དྷ་ས་དང་མ་སུ་རི་ཁུལ་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༦ ནས་ཕྱི་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་བདུན་རིང་དྷ་ས་བོད་ཁྱིམ་དུ་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་དང་མ་སུ་རི་ཁུལ་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོ་ཞིག་བསྐོང་ཚོགས་གནང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་དྷ་སྟེང་བོད་ཁྱིམ་གྱི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག དྷ་སྟེང་བོད་ཁྱིམ་གྱི་ཤེས་ཡོན་སྤྱི་ཁྱབ་ངེས་སྟོན་པ་བསོད་ནམས་སྲི་གཅོད་ལགས། དྷ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས། ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། དེ་བཞིན་དྷ་སྟེང་དང་། དྷ་ཤོད་། གྷོ་པལ་པུར། སུ་ཇཱ། ཅོན་ཏ་ར། སེ་ལ་ཀུའི་བཅས་དྷ་ས་བོད་ཁྱིམ་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་དང་། དཔེ་སྟོན་སློན་གྲྭ། ཅོན་ཏ་ར། ཌོ་ལན་ཇི། སྤོན་ཊ་བཅས་སཾ་བྷོ་ཊ་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག མ་སུ་རིདང་། རཱཇ་པུར། གྷོ་རི་མ་ཕཱི་། བདེ་སྐྱིད་གླིང་བཅས་མ་སུ་རི་བོད་ཁྱིམ་གྱི་ཁྱབ་ཁོངས་སློབ་གྲྭ་ཁག དེ་བཞིན་སིམ་ལ་གཏན་སློབ་དང་། མ་སུ་རི་གཏན་སློབ། ཧར་སྤུར་ཉིན་སློབ། དོན་གྲུབ་གླིང་སློབ་གྲྭ་བཅས་དང་། ཕྱི་ལོ་ ༢༠༡༦ ལོའི་རིགས་ལམ་རྩེ་ཕུད་སློབ་གྲྭ་གཉིས་ཏེ། སྦེལ་ཀོབ་བོད་ཁྱིམ་དང་། བསུ་ན་མདའ་སམ་བྷོ་ཊ་སློབ་གྲྭ་བཅས་ཁྱོན་སློབ་གྲྭ་ཁག་ ༢༠ དང་། ལྟ་གྲུབ་དགེ་རྒན་ཉི་ཤུ། སློབ་ཕྲུག་ཁྱོན་བསྡོམས་ ༡༤༢ བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཉིན་གྲངས་བདུན་རིང་གི་ལས་རིམ་སྙིང་བསྡུས་ངོ་སྤྲོད་གནང་གྲུབ་མཚམས་སློབ་གྲྭ་ཁག་དྲུག་ནས་སྐར་མ་བཞི་ཙམ་རིང་རྟགས་གསལ་བཏང་།


དེ་རྗེས་སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་རིགས་ལམ་གྱི་གལ་གནད་དང་། སློབ་གྲྭའི་ནང་རིགས་ལམ་གྱི་ཤེས་ཚད་གོང་མཐོར་གཏོང་ཐབས་ཐོག་གསུང་བཤད་གནང་དོན། ཚད་མ་རིག་པ་ཞེས་ང་ཚོས་བེད་སྤྱོད་གཏོང་བཞིན་པ་དེ་དག་འཛམ་གླིང་སྤྱི་ཡོངས་ནང་གལ་ཆེན་པོ་རྩི་ཡི་ཡོད། ང་ཚོའི་བོད་པའི་ཁ་དཔེར། རྒྱུ་མཚན་མེད་ན་སྨྱོན་པའི་ཚིག་དང་མཚུངས། ཞེས་བཤད་སྲོལ་ཡོད། ལས་དོན་རིགས་བྱེད་སྐབས་ཉིན་རེ་བཞིན་རྒྱུ་མཚན་ཡོད་པ་དང་དཔྱད་པའི་ཐོག་ནས་བྱེད་དགོས། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ནང་ནས་ཀླད་པ་གསལ་ཤོས་མི་ལ་ཡོད། ཀླད་པ་དེ་བེད་སྤྱོད་ཡག་པོ་གཏོང་དགོས། བཟང་ངན་དབྱེ་འབྱེད་དང་། འཕྲལ་ཕུགས་རྒྱང་གསུམ་གྱི་གནས་སྟངས་ལ་དཔྱད་པའི་ཐོག་ནས་ལས་དོན་རིགས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་རིགས་ལམ་དགོས་གལ་ཆེན་པོ་ཡོད་པའི་དགོངས་བཞེད་ལྟར་ད་ཆ་སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་འཁྲིད་གནང་བཞིན་ཡོད། ཕྱོགས་མཚུགས་མགོན་པོ་གང་ཉིད་མཆོག་གིས་ཐུགས་བསྐྱེད་དམ་བཅའ་བཞི་པ་ནི། རྒྱ་གར་གྱི་གནའ་བོའི་རིག་གཞུང་རྣམས་རྒྱ་གར་རང་གི་ནང་བསྐྱར་གསོ་མཛད་རྒྱུ་ཡིན་པ་དེ་རེད།

བོད་ལ་ཚད་མ་རིག་པ་དར་ནས་ལོ་ངོ་སྟོང་ཕྲག་མང་པོ་ཕྱིན་ཡོད། རྒྱུ་མཚན་དང་མངོན་སུམ་གྱི་མྱོང་བའི་ཐོག་ནས་བཤད་དགོས་ཀྱི་ཡོད། རིགས་ལམ་དེ་བཞིན་ནང་ཆོས་གཅིག་པུ་ཙམ་མ་ཟད། རིག་པའི་གནས་སྤྱི་ཡོངས་ལ་བེད་སྤྱོད་ཀྱིས་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་ཐུབ། བོད་པའི་སྤྱི་ཚོགས་ནང་རིགས་ལམ་དེ་དག་སློབ་གྲྭའི་ནང་འགྲིམ་བཞིན་པའི་སློབ་ཕྲུག་ཙམ་མ་ཟད། བོད་མི་སྤྱི་ཡོངས་ནས་དེར་ངེས་པར་དུ་དོ་སྣང་གནང་ནས་སྦྱང་བརྩོན་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།


དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་གསུང་དོན། གོང་དུ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་རིགས་ལམ་ཐོག་ཞིབ་ཕྲ་གསུངས་སོང་། ཕྲན་ལྟ་བུར་མཚོན་ན། ཤེས་རིག་ལས་ཁུངས་ཀྱི་ལས་ཀྱི་སྣེ་མོ་བ་ཞིག་ཡིན་པའི་ཐོག་དེ་རིང་འདིར་བཅར་བ་ཡིན། རིགས་ལམ་གྱི་ཐོག་ལ་ལམ་སྟོན་གང་ཡང་འབུལ་རྒྱུ་མེད། གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་བསླབ་གཞི་རྩ་འཛིན་ཐོག་ནས་གཞི་རིམ་འོག་མ་ནས་བར་མའི་ནང་རིགས་ལམ་ཀྱི་བསླབ་གཞི་ཞིག་ལག་ལེན་བསྟར་ཐུབ་པ་བྱུང་ཡོད། སློབ་མ་ཁྱེད་རང་ཚོའི་ངོས་ནས་གོ་སྐབས་བཟང་པོ་ཐོབ་པར་བསོད་ནམས་ཆེན་པོ་ཡིན་པ་ཚོར་དགོས།


དེ་སྔ་ཡིན་ན་རིགས་ལམ་ཟེར་དུས་དགོན་པ་གྲྭ་ཚང་ཁོ་ནའི་ནང་མ་གཏོགས་སྦྱང་སྲོལ་མེད། ད་ཆ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་དགོན་པ་ཙམ་མ་ཟད། སློབ་གྲྭ་ཁག་གི་ནང་དུའང་རིགས་ལམ་སློབ་ཚན་ཟུར་དུ་ཚུགས་ཐུབ་པ་དང་། རིགས་ལམ་ཐོག་ནས་རྩོད་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད་པ་ངོས་འཛིན་ཞུ་བཞིན་ཡོད། དེ་རིང་འདིར་ཕེབས་པའི་ལྟ་གྲུབ་དགེ་རྒན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ།


དེ་ཡང་རིགས་ལམ་འདུ་འཛོམས་འདིའི་དམིགས་ཡུལ་གཙོ་བོ་ནི།

  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་མཐུན་པར་སློབ་ཕྲུག་རྣམས་ཀྱིས་རིགས་ལམ་འགྲོ་སྟངས་ལེགས་པར་ཤེས་ཐབས།
  • འགྲན་བསྡུར་གྱི་རྣམ་པ་མིན་ཡང་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་གི་གྲུབ་འབྲས་ལ་ཆ་འཇོག་སླད་སྡེ་ཁག་སོ་སོའི་རིགས་ལམ་རྩེ་ཕུད་སློབ་གྲྭ་རེ་ལ་གཟེངས་བསྟོད་ཀྱིས་སེམས་ཤུགས་སྤར་ཐབས་ཞུ་རྒྱུ།
  • གོ་སྒྲིག་ཞུ་ཡུལ་སློབ་གྲྭ་དང་སློབ་ཁག་ནང་ཁུལ་དབར་རིགས་ལམ་སློབ་ཁྲིད་ཀྱི་ཉམས་མྱོང་སྤེལ་ཐབས།
  • སློབ་ཚན་གཞན་རྣམས་རིགས་ལམ་བརྒྱུད་ནས་སློབ་ཁྲིད་ཐུབ་ཐབས་ལ་ཕན་ཐོགས་ཡོང་ཐབས་ཞུ་རྒྱུ་ཡིན་འདུག་པ་བཅས། །