ཤེས་རིག་ཚོགས་ཆེན་གསུམ་པ།

ཤེས་རིག་ཚོགས་ཆེན་ཐེངས་གསུམ་པ་དེ་ཕྱི་ལོ་༡༩༨༥ ལོའི་ཟླ་ ༦ ཚེས་ ༢༤ ནས་ ༢༦ བར་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷན་ཚོགས་བསྐྱངས་ཤིང། ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་ཞལ་བསྒྱུར་ཏེ་བླང་དོར་བཀའ་སློབ་བཀའ་དྲིན་སྩལ་བ་གཤམ་གསལ།

༄༅།། བོད་རྒྱལ་ལོ་ ༢༡༡༢ ཕྱི་ལོ་ ༡༩༨༥ ཕྱི་ཟླ་ ༦ ཚེས་ ༢༤ ནས་ ༢༦ བར་རང་གཞུང་ཤེས་རིག་ལྷན་ཁང་ནས་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་ཤེས་རིག་ཚོགས་ཆེན་ཐེངས་གསུམ་པ་ཚོགས་སྐོང་གནང་དོན་ལྟར་ཚེས་ ༢༣ ཉིན་ཚོགས་འདུ་བ་རྣམས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཇལ་བཅར་ཐོག་བཀའ་སློབ་བདུད་རྩིས་དབུགས་དབྱུང་བཀའ་དྲིན་བསམ་བརྗོད་ལས་འདས་པ་བྱུང་བ་བཞིན་བཀའ་སློབ་སྤྱི་ཕེབས་དགོངས་དོན་གཞི་རྩར་བཟུང་སྟེ་གྲོས་གཞི་དོན་ཚན་སོ་སོའི་ཐོག་འཕྲལ་ཕུགས་སྤྱི་སྨན་བསམ་འཆར་ལྷུག་འདོན་ཞུས་པའི་མཐའ་བསྡོམས་སྤྱི་མོས་གྲོས་ཆོད་སྣོལ་འཇོག་ཞུས་པ་གཤམ་གསལ།

གྲོས་གཞི་དོན་ཚན་དང་པོ།

    རང་རེའི་གཏན་ཉིན་སློབ་གྲྭ་ཁག་ནང་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་ཆུ་ཚད་ཡར་རྒྱས་ཚགས་ཚུད་འབྱུང་ཐབས་དང༌། ད་ལྟའི་ཤེས་ཡོན་ལམ་ལུགས་ཐོག་བསྐྱར་ཞིབ་དང་འབྲེལ་རང་རེའི་བསྒྲུབ་བྱའི་རྩ་དོན་དམིགས་ཡུལ་དང་འཚམས་པའི་མ་འོངས་བོད་ཀྱི་ཤེས་རིག་ལངས་ཕྱོགས་སམ། སྲིད་བྱུས་ལམ་ལུགས་གཏན་འབེབས་གནང་ཕྱོགས་ཇི་དགེའི་སྐོར།
༡༽    བར་ལམ་ནས་རང་རེའི་གཏན་ཉིན་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་ཤེས་ཡོན་སློབ་སྦྱོང་ཆུ་ཚད་ཉམས་དམས་འཐུས་ཤོར་འགྲོ་མུས་བསམ་ཚུལ་རྒྱ་ཆེ་གླེང་བསྒྲགས་ཡོང་བཞིན་པ་འདི་དག་དངོས་འབྲེལ་དཀའ་གནད་གང་དུ་འཕྲད་མིན་དང༌། ལེགས་སྤེལ་ཉེས་ཞིའི་བརྟག་དཔྱད་ཞིབ་འཇུག་བྱེད་མི་མཁས་པའི་ཚོགས་ཆུང་ཞིག་ཟུར་འཛུགས་དང་འབྲེལ་སློབ་གྲྭ་ཁག་ལ་བསྐོར་བསྐྱོད་ཉང་ཞིབ་ཆེད་གཉེར་གནང་འོས་ཆེ་མིན་ཤེས་རིག་ལྷན་ཁང་ནས་འཕྲལ་ཕུགས་དགོངས་བཞེས་གཟབ་ནན་ཐོག་ཕྱག་བཞེས་གནང་འོས་གནང་རྒྱུ།
༢༽    ད་ལྟའི་ཆར་བོད་ཡིག་སྦྱང་གཞི་བོད་ཡིག་སློབ་དེབ་ཙམ་ལས་མེད་གཤིས་སློབ་ཕྲུག་རྣམས་ནས་བོད་ཡིག་ཐོག་དོ་སྣང་དགའ་མོས་བསྐྱེད་སྤེལ་སྔར་ལྷག་ཡོང་ཐབས་སུ་དུས་སེང་ནམ་ཡིན་ལ་བོད་ཡིག་ཀློག་དེབ་གཞི་སངས་རྒྱས་ཀྱི་འཁྲུངས་རབས་དང༌། སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱི་མཛད་པ་རྣམ་ཐར། རྒྱལ་རབས་ལོ་རྒྱུས། བོད་མིའི་སྤྱི་ཚོགས་ནང་དུས་དྲན་སྲུང་བརྩི་བྱ་ཕྱོགས། བོད་ཀྱི་སྣོད་བཅུད་ཆགས་རབས་སོགས་དེང་དུས་དང་མཐུན་པའི་སྒྲུང་གཏམ་འདྲ་རིས་སོགས་གསར་སྣོན་གྱིས་བརྙན་དེབ་གང་མང་གསར་རྩོམ་འདོན་སྤེལ་གནང་ཐབས་ཤེས་རིག་ནས་རྒྱུ་གྲོན་རོགས་རམ་གྱིས་རྩོམ་སྒྲིག་སྡེ་ཚན་ནས་འཁུར་རྒན་བསྐྱེད་བཞེས་ཡོང་བ།
༣༽    ཕྲུ་གུའི་སློབ་སྦྱོང་ཐོག་སྤྱི་སྲོལ་དོ་བདག་ཕ་མ་རྣམས་ནས་ལྟ་རྟོག་འཁུར་སེམས་གདུང་ཤུགས་མཉམ་བསྐྱེད་ཡོང་ཐབས་སུ་རང་གཞུང་ཤེས་རིག་ལྷན་ཁང་ནས་དགོངས་རྒྱ་ཆེ་བཞེས་ཐོག་སློབ་གྲྭ་ཆགས་ཡུལ་ས་གནས་ཡོངས་རྫོགས་ལ་ཕ་མའི་ཚོགས་ཆུང་ཟུར་འཛུགས་དང་འབྲེལ་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༥ ཉིན་ཕ་མའི་ཉིན་མོ་སྲུང་བརྩི་གནང་མུས་ལྟར་འདི་སྐོར་ཡར་རྒྱས་ཚགས་ཚུད་སྲ་བརྟན་ཡུན་གནས་ཐུབ་ཐབས་ཐོག གོང་གསལ་ས་གནས་ཕ་མའི་ཚོགས་ཆུང་མེད་ཁག་ལ་གསར་ཚུགས་དང༌། ཕ་མའི་ཉིན་མོའི་དུས་དྲན་སྲུང་བརྩི་དེ་སྔོན་བྱེད་ལམ་མེད་རིགས་ལ་ཤེས་ལྷན་ནས་གསར་གཏོད་དགོས་པའི་སྐབས་འཕྲལ་བཀོད་ཁྱབ་གནང་རྒྱུ།།
༤༽    ད་ཕན་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་བཙན་བྱོལ་བོད་མིའི་བུ་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་ཕྱོགས་ལས་དོན་ཐོག་གྲུབ་འབྲས་རླབས་ཆེ་བྱུང་ཡོད་པ་འདི་སྐོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེའི་དབུ་འཁྲིད་འོག་རང་གཞུང་གིས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཐོག ལྷག་པར་རྒྱ་གར་གཞུང་ནས་རྒྱུ་གྲོན་རྒྱ་ཆེ་རོགས་རམ་གནང་ཐོག་འབྲེལ་ཡོད་སློབ་གྲྭ་ཁག་གི་རྒྱ་རིགས་སློབ་དགེ་རྣམས་ནས་ལྷག་བརྩོན་འཕྱར་གྲུ་མཉམ་འདེགས་གནང་བའི་ཕྱག་རྗེས་གྲུབ་འབྲས་ཤིག་ལ་སོང༌། ཁོང་རྣམ་པའི་བཀའ་དྲིན་རྗེས་དྲན་ཆེད་རང་རིགས་གཞོན་ནུས་དབུས་མང་ཚོགས་ནས་འབྲེལ་ལམ་བརྩི་བཀུར་འཕྱུགས་མེད་དགོས་གལ་དང༌། ཤེས་རིག་ལས་ཁུངས་ནས་ཀྱང་རྒྱ་དགེ་རྒན་གྲས་ལྷག་བརྩོན་ཆེ་བསྐྱེད་རིགས་ལ་དམིགས་བསལ་བྱ་དགའ་གཟེངས་རྟགས་གནང་ཐབས་དགོངས་བཞེས་བྱུང་ཚེ་རྒྱ་དགེ་སྤྱི་ཡོངས་ཐོག་ནས་མིག་ལྟོས་ཡར་འདྲེན་གྱིས་ལྷག་བསམ་གོང་མཐོར་སྤེལ་བའི་ཆ་རྐྱེན་དུ་འགྱུར་ངེས་ལ་དེ་དོན་མཛད་ཕྱོགས་དགོངས་བཞེས་ཡོང་བ།
༥༽    རང་རིགས་བུ་ཕྲུག་རྣམས་ནས་བོད་ཡིག་ཐོག་དོ་སྣང་གསར་སྤེལ་གྱིས་མཚོན་ཤེས་ཡོན་ཡར་རྒྱས་ལེགས་གཏོང་ཡོང་ཐབས་ལ་སྨན་པའི་འཛིན་རིམ་བརྒྱད་པའི་བོད་ཡིག་དྲི་ཤོག་ཐད་ཤེས་རིག་ལས་ཁུངས་ནས་བཟོ་སྒྲིག་གིས་ཁྱབ་ཁོངས་སློབ་ཁག་ཚང་མར་སྤྱི་ཡོངས་ཡིག་རྒྱུགས་སྡེབས་གཏོང་དང་འབྲེལ་གྲུབ་འབྲས་ཨང་རིམ་རྩེར་སོན་རིགས་ཚགས་ཤོག་ཁག་ནང་གསལ་བསྒྲགས་ཐོག་བྱ་དགའ་གཟེངས་བསྟོད་གསར་དུ་གནང་ཐབས་བྱུང་ཚེ་བོད་ཡིག་ཐོག་ཤུགས་གནོན་ཆེ་བསྐྱེད་ཡོང་གནས།།
༦༽    ལྡི་ལི་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་རང་རིགས་བོད་ཡིག་སློབ་དགེ་རྣམས་སློབ་ཁྲིད་བྱ་ཡུལ་འཛིན་རིམ་མཐོ་དམའ་དང༌། ལས་རྒྱུན་ཉམས་མྱོང་ལ་ལྟོས་མེད་གཅིག་གྱུར་དམའ་རིམ་སློབ་དགེའི་ཁོངས་འཇོག་གནང་ལ་ད་ཕན་གྲལ་རིམ་དང༌། གླ་ཕོགས། ཐོབ་ཐང་སོགས་རང་འདོད་ཁེ་དབང་གང་ཅིར་ཞུ་རྩོད་གླེང་སློང་མེད་པར་རྩ་དོན་བསྒྲུབ་བྱ་སྙིང་དབུས་སུ་བཅངས་ཏེ་བགོ་སྐལ་ལས་དོན་ཞུ་སྒོར་རང་མི་རང་ལས་སྲི་ཞུ་ལྷག་བློ་ཟབ་དཀྱེལ་ཞུ་དང་ཞུ་མུས་དང༌། ད་ཆ་སློབ་དགེ་ཚོའི་ཤེས་འཇོན་ལ་གོ་བསྟུན་གནས་རིམ་གཏན་འབེབས་གནང་རྒྱུའི་དགོངས་བཞེས་ཕྱག་ལེན་གནང་མུས་འདི་སྐོར་གཞན་རེ་སྟབས་བསྟུན་དགོས་དབང་སོགས་ཀྱི་མཛད་དཀའ་ཆེར་མེད་ཚེ་ཕྱག་ལེན་འཕྲལ་འགེལ་ཐུབ་པ་བྱུང་ན་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་སྤྱི་སྨན་ཆེ་མཐོང་བླ་མེད་ཡོང་རྒྱུར་མཛད་ཕྱོགས་དགོངས་བཞེས་ཡོད་པ།
༧།    སློབ་ཕྲུག་ཚོའི་སློབ་སྦྱོང་གི་གཞི་རྩ་སློབ་དགེ་རྣམས་ཀྱི་ཤེས་ཚད་ལྷག་བསམ་ལ་རག་ལུས་སྟབས་སློབ་དགེ་འོས་དམིགས་ཁག་འཚང་རྒྱུགས་རྒྱུགས་བཞེས་ཞིབ་ཚགས་མཛད་དེ་དབྱེ་འབྱེད་མཐིལ་ཕྱིན་གནང་ཐབས་ལྡི་ལི་བོད་སློབ་འཛིན་ཚོགས་ལ་ཞུ་བསྐུལ་བཀའ་མོལ་ཡོད་པ་མ་ཟད། དེ་བཞིན་ཤེས་རིག་ལས་ཁུངས་ནང་དམིགས་བཀར་ཤེས་ཡོན་ཐོག་ཤེས་ཚད་ཉམས་མྱོང་ཚད་འཕེར་ལས་བྱེད་བསྐོ་འཛུགས་ཡོང་བའི་འབྲེལ་ཡོད་ལ་སྙན་སེང་ཞུ་བསྐུལ་ཡོང་བ།
༨༽    སློབ་གྲྭ་ཁག་ནང་ཡིག་རྒྱུགས་དྲང་བདེན་ཚད་འཕེར་གཏོང་ཐབས་ཨང་ཤོག་སོ་སོའི་འོག་ཏུ་འབྲེལ་ཡོད་འཛིན་དགེའི་ས་རྟགས་འགོད་འབུལ་དགོས་པ་ངེས་མེད་སློབ་གྲྭའི་འགོ་འཛིན་ནས་སོ་སོའི་འཕྲལ་ཕུགས་རང་ཁེ་གཙོ་བཟུང་གྲུབ་འབྲས་དྲང་མིན་ལེ་འགྲིགས་བྱེད་རིགས་ཤར་ཚེ་བོད་རིགས་སློབ་དགེ་ཁག་ནས་ས་རྟགས་འགོད་འཐེན་ལག་ལེན་འཁེལ་ཐབས་བྱུང་ཚེ་རིམ་པས་རྒྱུགས་སྤྲོད་ཚད་ལྡན་བཞེས་གཏོང་ཡོང་རྒྱུར་དགེ་ཕན་ཆེ་ངེས་ལ་དེ་དོན་འཁུར་བཞེས་གནང་གལ། དེ་འབྲེལ་བོད་རིགས་སློབ་དགེ་ཡོངས་ནས་སློབ་གྲྭའི་སྔ་དགོང་རང་སྦྱོང་སྐབས་རང་མི་རང་ལས་ལྟ་རྟོག་འཁུར་སེམས་སྔར་ལྷག་ཤུགས་སྣོན་ཆེར་བསྐྱེད་དགོས་རྒྱུ།།
༩༽    རྒྱ་བལ་མཐའ་མཚམས་ས་ཁུལ་གྱི་སློབ་གྲྭ་ཁག་ནང་སློབ་དགེ་གནས་ཚད་ལྡན་ལ་གྲངས་ཚད་ལོང་ངེས་བསྐོ་གཏོང་གནང་ཐབས་སྐོར་ད་ཕན་ཤེས་རིག་ལྷན་ཁང་ནས་ཐུགས་འཁུར་བསྐྱེད་བཞེས་རིམ་གནང་ཡོད་འདུག་ཀྱང༌། ད་དུང་དཀའ་གནད་ཆེ་འཕྲད་ས་ཁུལ་ཁག་ལ་སྔར་ལྷག་ཐུགས་སྣང་ཟབ་དཀྱེལ་ཡོད་པ་མ་ཟད། ཤེས་ལྷན་ནས་སྐབས་འགར་གཟིགས་བསྐོར་བསྐྱང་ཐབས་དགོངས་བཞེས་ཡོང་བ།།
༡༠༽    སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་ཚགས་ཚུད་ཡོང་མིན་གཙོ་ཆེ་སློབ་དགེ་རྣམས་ཀྱི་ཤེས་ཚད་ཉམས་མྱོང་ལ་རག་ལུས་སྟབས། རང་རེའི་སློབ་ཁག་ནང་བོད་དགེ་འོས་སྦྱོང་ཐོན་པ་ཞེ་གཅིག་བསྐོ་འཛུགས་གནང་རྒྱུ་དོན་གལ་ཆེ་གཤིས། བོད་ཡིག་འོས་སྦྱོང་མཐོ་སློབ་གསར་འཛུགས་གནང་རྒྱུར་ཤེས་རིག་ནས་དགོངས་བཞེས་ཡོད་ངེས་ལ་གཏན་འཁེལ་འཕྲལ་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུུ།
༡༡༽    དེ་སྔོན་ཝ་ཎ་མཐོ་སློབ་ཁང་དུ་གཏན་ཉིན་སློབ་གྲྭ་ཁག་གི་མཐོ་རིམ་འཛིན་གྲྭའི་བོད་དགེ་ལྷན་ཚོགས་གནང་སྐབས་མང་མོས་ཚིག་ཐོ་བཀོད་འབུལ་ཞུས་ཁོངས་བོད་ཡིག་དགེ་རྒན་ཚོས་སློབ་ཁྲིད་བྱ་ཕྱོགས་ལམ་སྟོན་ལག་དེབ་རྩོམ་སྒྲིག་དགོས་གལ་ཆེ་དོན་ཤེས་རིག་ལྷན་ཁང་ནས་དགོངས་བཞེས་གནང་མུས་ལྟར་ཕྱག་ལེན་འཕྲལ་གནང་ཡོང་བ།
༡༢༽    སློབ་སྦྱོང་གི་རྩིག་རྨང་ལྟ་བུ་སྔོན་འགྲོའི་སློབ་སྦྱོང་ལ་སོང༌། བོད་མི་འདུ་སྡོད་གཞིས་ལམ་བཟོ་གསུམ་ནང་སྔོན་འགྲོའི་སློབ་གྲྭ་ཡོད་རིགས་ཡར་རྒྱས་ཚགས་འཚུད་འབྱུང་ཐབས་དང༌། མེད་རིགས་ལ་གསར་འཛུགས་གནང་གལ་ཆེ་གཤིས། དེ་འབྲེལ་གཞིས་སྒར་ཁག་ནང་རང་གཞུང་སྐུ་ཚབ་གཞིས་འགོ་བདེ་དོན་རྣམ་པས་རྒྱུན་དུ་འབྲེལ་ཡོད་སློབ་གྲྭའི་ལས་དོན་ཐོག་དོ་སྣང་ཆེར་བསྐྱེད་ཀྱིས་རང་རིགས་སློབ་དགེ་རྣམས་ལ་ལམ་སྟོན་རོགས་སྐྱོར་གནང་སྒོར་སྔར་ལྷག་འཁུར་འགན་བསྐྱེད་བཞེས་དགོས་པའི་ཤེས་རིག་ལྷན་ཁང་ནས་འབྲེལ་ཡོད་སོ་སོར་བཀོད་ཁྱབ་དམ་ནན་གནང་གལ།
༡༣༽    སློབ་ཕྲུག་ཚོའི་ཤེས་ཚད་ཉམས་རྒུད་འགྲོ་གཞིའི་འགལ་རྐྱེན་གཙོ་བོ་སློབ་ཐོན་མཐའ་མའི་ཡིག་རྒྱུགས་སློབ་གྲྭ་སོ་སོ་ནས་གུ་ཡངས་རྒྱ་ཆེའི་ཐོག་གཏོང་རྒྱུའི་ལམ་སྲོལ་ལོ་རེ་ནས་ལོ་རེ་ངན་འབྱམས་སུ་འགྲོ་བཞིན་འདི་སྐོར་འགོག་ཐབས་ཤེས་རིག་ལྷན་ཁང་ནས་འབྲེལ་ཡོད་ཁག་ལ་བཀའ་མོལ་ཞུ་བསྐུལ་གནང་རྒྱུ།།
༡༤༽    བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཐབས་སུ་བོད་རིགས་སློབ་དགེ་ཡོངས་ནས་ཁུངས་སོ་སོའི་རྒྱུན་གཏན་འཁུར་འཁྲིའི་སློབ་ཁྲིད་ཞུ་སྒོ་སྨོས་མེད་ཐོག འདི་ལོ་ཕྱི་ཟླ་ ༧ ཚེས་ ༡ ནས་བཟུང་ཉིན་རེར་ཉུང་མཐར་ཆུ་ཚོད་ ༡ རེ་ཞལ་འདེབས་ཀྱི་ཚུལ་དུ་དུས་གྲོན་འཕར་གཏོང་ངལ་འཁུར་དང་ལེན་ཞུ་འཐུས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བཅོས་མིན་དམ་བཅའ་འབུལ་བཞེས་ཞུ་རྒྱུར་དགོངས་མཐུན་བྱུང་བ་བཞིན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་པའི་འབད་འབུངས་ཆེ་བསྐྱེད་གནང་རྒྱུ།
༡༥༽    ཕྱོགས་མཐའི་སློབ་གྲྭ་ཁག་གི་འཛིན་སྐྱོང་ཚགས་ཚུད་འབྱུང་སླད་སློབ་གྲྭ་ཁག་གི་བོད་རིགས་སློབ་དགེ་རྣམས་དང་ཤེས་ལྷན་དབར་འབྲེལ་ལམ་དམ་ཟབ་སྔར་ལྷག་དགོས་གལ་ཆེ་གཤིས་འདི་སྐོར་ས་གནས་གཞིས་འགོ་དབུ་བཞུགས་ཀྱིས་བོད་རིགས་སློབ་དགེ་རྣམས་ལྷན་ཚོགས་ཐོག་ལེགས་སྤེལ་ཉེས་ཞིའི་ཚོགས་འདུ་གང་མང་གནང་ཐབས་ཐོག་གྲོས་ཆོད་ཚིག་ཐོ་ཤེས་ལྷན་ལ་འབུལ་གཏོང་གི་ལམ་སྟོན་གནང་འོས་གནང་རྒྱུ།།
༡༦༽    རང་རིགས་བུད་མེད་ཁོངས་བོད་ཡིག་ཐོག་དམིགས་བསལ་དོ་སྣང་ཡོད་ཁག་འཛིན་རིམ་བཅུ་པ་དང༌། བཅུ་གཅིག་ལ་མུ་མཐུད་སློབ་སྦྱོང་ཆེད་བསྐྱོད་ཡོང་ཐབས་ཝ་ཎ་མཐོ་རིམ་སློབ་གྲྭར་སྔར་བཞིན་བཞེས་གཏོང་ཆོག་པའི་འབྲེལ་ཡོད་མཐོ་རིམ་སློབ་སྤྱིར་འབོད་སྐུལ་གནང་གལ་དང༌། དེ་བཞིན་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་རྣམས་ལ་བོད་ཡིག་ནང་མུ་མཐུད་སློབ་སྦྱོང་མཇུག་འཁྱོངས་ཐུབ་ཐབས་ཡིག་འགྲུལ་ལམ་ནས་སྦྱོང་རྒྱུགས་འབུལ་བཞེས་ལམ་སྲོལ་གསར་གཏོད་ཐབས་བསྐུལ་གནང་གལ།
༡༧༽    རང་གཞུང་ཤེས་རིག་ལྷན་ཁང་གི་འཛིན་སྐྱོང་འོག་མ་འོངས་བོད་ཀྱི་སྐད་ཡིག་གཙོ་བཟུང་མཐོ་རིམ་སློབ་གྲྭ་ཞིག་འཛུགས་ཐབས་ལམ་འཕྲལ་ལག་ལེན་འཁེལ་དཀའ་ཡང༌། གནད་དོན་གལ་ཆེར་སོང་འདི་སྐོར་ཤེས་ལྷན་ནས་ཐུགས་འཁུར་བསྐྱེད་བཞེས་གནང་སྐྱོངས།
    ད་ཕན་བོད་ཡིག་སློབ་དེབ་ཁག་ནང་སྔོན་བྱུང་བོད་ཀྱི་གཟི་བརྗིད་ཅན་གྱི་རྒྱལ་རབས་ལོ་རྒྱུས་གསལ་འཁོད་གང་ལེགས་ཡོད་པ་དེ་ལྟར་ཡང༌། ཕྱི་ལོ་ ༡༩༥༩ རྗེས་རང་རེའི་རྩ་དོན་རང་དབང་རང་བཙན་ཐོག་རྩ་ཆེའི་རང་སྲོག་བློས་བཏང་རང་རིགས་དཔའ་བོ་དཔའ་མོ་གྲགས་ཅན་བྱས་རྗེས་ཅན་གྱི་ལོ་རྒྱུས་རྣམས་ཆབ་སྲིད་དང་འབྲེལ་བའི་གལ་ཆེའི་གནད་དོན་ལ་སོང་པར་སྐྲུན་ཕྱོགས་བསྡེབས་ཀྱིས་སློབ་གྲྭ་ཁག་ལ་ཟུར་དུ་འགྲེམས་སྤེལ་ཐོག བོད་མིའི་ད་ལྟའི་གནས་སྟངས་ཆ་ནས་རང་རིགས་བུ་ཕྲུག་རྣམས་ལ་དུས་བསྟུན་ཆབ་སྲིད་ཀྱི་དྲག་ཆས་སློབ་གསོ་བསྐུལ་སློང་མུ་མཐུད་དགོས་པ་འདི་སྐོར་སློབ་སྤྱིས་དབུས་དགེ་ལས་རྣམས་ནས་ཐུགས་འཁུར་ཆེ་བསྐྱེད་དགོས་རྒྱུ།།
༡༨༽    ཤེས་ཡོན་གྱི་དགོས་དོན་དམིགས་ཡུལ་ཤེས་བྱ་ཡོན་ཏན་ཚད་ལོངས་འབྱུང་ཐབས་ཁོ་ན་ཙམ་མ་ཡིན་པར་གཙོ་ཆེ་ཕྲུ་གུའི་གཤིས་རྒྱུད་ཐོག་གནད་སྨིན་སྒོ་གསུམ་ཡ་རབས་སྤྱོད་བཟང་ཚུལ་མཐུན་བག་ཡོད་ཐོག སྤྱི་སྒེར་ནམ་འཕང་ཆོད་པའི་འཕྲལ་ཡུན་སྨན་ངེས་ཡོང་ཐབས་གཡོ་འགུལ་བཟོ་བཀོད་དོན་ཚང་ཐུབ་པའི་རྩ་དོན་བསྒྲུབ་བྱ་གལ་ཆེ་ཞིག་ཡིན་ཅིང༌། དེ་ཡང་ཤེས་ཡོན་ལམ་སྲོལ་ཚད་མཐོའི་མིག་དཔེ་ཡར་ལྟོས་བྱེད་ཡུལ་ནུབ་ཕྱོགས་པ་ཚད་མར་ངོས་འཛིན་བྱེད་མུས་ཀྱང༌། ནུབ་ཕྱོགས་པ་མཁས་པ་ཉམས་ཞིབ་པ་ཇི་སྙེད་ཅིག་ནས་བོད་ཀྱི་རིག་གཞུང་རྒྱ་མཚོ་ལྟ་བུ་ནས་ལེགས་ཆ་མཁོ་སྒྲུབ་སྤེལ་ཐབས་བྱེད་བཞིན་པར་བརྟེན། རང་རེའི་རིག་གཞུང་ནང་དེ་ལྟ་བུའི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཤེས་བྱ་རིག་གནས་གནའ་སྲོལ་ཤེས་ཡོན་སློབ་སྤེལ་བྱ་ཕྱོགས་ཁྱད་ནོར་རྣམས་གཅེས་སྐྱོང་བདག་འཛིན་ཐུབ་པ་བྱ་གལ་འདི་དག་གཞི་རྩར་བཟུང་སྟེ། ཕྱིའི་རིག་གནས་ནས་ལེགས་ཆེའི་དགེ་མཚན་ཇི་ཡོད་བསྡུ་ལེན་དང་འབྲེལ་སྤྱི་སྲོལ་བོད་ཀྱི་ཤེས་རིག་ལམ་ལུགས་སམ་ལྟ་བ་ཇི་ཡིན་བཟོ་འགོད་དང་འབྲེལ་ལམ་ལུགས་གསར་གཏོད་གནང་རྒྱུ་ཐུགས་གལ་ཆེ་བ་དང༌། འདི་སྐོར་ཤེས་རིག་ལྷན་ཁང་ནས་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་དགེ་རྣམས་ནས་ཡིག་ཐོག་བསམ་ཤོག་བསྡུ་ལེན་སྔོན་ཟིན་རྣམས་ཝ་ཎ་ཆེས་མཐོའི་སློབ་སྤྱི་ཟམ་གདོང་རིན་པོ་ཆེར་དགོངས་པའི་དཔྱད་གཞིར་ཕུལ་བཏང་ཟིན་དོན་ལྟར། རིན་པོ་ཆེ་མཆོག་ནས་འདི་སྐོར་ཐུགས་འཁུར་ཆེ་བཞེས་ཐོག་མ་ཟིན་ཕྱོགས་སྒྲིག་ཡིག་ཐོག་གནང་འབྱོར་ཐོག ད་ལམ་ཚོགས་ཡོངས་སུ་ཞིབ་ཆའི་གནད་བཀྲོལ་གསལ་གསུངས་གནང་བ་དོན་ཚང་ལེགས་ཚོགས་གང་ཆེ་མངོན་པ་འདི་དག་འཕྲལ་ཕུགས་དོན་གལ་ཆེ་བར་བརྟེན། གོང་གསལ་མ་ཟིན་སློབ་གྲྭ་ཁག་གིས་གཙོས་འབྲེལ་ཡོད་ཕྱི་ནང་མི་སྣ་ཁག་ལ་བསྐྱར་འགྲེམས་བསམ་འཆར་བསྡུ་བཞེས་ཕྱིར་འབུལ་བྱུང་མཚམས་མཁས་པའི་ཚོགས་ཆུང་ཟུར་འཛུགས་གནང་འོས་གནང་སྟེ། སླར་ཡང་དགེ་སྐྱོན་བསྲེག་བཅད་བརྡར་གསུམ་ཞིབ་བསྡུར་རིམ་གནང་གིས་འཕྲལ་ཕུགས་སྐྱོན་ཆ་ཐལ་ལུས་མི་འབྱུང་བའི་ལེགས་ཆའི་ལམ་ལུགས་གཏན་འབེབས་ཐོག་སྔ་འཕྲོས་ཚོད་བལྟའི་ཆེད་བུ་ཁྱིམ་ཁག་གཉིས་དང༌། ཤེས་རིག་གི་ཐད་འཛིན་སློབ་གྲྭ་རེ་ཟུང་ནང་ཕྱག་བཞེས་བབས་གཟིགས་གནང་གལ།།
༡༩༽    སྔོན་བྱོན་བོད་ཀྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ཡིག་འདི་བཞིན་གཞན་ལ་ཡིད་སྨོན་མ་དགོས་པའི་རང་རྐྱ་ཚད་འཕེར་ཡོད་པ་ལྟར་ད་དུང་དེང་དུས་རིག་གསར་འཕྲུལ་ལས་དང༌། ཚན་རིག་སོགས་ཀྱི་མིང་ཚིག་བོད་སྐད་ནང་མེད་རིགས་ཐ་སྙད་གསར་སྒྲིག་ཕབ་སྒྱུར་གྱིས་དུས་བསྟུན་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གོང་མཐོར་ཁྱབ་སྤེལ་གཏོང་རྒྱུ་གལ་འགངས་ཆེ་བ་དང༌། འདི་སྐོར་ཆ་རྐྱེན་གཙོ་གལ་ཆེ་བ་ནི་ད་ཡོད་སློབ་ཁག་གི་སྤྱི་བྱིངས་དམའ་རིམ་སློབ་དེབ་རྣམས་སྔ་འཕྲོས་བོད་ཡིག་ཐོག་ཕབ་སྒྱུར་ཐབས་ཤེས་ཀྱིས་སློབ་ཁྲིད་འགོ་འཛུགས་ཐོག རིམ་པས་རང་རེའི་བོད་ཀྱི་ཆོས་རིག གོམས་གཤིས། རྒྱལ་རབས་ལོ་རྒྱུས། ཆོས་འབྱུང༌། བོད་ཀྱི་སྣོད་བཅུད་རྒྱས་བཤད་སོགས་གཞི་རྩར་བཟུང་བའི་སློབ་དེབ་ཁག་གསར་སྒྲིག་གིས་སློབ་སྤེལ་རྒྱུན་གཏོད་གནང་ལེགས་སྙམ་པ་འདི་སྐོར་དངོས་སུ་ལག་ལེན་འཁེལ་མིན་ཤེས་རིག་ལྷན་ཁང་ནས་དགོངས་བཞེས་ཐག་གཅོད་གནང་རྒྱུ།

གྲོས་གཞི་དོན་ཚན་གཉིས་པ།

    རང་རིགས་བློ་གསར་གཞོན་ནུ་རྣམས་ལ་དེང་དུས་ཕྱི་ནང་ཤེས་ཡོན་སློབ་སྤེལ་བྱེད་པ་དང་ཆབས་ཅིག་རང་རེའི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་དུ་འབྲེལ་བའི་ལྟ་སྤྱོད་དང༌། བོད་མི་རིགས་ཀྱི་རང་ཆས་སུ་གྲུབ་པའི་རྩ་ཆེའི་སྒོ་གསུམ་ཡ་རབས་གཤིས་སྤྱོད་བཟང་པོ་རྣམས་རྒྱུད་འཇགས་ཡུན་གནས་ཐུབ་ཐབས་ཇི་དགེའི་སྐོར།
༡༽    སྔ་ལོ་རང་གཞུང་བཀའ་ཤག་དབུ་བཞུགས་ཐོག་ཤེས་རིག་སྐོར་འབྲེལ་ཡོད་རྣམས་ལྷན་ཚོགས་བཀའ་བསྡུར་གནང་བའི་ཚིག་ཐོ་ནང་གསལ་བོད་ཀྱི་ཆོས་རིག་གིས་མཚོན་ཤེས་རིག་རིན་ཐང་རྣམས་གོ་བསྐོན་གསེད་བཀྲོལ་ཞིབ་གནང་ཐོག ལྷག་པར་བོད་མི་རིགས་ཀྱི་རང་ཆས་སུ་གྲུབ་པའི་རྩ་ཆེའི་ཡ་རབས་གཤིས་སྤྱོད་མི་སྨོན་རང་སྐྱིད་ཀྱི་དགེ་མཚན་རྣམས་མ་འོངས་བོད་ཀྱི་སོན་རྩ་བུ་ཕྲུག་རྣམས་ལ་རྒྱུད་འཇགས་ཡུན་གནས་ཡོང་ཐབས་སུ་ཆོས་ལུགས་རིས་མེད་ཀྱི་བླ་མ་དགེ་བཤེས་འཆད་ཐབས་ལ་མཁས་ཤིང༌། སྤྱི་མོས་དད་བཀུར་ཆེ་བ་འགའ་ཞིག་གོ་སྒྲིག་གིས་གཏན་ཉིན་སློབ་ཁག་ལ་དུས་བཀག་རེས་བསྐོར་དགེ་སྡིག་བླང་དོར་བཀའ་སློབ་ལམ་སྟོན་གནང་རྒྱུར་གཏན་འཁེལ་བྱུང་བ་བཞིན། སྔ་ལོའི་ནང་སློབ་གྲྭ་ཚུགས་ཡུལ་ས་གནས་ཐག་ཉེ་འབྲེལ་མཚུངས་ཀྱིས་གོ་སྒྲིག་གནང་ཟིན་པ་འདི་ཐོག་ནས་ཕན་ཚོགས་རྒྱ་ཆེ་ཡོང་ངེས་ལ་བརྟེན། ལས་འགུལ་འདི་དག་མུ་མཐུད་མཇུག་འཁྱོངས་ཞུ་རྒྱུའི་ཐོག ད་དུང་གོང་གསལ་མཐུན་རྐྱེན་མེད་རིགས་ཀྱི་ས་གནས་ཁག་ཏུའང་རིམ་བཞིན་འགོ་འཛུགས་ཐུབ་ཐབས་དགོངས་བཞེས་ཡོང་བ།།
༢༽    རང་རིགས་བློ་གསར་གཞོན་ནུ་རྣམས་ལ་རང་གི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་དུ་འབྲེལ་བའི་ལྟ་སྤྱོད་དང༌། བོད་མི་རིགས་ཀྱི་རང་ཆས་སུ་གྲུབ་པའི་རྩ་ཆེའི་སྒོ་གསུམ་ཡ་རབས་གཤིས་སྤྱོད་བཟང་པོ་རྣམས་རྒྱུད་འཇགས་ཡུན་གནས་ཡོང་མིན་རྣམ་ཀུན་ཕྲུ་གུ་དང་རྒྱུན་གཤིབ་དགེ་རྒན་དང༌། ཕ་མ་རྣམས་ཀྱི་ལྟ་སྤྱོད་འཁྱེར་སོར་རག་ལུས་སྟབས་སློབ་ཕྲུག་ཚོའི་མིག་ལྟོས་ལ་གནོད་གཞིའི་བག་མེད་ཚུལ་མིན་བྱ་སྤྱོད་རིགས་འགོག་ཐབས་དང༌། རྒྱུན་དུ་སློབ་ཕྲུག་དང༌། དགེ་རྒན་དབར་བར་ཁྱད་འགྱངས་སྡོད་ལྟ་བུ་མ་ཡིན་པར་མཉམ་གཤིབ་མཛའ་བརྩེའི་འབྲེལ་ལམ་མདུད་བརྒྱ་དམ་ཟབ་སྲ་བརྟན་འབྱུང་ཐབས་ཐོག སློབ་དགེ་རྣམས་སློབ་ཕྲུག་ཚོའི་བློ་ལྟོས་བརྩེ་སེམས་འཇོག་ཡུལ་ལྟ་བུ་ཡོང་ཐབས་འབྲེལ་ཡོད་ནས་འཁུར་བཞེས་གནང་རྒྱུ།།
༣༽    གཏན་ཉིན་སློབ་གྲྭ་ཁག་ནང་ཆོས་དགེ་ཤེས་སྤྱོད་ཚད་ལྡན་བསྐོ་འཛུགས་དང་འབྲེལ་སློབ་ཕྲུག་ཚོགས་ཡོངས་སུ་སྐྱབས་འགྲོའི་རྣམ་གཞག་དང༌། རྒྱུ་འབྲས་སྤངས་བླངས། ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་བསླབ་བྱ་སོགས་གནད་བཀྲོལ་དགེ་བསྐུལ་གསུང་བཤད་ཉུང་མཐར་བདུན་རེར་ཐེངས་རེ་གནང་གལ།
༤༽    ྋགོང་ས་མཆོག་ནས་བོད་མིའི་ཤེས་རིག་སྐོར་དང༌། ལྷག་པར་བོད་ཕྲུག་ཚོའི་སྒོ་གསུམ་ཡ་རབས་སྤྱོད་བཟང་ཚུལ་མཐུན་བག་ཡོད་དགོས་གནས་སྔ་ཕྱིའི་བཀའ་སློབ་རིམ་ཕེབས་བྱུང་བ་རྣམས་ཤེས་རིག་ལྷན་ཁང་ནས་ཐུགས་འཁུར་ཆེ་བཞེས་ཐོག་ཕྱོགས་བསྡུས་པར་འདེབས་ཀྱིས་སློབ་གྲྭ་ཁག་ལ་འགྲེམས་སྤེལ་གནང་ཐབས་བྱུང་བསྟུན་འབྲེལ་ཡོད་སློབ་གྲྭའི་འགོ་ལས་རྣམས་ནས་སློབ་ཕྲུག་རྣམས་ལ་གནད་དོན་གསེད་བཀྲོལ་རྒྱུད་བསྐུལ་ཐུབ་པ་བྱུང་ཚེ་དོན་ཕན་ཆེ་བ་ཡོང་གཞིར་དགོངས་བཞེས་ཕྱག་ལེན་འཁེལ་ཐབས་ཡོང་བ།།

གྲོས་གཞི་དོན་ཚན་གསུམ་པ།

    བོད་ཡིག་སྔོན་འགྲོ་ནས་འཛིན་གྲྭ་བརྒྱད་པ་བར་གྱི་སློབ་དེབ་ཁག་ལ་དུས་བསྟུན་ལེགས་ཆེའི་བསྐྱར་བཅོས་གཏན་འབེབས་སྔོན་ཟིན་ལ་ད་དུང་སྣོན་འཕྲི་སྒྱུར་བཀོད་རིགས་དགོས་གལ་མཆིས་མིན་སྐོར།
༡༽    སློབ་དེབ་བསྐྱར་བཅོས་ཚོགས་ཆུང་ནས་གསལ་བཤད་གནང་དོན་ད་ཡོད་བོད་ཡིག་སློབ་དེབ་ཁག་ཐོག་མར་ཆོས་ལུགས་དང་བཅས་པའི་མཁས་པའི་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་སྔ་རྗེས་ཟུར་འཛུགས་བསྐྱངས་ཐོག་ནས་བརྩམས་བསྒྲིགས་གཏན་འབེབས་མཛད་པ་རྣམས་ལོ་ངོ་བཅུ་ཕྲག་རིང་སློབ་ཁྲིད་དངོས་གཞི་ལག་ལེན་བསྟར་རྗེས། ༡༩༧༢ ལོར་ཤེས་རིག་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་དགོངས་དོན་སློབ་དེབ་ཁག་གི་བརྗོད་དོན་ཁག་དང༌། སློབ་ཚན་གོང་འོག་གོ་བརྗེས་བསྐྱར་སྒྲིག དེ་བཞིན་དུས་བསྟུན་སློབ་ཚུལ་སོགས་བསྐྱར་བཅོས་དགོས་གལ་མང་མོས་གྲོས་མཐུན་བྱུང་ཞིང༌། དེ་སྐོར་གྲོས་ཆོད་དགོངས་དོན་ལྟར་ཤེས་རིག་ལྷན་ཁང་ནས་ད་ཡོད་སློབ་དེབ་ཚོགས་ཆུང་སྒྲིག་འཛུགས་བསྐྱངས་པ་ནས་འབྲེལ་ཡོད་ཁྱབ་ཁོངས་བོད་དགེ་མི་རེ་ངོ་རེ་ནས་ལེགས་ཆའི་ཡིག་ཐོག་བསམ་ཤོག་བསྡུ་བཞེས་ཁག་ལ་བསྐྱར་ཞིབ་ཀྱིས་དགོངས་འཆར་མང་མོས་ཕྱོགས་མཐུན་རྩ་བཟུང་བསྐྱར་བཅོས་ཕྱོགས་བསྒྲིགས་གནང་འཆར་ཡང༌། སྐབས་དེར་རྒྱལ་ཡོངས་ཚོགས་ཆེན་ནས་ད་ཡོད་སློབ་དེབ་ཁག་ལ་ཁ་སྣོན་མ་བྱུང་ཡང་གཅོག་འཕྲི་སླ་བཅོས་སུ་མ་འགྲོ་བའི་གྲོས་ཆོད་གཞེན་སྐུལ་གནང་བར་བརྟེན། སློབ་དགེ་ཁག་མང་མོས་ཀྱི་དགོངས་འཆར་གཞིར་བཞག་སྔར་ཡོད་སློབ་ཚན་ཁག་སློབ་དེབ་ཡས་མས་གོང་འོག་བརྗེ་ལེན་ཙམ་ལས་འགྱུར་བ་ཆེ་བ་ཕྱིན་མེད་སྐོར་དང༌། སླད་བསྐྱར་བཅོས་གནང་རྒྱུར་ངེས་ཚེ་བོད་ཀྱི་སྐད་ཡིག་དང༌། རིག་གཞུང་སློབ་དེབ་ལོགས་སུ་དགོས་གལ་མ་ཟད། རྒྱལ་ཡོངས་ལོ་འཁོར་ཚོགས་ཆེན་གྱི་གྲོས་ཆོད་དགོངས་དོན་ལྟར་དམའ་རིམ་འཛིམ་གྲྭ་ལྔ་པ་བར་གྱི་སློབ་དེབ་ཡོངས་རྫོགས་དབུ་མེད་ཁོ་ནའི་ཐོག་པར་འདེབས་གནང་ཚེ། བོད་ཡིག་དབུ་ཅན་ཡིག་ངོ་མ་འཕྲོད་པ་སོགས་ཀྱི་དཀའ་ངལ་སྣོན་མར་འགྱུར་གཞི་དང༌། ཡང་ཚོགས་མི་ཁག་གཅིག་ནས་དགོངས་འཆར་གནང་དོན་ལྟར་ན་ད་ཡོད་སློབ་དེབ་ཁག་གི་བརྗོད་དོན་ཁག་གཅིག་འཛིན་རིམ་ཤེས་ཚད་དང༌། ཕྲུ་གུའི་ན་ཚོད་དང་འཚམས་མིན་ཁར། འཛིན་རིམ་གོང་འོག་གི་སློབ་ཚན་སྔ་ཕྱི་འབྲེལ་མཐུད་མེད་པ་སོགས་ཀྱི་སྐྱོན་གནད་ཡོད་ལུགས་དགོངས་ཚུལ་བྱུང་སོང་བ་བཅས་ལ་བརྟེན་ད་ཡོད་སློབ་དེབ་བསྐྱར་བཅོས་ཚོགས་ཆུང་ཐོག་མཁས་པའི་ཚོགས་མི་འཕར་སྣོན་གནང་འོས་གནང་སྟེ་འདི་སྐོར་གལ་ཆེ་དོན་ཆེས་བསྐྱར་ཞིབ་ནན་གཏན་གནང་ཐོག སློབ་དགེ་རྣམས་ནས་དགོངས་འཆར་བསྐྱར་དུ་བསྡུ་བཞེས་དང་འབྲེལ་ཤེས་རིག་ལྷན་ཁང་ནས་འཕྲལ་ཕུགས་དགོངས་བཞེས་ཞིབ་གནང་གིས་ཐག་གཅོད་གཏན་འབེབས་གནང་རྒྱུ།།
༢༽    རང་གཞུང་ཤེས་རིག་ལྷན་ཁང་ནས་འཕྲལ་ཡུན་དགོངས་བཞེས་ཀྱིས་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ཟུར་འཛུགས་རིམ་གནང་ཐོག་ནས་ཉེར་མཁོའི་སློབ་དེབ་ཆ་ཚང་རྩོམ་བསྒྲིགས་གནང་ཡོད་པ་བཞིན་བོད་མིའི་སློབ་གྲྭ་ཁག་ཡོད་དོ་ཅོག་ལ་གཅིག་གྱུར་སློབ་ཁྲིད་རྒྱུན་སྤྱོད་ཐུབ་པ་དགོས་ཤིང༌། ད་ལམ་སློབ་གྲྭ་རེ་ཟུང་ནས་སེམས་འཁུར་ལྷོད་མེད་ཀྱིས་ཟུར་སྦྱོང་ཁ་སྐོང་ལྟ་བུ་སློབ་ཚན་འཆར་གཞི་ཕྱོགས་སྒྲིག་བགྱིས་འདུག་པ་འདི་དག་སླད་ད་ཡོད་སློབ་དེབ་ཁག་བསྐྱར་སྒྲིག་གནང་སྐབས་ལེགས་ཆ་བཞེས་འོས་ངེས་པར་དགོངས་བཞེས་གནང་རྒྱུ་བཅས་ཀྱི་གྲོས་ཆོད་སྙན་ཞུར། ཚོགས་འདུ་བ་ཐུན་མོང་ནས། བོད་རྒྱལ་ལོ་ ༢༡༡༢ ཕྱི་ལོ་ ༡༩༨༥ ཕྱི་ཟླ་ ༦ ཚེས་ ༢༦ བཟང་པོར་ཕུལ། །།

    ༡༽ ཚོགས་ཆེན་དབུ་བཞུགས་ཤེས་བཀའ་བསྟན་འཛིན་དགེ་བྱེད།
    ༢༽ དམིགས་བསལ་གདན་ཞུས་མཁས་དབང་རྣམ་པའི་སྐུ་ཚབ་ཟམ་གདོང་རིན་པོ་ཆེ།
    ༣༽ དྷ་ས་བོད་ཁྱིམ་དབུ་འཛིན་རྗེ་བཙུན་པདྨ།
    ༤༽ མ་སུ་རི་བོད་ཁྱིམ་དབུ་འཛིན་མཁའ་འགྲོ་ཚེ་རིང༌།
    ༥༽ ཌལ་ཧོར་སློབ་སྤྱི་ཡེ་ཤེས་ཚེ་བརྟན།
    ༦༽ སློབ་དགེའི་སྐུ་ཚབ་མ་སུ་རི་ཆོས་དགེ་བློ་བཟང་དཔལ་ལྡན།
    ༧༽ སློབ་དགེའི་སྐུ་ཚབ་ཏེ་ཛུ་སློབ་དགེ་བྱམས་པ་ཆོས་གྲགས།

མདུན་ཤོག