས་མང་ཙམ་སྤེལ་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་། དེ་ནས་བཀའ་བློན་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དྲ་ཚིགས་ཤིག་ www.secularethics.net དབུ་འབྱེད་གནང་བ་དང་། དྲ་ཚིགས་དེའི་འགྲོ་གྲོན་ཕ་རན་སིའི་རོགས་ཚོགས་ Fonds De Dotation Mon Kontan Ou,France ཞེས་པས་གནང་ཡོད་པ་རེད།
དེ་ནས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་ཐེངས་འདིའི་ཤེས་རིག་ཚོགས་ཆེན་ཐོག་བྱུང་བའི་གྲོས་ཆོད་ཁག་ལག་བསྟར་གནང་གལ་དང་། དེ་བཞིན་གོ་སྒྲིག་གནང་མཁན་དང་ཨ་རིའི་རོགས་ཚོགས་ USAID བཅས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། ཐེངས་འདིའི་ཚོགས་ཆེན་ཐོག་བྱུང་བའི་གྲོས་ཆོད་གྱི་སྙིང་བསྡུས་ནི། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་ཡོད་པར་བརྟེན། སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་རྒྱུ་དང་། ས་གནས་ལ་ཡོད་པའི་གཞི་རིམ་འོག་མའི་སློབ་གྲྭ་ཁག་ས་གནས་རང་ལ་གནས་དགོས་རྒྱུ་གལ་ཆེན་པོ་ཡིན་པ། ཉེ་འགྲམ་དུ་ཡོད་པའི་གཞི་རམ་བར་མ་དང་གཞི་རིམ་གོང་མའི་སློབ་གྲྭ་ཁག་ནང་ཁུལ་ལ་ཟླ་སྒྲིལ་གཏོང་དགོས་པའི་དགོངས་བཞེས་གནང་དགོས་པ། སྔར་བཀའ་ཤག་གིས་ཕ་མར་ཕྲུ་གུ་གསུམ་ཡོད་ན་སློབ་ཡོན་དང་སློབ་འཇུག་གི་མཐུན་རྐྱེན་གནང་རྒྱུའི་རྩ་འཛིན་ལམ་སྟོན་གནང་ཡོད་པ་ལྟར། ད་ལྟ་ཕ་མར་ཕྲུ་གུ་གཉིས་ཡོད་མཁན་རྣམས་ལ་སློབ་ཡོན་དང་སློབ་འཇུག་གི་མཐུན་རྐྱེན་གནང་དགོས་པའི་དགོངས་བཞེས། ཤེས་ཡོན་སྲིད་བྱུས་ཚགས་ཚུད་དུ་གཏང་རྒྱུ། བོད་ཡིག་དང་ཨིན་ཡིག་ཡར་རྒྱས་གཏོང་ཕྱོགས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཇི་ལྟར་ཡར་རྒྱས་གཏོང་དགོས་པའི་སྐོར། ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་དང་ཤེས་ཡོན་སྤྲོད་དགོས་པའི་དགོས་དམིགས་རྣམས་སློབ་སྦྱོང་གནང་དགོས་པ། དགེ་རྒན་དང་ཕ་མ་རྣམས་ལ་གོ་རྟོགས་སྤེལ་དགོས་པ། དེང་རབས་དང་སྲོལ་རྒྱུན་གྱི་ཐབས་ལམ་བརྒྱུད་བོད་ཡིག་དང་ཨིན་ཡིག་སློབ་ཁྲིད་གནང་ཕྱོགས་སྐོར། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ Emory University གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་རྩ་འཛིན་གཏན་འབེབས་གནང་བའི་ནང་དོན་རྣམས་སློབ་གྲྭ་ཁག་གི་ནང་ཇི་ལྟར་གོ་རྟོགས་སྤེལ་དགོས་པའི་སྐོར། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྒྱུས་སྟོན་པ་མང་པོ་གསོ་སྐྱོང་བྱེད་དགོས་པ། སློབ་སྤྱི་དང་དགེ་ཆེ་རྣམ་པས་དགེ་རྒན་རྣམས་ལ་ཤེས་ཡོན་ཐོག་རམ་འདེགས་ཞུ་རྒྱུ། རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་གྲགས་གྲས་ནང་ཤེས་ཡོན་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་གནང་དགོས་པ། ལས་རིགས་སློབ་སྦྱོང་སྦྱོང་བརྡར་བསྟི་གནས་ཁང་གི་དགེ་རྒན་རྣམ་པ་ཚོར་གཟིགས་རྟོགས་གནང་དགོས་པ་སོགས་ཀྱི་གྲོས་ཆོད་སྙིང་བསྡུས་བཅས།།