ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢ དང་ ༣ ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་དང་པོ་ཨ་རི་ནིའུ་ཡོག་དང་ནེའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་སྤྱི་དང་སློབ་དགེ་དྲུག་ཅུ་རེ་གྲངས་ཚང་འཛོམས་ཐོག་བསྐོང་ཚོགས་གནང་།

          དེ་ཡང་གོང་ཚེས་ཉིན་ཚོགས་ཆེན་ཐོག་དམིགས་བསལ་སྐུ་མགྲོན་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སྣང་གསལ་ཞལ་འབྱེད་གནང་རྗེས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བོད་ཀྱི་རྩ་དོན་ཆེད་སྐུ་སྲོག་ལོངས་སྤྱོད་བཅས་པ་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་ཞུས།

          དེ་རྗེས་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་མཆོག་ནས་ཚོགས་འདུའི་དབུ་འབྱེད་གསུང་བཤད་དང་། ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ཚབ་ནས་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་བཀའ་སློབ་གནང་དོན།  ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་ཅུ་གོ་གྲངས་ནས་བཟུང་སྟེ་ད་ལྟའི་བར་ལོ་ངོ་སུམ་ཅུ་ལ་ཉེ་བའི་ནང་བོད་ཀྱི་སྤྱི་ཚོགས་ལ་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་གནས་སྟངས་གསར་པ་དང་ཁོར་ཡུག་གསར་པའི་ནང་ཕ་མ་ཚོར་གདོང་ལེན་བྱེད་དགོས་པའི་གནས་སྟངས་གསར་པ་མང་པོ་ཞིག་སླེབས་ཡོད། གནས་སྟངས་དེ་དག་ལ་ཞན་ཆ་གཅིག་པུ་ལ་མ་བལྟས་པར་དགེ་མཚན་དང་གོ་སྐབས་ལ་བལྟས་ཏེ་གདོང་ལེན་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཕྱི་ལོ་ ༢༠༡༢ ནས་བཟུང་སྟེ་ཤེས་རིག་ལས་ཁུངས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་དུ་བོད་ཀྱི་སྐད་ཡིག་སློབ་དེབ་རྩོམ་སྒྲིག་དང་བསླབ་གཞིའི་རྩ་འཛིན་བཟོ་འགོད་འགོ་འཛུགས་བྱས་ཏེ། ད་ཆ་བསླབ་གཞིའི་རྩ་འཛིན་གྱི་རགས་ཟིན་གྲུབ་ཡོད་པའི་ཐོག་གོ་བསྡུར་ལྷུག་པོ་གནང་རྒྱུ་དང་། མ་འོངས་པའི་བོད་མིའི་ཕྲུ་གུ་རྣམས་ཀྱི་ཆེད་དུ་ཕ་མ་ཚོས་འགན་ཆེ་ཙམ་བཞེས་ཏེ་ཁྱིམ་ཚང་ནང་བོད་སྐད་གཙང་མ་བསྐྱོན་རྒྱུ་དང་། གཟའ་མཇུག་སློབ་གྲྭ་དང་འཛིན་གྲྭ་ཁག་ནས་སྐད་དང་ཡི་གེ་བསླབས། ཤེས་རིག་ལས་ཁུངས་ནས་བསླབ་གཞི་བཟོ་འགོད་དང་སློབ་ཁྲིད་ཀྱི་རྒྱུ་ཆ་རྩོམ་སྒྲིག་ཞུས་ཏེ་ཕྱོགས་ཡོངས་ནས་ཤུགས་རྒྱག་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས།

          དེའི་རྗེས་དམིགས་བསལ་སྐུ་མགྲོན་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་བའི་སྙིང་དོན་དུ། བོད་ཀྱི་བསྟན་པ་ཆབ་སྲིད་དང་གནས་སྟངས་ཉག་ཕྲ་པོ་དང་ཛ་དྲག་པོ། དཀའ་ངལ་ཆེན་པོའི་དུས་སྐབས་ཤིག་ལ་སླེབས་བསྡད་ཡོད་རེད། ང་རང་ཚོའི་ལོ་རྒྱུས་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག བོད་ཀྱི་མངའ་ཐང་། ས་ཡི་རྒྱ་ཁྱོན། མིའི་ནུས་པ་བཅས་འཛམ་བུ་གླིང་འདིའི་ཐོག་ལ་གཟེངས་སུ་ཐོན་པ་ཞིག་ཡོད་པ་ལས། སུ་གཅིག་ལའང་ཉམས་དམའ་དགོས་པའི་གནས་སྟངས་ཤིག་ཆགས་མྱོང་མེད། དེ་ལྟར་ཡང་བོད་ལ་ཆབ་སྲིད་ཀྱི་ཉམ་ངའི་གནས་སྟངས་ཆེན་པོ་ཞིག་བྱུང་སྟེ། ᨊགོང་ས་ᨊསྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུས་པའི་སྟོན་འཁོར་བཅས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་པའི་གནས་སྟངས་བྱུང་བ་རེད། ཡིན་ནའང་། སྤྱི་ནོར་ᨊགོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གཙོས་པའི་མི་རབས་རྒན་པ་ཚོས་སྐུ་ལས་ཚད་མེད་བསྐྱོན་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་བཅས་པ་སྐུ་མཉེལ་པོའི་ཐོག་ནས་རྒྱུན་འཛིན་བྱེད་ཐུབ་པ་བྱུང་ཡོད་རེད། དེ་ནས་རིམ་པས་བོད་པ་མང་པོ་ཞིག་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཕེབས་ཐུབ་པ་བྱུང་སྟེ། གོ་སྐབས་དང་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་ཆགས། བོད་ནང་དང་རྒྱ་བལ་འབྲུག་གསུམ་ལ་ཕན་ཐོགས་བྱུང་བ་མ་ཟད། སྒེར་སོ་སོ་ནས་ཀྱང་ཕ་མ་དང་སྤུན་མཆེད་བཅས་ལ་དཔལ་འབྱོར་ཐོག་ནས་ཕན་ཐོགས་བྱུང་ཡོད་རེད། རིམ་པས་ཚང་མས་ཁྱིམ་ཚང་བཟུང་སྟེ་བུ་ཕྲུག་མང་པོ་ཆགས། བུ་ཕྲུག་དེ་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སློབ་གྲྭར་གཏོང་གི་ཡོད་པས། སློབ་གྲྭ་དེ་དག་ནང་བོད་ཡིག་སྦྱོང་རྒྱུ་མེད་པ་དང་། རྒྱ་གར་ནང་ཡིན་ན་བོད་པའི་སློབ་གྲྭ་ཁག་གི་ནང་བོད་ཡིག་གི་རྒྱུན་ལྡན་སློབ་ཚན་ཡོད་པས་བོད་སྐད་དང་བོད་ཡིག རིག་གཞུང་དང་འབྲེལ་བའི་ཐོག་ལ་ངོ་འཕྲོད་པ་བྱུང་ཡོད་ཀྱང་། ནུབ་ཕྱོགས་ཀྱི་བོད་མིའི་ཕྲུ་གུ་ཚོ་སྐྱེ་བ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཁ་བྲལ་བ་ཆགས་ཡོད་པ་རེད། གཟའ་མཇུག་སློབ་གྲྭ་ཁག་ནང་ཕྲུ་གུ་ཚོ་བཏང་ཡང་བོད་པའི་ཞག་རྩི་ཡོད་པ་ཞིག་ཡོང་གི་མེད་སྟབས། ཕ་མས་ལས་འགན་སྒྲུབ་ཐུབ་ཀྱི་ཡོད་མ་རེད། དེ་འདྲ་སོང་ཙང་ཁྱིམ་ཚང་ནང་ཕ་མས་ཕྲུ་གུའི་མཉམ་དུ་བོད་སྐད་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། བོད་ཡིག་ཤེས་པ་ལ་བོད་སྐད་ཡག་པོ་ཤེས་དགོས་ཀྱི་ཡོད་རེད། བོད་སྐད་ཡག་པོ་ཤེས་པ་ཡིན་ན་བོད་ཡིག་སྦྱོང་རྒྱུ་ལས་སླ་པོ་ཡོང་གི་རེད། ཕྲུ་གུར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཤེས་ཡོན་སྤྲོད་མ་ཐུབ་ཚེ་ཕ་མའི་ལས་འགན་སྒྲུབ་ཐུབ་མེད་པས། རྗེས་སུ་འགྱོད་པ་སྐྱེ་རྒྱུ་ངེས་པས་ཁྱིམ་ཚང་ནང་ཕ་མས་ཕྲུ་གུའི་མཉམ་དུ་བོད་སྐད་བཤད་རྒྱུ་འབད་བརྩོན་གནང་རྒྱུ་དེ་གལ་ཆེན་པོ་རེད། ཅེས་དང་། ཡང་ཁོང་གིས། རྒྱལ་བ་རིན་པོ་ཆེས་རྒྱུན་ལྡན་བོད་ཀྱི་སྐད་ཡིག་བསླབ་དགོས་པའི་བཀའ་སློབ་གནང་གི་ཡོད་པ་དང་། ང་ཚོ་ཚང་མ་༸རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་མཁན་ཡིན་པས་བཀའ་སྒྲུབ་འདོད་ཡོད་ན་ཕ་མ་ཚོས་ཁྱིམ་ཚང་ནང་བོད་སྐད་རྒྱག་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་གནང་།

          ཐེངས་འདིའི་ཕྱི་ཚེས་ ༢ དང་ ༣ ཉིན་གྱི་ཚོགས་ཆེན་ཐོག་གཙོ་བོ་ཤེས་རིག་ལས་ཁུངས་ནས་བཟོ་སྒྲིག་བྱས་པའི་བསླབ་གཞིའི་རྩ་འཛིན་གྱི་རགས་ཟིན་དེ་ཉིད་མཐའ་མའི་གཏན་འབེབས་དང་། བོད་ཀྱི་སྐད་ཡིག་སློབ་ཁྲིད་ཡར་རྒྱས་གཏོང་ཕྱོགས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལག་ལེན་བསྟར་ཕྱོགས་བཅས་བརྗོད་གཞི་གཙོ་བོ་གསུམ་དང་། ཕྱི་ཚེས་ ༤ ཉིན་བྱང་ཨ་རིའི་བོད་ཡིག་སློབ་གྲྭའི་ཚོགས་འདུ་ཚོགས་རྒྱུ་ཡིན་འདུག

          ཐེངས་འདིའི་ཚོགས་བཅར་བའི་ཁོངས་ཡུ་རོབ་རྒྱལ་ཁབ་བྷེལ་ཇེམ་དང་། སུད་སི། ཨོ་སི་ཊི་རི་ཡ། ཨོ་སི་ཌོ་ལི་ཡ། བྱང་ཨ་རིའི་ཁུལ་ནས་ས་གནས་མི་འདྲ་ཁག་བཅུ་གཉིས་ནས་ཚོགས་བཅར་བ་དྲུག་ཅུ་རེ་གཅིག་མཉམ་ཞུགས་གནང་ཐུབ་ཡོད།

ཚོགས་འདུ་གྲོལ་རྗེས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་དང་ཤེས་རིག་དྲུང་ཆེ་རྣམ་གཉིས་ཨ་རིའི་རྒྱལ་སའི་མངའ་ཁུལ་དང་ཁེ་ན་ཊ་གཉིས་སུ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས།