ཤེས་རིག་ཚོགས་ཆེན་གཉིས་པ།

༄༅། །ཤེས་རིག་ཚོགས་ཆེན་ཐེངས་གཉིས་པ་དེ་ཕྱི་ལོ་༡༩༧༢ ལོའི་ཟླ་ ༡༠ ཚེས་ ༢༠ ནས་ ༢༥ བར་ཉིན་གྲངས་ལྔའི་རིང་བཞུགས་སྒར་གངས་ཅན་སྐྱིད་གཤོངས་ཀྱི་བོད་ཀྱི་དཔེ་མཛོད་ཁང་དུ་ལྷན་ཚོགས་བསྐྱངས། ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་ཞལ་བསྒྱུར་ཏེ་བླང་དོར་བཀའ་སློབ་སྩལ་ཡོད་པ་དང། ཚོགས་འདུ་ཡི་གྲོས་ཆོད་གཏན་འབེབས་བསྐྱངས་རྗེས་ཚོགས་བཅར་བ་ཡོངས་ལ་དམིགས་བསལ་གྱི་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་བ་མ་ཟད། ལམ་སྟོན་བཀའ་སློབ་ཀྱང་སྩལ་གནང་མཛད་པ་གཤམ་གསལ།

     ཕྱི་ལོ་ ༡༩༧༢ བོད་མིའི་གཏན་འཇགས་སློབ་གྲྭ་ཁག་དང༌། ཉིན་མོའི་སློབ་གྲྭ་ཁག གཞན་ཡང་རྒྱ་གར་དང་ཕྱི་རྒྱལ་ཡུལ་ཁག་ནང་བཅས་པར་ཡོད་པའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་བྱ་སྟངས་བོད་མི་རང་ཉིད་ཀྱི་རིག་གཞུང་དང་མཐུན་པར་ཡར་རྒྱས་གཏོང་ཐབས་སྐོར། བཞུགས་སྒར་གངས་ཅན་སྐྱིད་གཤོངས་སུ། ༧༢ ཟླ་ ༡༠ ཚེས་ ༢༠ ནས་ཚེས་ ༢༥ བར་ཤེས་རིག་ཚོགས་ཆེན་ཐེངས་གཉིས་པ་བསྐྱངས་པའི་གྲོས་གཞིའི་དོན་ཚན་ཁག་ལ་གྲོས་བསྡུར་ཟབ་ལྷིང་འབྱུང་སླད་ཚོགས་ཆུང་ཁག་དྲུག་ཏུ་དབྱེ་སྟེ་ཚོགས་ཆུང་སོ་སོ་ནས་བསམ་གྲོས་ཞིབ་བསྡུར་གྱིས་གྲོས་ཆོད་ཁག་ཕྱོགས་བསྡོམས་ཞུས་ཏེ་སླར་ཡང་ཚོགས་ཆེན་ཐོག་བཀའ་བསྡུར་དང་འབྲེལ་ཞིབ་འཇུག་སྣོན་འཕྲི་བསྐྱར་བཅོས་ཞུ་འོས་ཞུས་ཏེ་མཐའ་མའི་གྲོས་ཆོད་ཟིན་པ་གཤམ་གསལ།

གྲོས་གཞི་དོན་ཚན་དང་པོ།

     ཤེས་རིག་ལྷན་ཁང་ནས་ཕྱོགས་སྒྲིགས་ཟིན་པའི་བོད་ཡིག་སློབ་དེབ་འཛིན་གྲྭ་སྔོན་འགྲོ་ ༡ དང་པོ་ ༡ གཉིས་པ་ ༡ གསུམ་པ་ ༡ བཞི་པ་ ༡ ལྔ་པ་ ༡་༢ དྲུག་པ་ ༡་༢་༣ བདུན་པ་ ༡་༢་༣ བརྒྱད་པ་ ༡་༢་༣ དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ཁག་གསུམ་ལ་ཨུ་ཊ་ཡ་ནའི་རྟོགས་བརྗོད་དང༌། ཆུ་ཤིང་བསྟན་བཅོས། ྋགོང་ས་མཆོག་གི་མཛད་རྣམ་བཅས་ཀྱི་ཐོག ཁ་སྐོང་བོད་མཁས་པའི་སྙན་འགྲེལ། སི་ཏུ་འགྲེལ་ཆེན། རིག་གནས་སྐོར། གྲུབ་མཐའི་སྐོར། ཆོས་འབྱུང་དང་རྒྱལ་རབས་བཅས་ཡོད་པ་དེ་རྣམས་གསར་རྩོམ་ཕྱོགས་སྒྲིགས་གནང་ནས་ད་ཕན་ལོ་བཅུ་ཙམ་འགྲོ་གི་ཡོད་པར་བརྟེན་ད་ཆ་ཕལ་ཆེར་བསྒྱུར་བཅོས་དགོས་དང་མ་དགོས་དགེ་རྒན་ཚོའི་ས་ནས་ཉམས་མྱོང་ལེགས་ཆའི་བསམ་འཆར་ལེན་རྒྱུ་དེ་རང་གལ་གནད་ཆེ་ཤོས་ལ་བརྟེན། དགེ་རྒན་རེ་རེའི་ངོས་ནས་སློབ་དེབ་སྐོར་རྒྱུས་མངས་ད་ཡོད་སློབ་དེབ་འདི་རྣམས་ཀྱིས་སློབ་ཕྲུག་ལ་སློབ་སྦྱོང་སྤྲོད་སྐབས་རྒྱས་བསྡུས་ཇི་བྱེད། ཕལ་ཚིག་དང་ཆོས་ཚིག་གི་མཐོ་དམན་ཇི་བྱེད། དགེ་རྒན་ཚོས་འགྲེལ་བཤད་བྱེད་སྐབས་སློབ་ཕྲུག་ཚོས་གོ་དོན་ལེགས་རྟོགས་ཐུབ་ཀྱི་ཡོད་མེད་ཀྱིས་མཚོན་དཀའ་གནད་ཇི་ཡོད་རྒྱུས་མངའི་འགྲེལ་བཤད་གསལ་པོའི་ཐོག གོང་གསལ་སློབ་དེབ་ཁག་ལ་བསྒྱུར་བཅོས་དགོས་མིན་སྐོར།
    ད་ཡོད་བོད་ཡིག་སློབ་དེབ་རྣམས་བརྩམས་སྒྲིགས་གནང་ནས་ལོ་རྒྱུན་གང་ཙམ་སོང་བར་བརྟེན་སློབ་དེབ་ཀྱི་བརྗོད་དོན་ཁག སློབ་དེབ་སྟེང་འོག་གོ་བརྗེས་བསྐྱར་སྒྲིགས་དགོས་རིགས་དང་གསར་སྣོན། དེ་བཞིན་དུས་བསྟུན་སློབ་ཚུལ་སོགས་ད་ཆ་ལེགས་བཅོས་དགོས་གལ་ཆེ་ལུགས་དགོངས་པ་གཅིག་མཐུན་བྱུང་བ་ལྟར་སློབ་དེབ་བསྐྱར་བཅོས་ཕྱག་ལེན་དངོས་བསྟར་སྐབས་ད་ལམ་དགེ་རྒན་སོ་སོའི་ངོས་ནས་ཕུལ་བའི་ལོ་མང་ཉམས་མྱོང་བསགས་པའི་བསམ་ཤོག་ཁག་དང༌། ཚོགས་མིའི་དགོངས་འཆར་ཚིག་ཐོ་ཟུར་ཡོད་ཁག་བཅས་ལ་བསྐྱར་ཞིབ་ཀྱིས་ལེགས་བཅོས་གནང་སྟེ་ཟིན་བྲིས་འབྲེལ་ཡོད་སློབ་གྲྭ་ཁག་ལ་འགྲེམ་སྤེལ་གྱིས་ལེགས་ཆ་བསྐྱར་བསྡུས་ཐོག་པར་འདེབས་གནང་རྒྱུ།

གྲོས་གཞི་དོན་ཚན་གཉིས་པ།

     ད་ཕན་སློབ་གྲྭའི་ནང་སྒྲིག་བཙུགས་དང༌། ཤེས་ཡོན་གང་ཅིའི་སྐོར་ལ་བོད་རིགས་དགེ་ལས་ཚོས་རང་མི་རང་ལས་ཀྱི་སེམས་ཤུགས་ཆེན་པོས་འགན་འཁུར་རྐང་ལེན་བྱེད་བཞིན་པ་དེ་ལྟར་ཡང༌། ཕྱིས་སུ་མིག་ལྟོས་ངན་ལྷོད་ལྟ་བུས་ལས་དབར་དང༌། གུང་སེང་སྐབས་འཚོལ། རྒྱུན་དུ་སྤྱིའི་ལས་དོན་ལ་དོ་སྣང་དང༌། སེམས་འཁུར་མེད་པའི་སྐྱོན་གནད་ཀྱི་རྣམ་པ་ཐོན་གྱི་ཡོད་པ་དེ་དག་སེལ་ནས་སློབ་གྲྭའི་ལས་དོན་ལ་གཙོ་བོ་བོད་རིགས་དགེ་སློབ་སྤྱི་རུབ་ཀྱིས་སེམས་ཤུགས་སྤེལ་ཐབས་སྐོར་ལ་ཇི་དགེའི་ཐབས་བྱུས།
    སློབ་གྲྭ་ཁག་གི་སྒྲིག་བཙུག་ཡར་རྒྱས་འབྱུང་ཐབས་སུ་ཤེས་རིག་ལྷན་ཁང་ནས་ལྟ་རྟོག་ཚོགས་པ་དམིགས་བཀར་ཟུར་འཛུགས་ཀྱིས་རྒྱུན་དུ་ལེགས་སྤེལ་ཉེས་འགོག་གི་སློབ་སྟོན་དང༌། སློབ་གྲྭའི་ལས་བྱེད་ཆེ་ཕྲ་སུ་ཐད་ནས་ལས་དོན་ཐོག་འགལ་འཛོལ་དང༌། འཁུར་ལེན་མ་བྱུང་ཕྱིན་དོ་བདག་སོ་སོར་ཐད་ཀར་བཀའ་བརྩད་སྐྱོན་སེལ་གནང་རྒྱུ།
    ཉིན་སློབ་ཁག་ལ་སློབ་སྤྱི་ལས་ཚབ་རེ་ཡོང་ཐབས་དབུས་བོད་སློབ་འཛིན་སྐྱོང་ཚོགས་པར་བཀའ་བསྡུར་ཞུ་བསྐུལ་གནང་རྒྱུ།
    གཏན་འཇགས་སློབ་གྲྭ་ཁག་དང༌། གཞིས་ཆགས་ཉིན་མོའི་སློབ་གྲྭ་ཁག་གི་སློབ་སྤྱི་དང༌། རྒྱ་བོད་དགེ་རྒན་གང་ཅིར་བརྟག་ཞིབ་ནན་ཏན་གྱིས་དྲག་གྲས་ལྷག་བསམ་དང༌། ཤེས་ཚད་ལྡན་ངེས་བསྐོ་བཞག་གནང་ཐུབ་པ་བྱུང་ན་ཡར་རྒྱས་འགྲོ་ངེས།

གྲོས་གཞི་དོན་ཚན་གསུམ་པ།

     ཟློས་གར་སློབ་ཚན་སྐོར་ལ་སློབ་གྲྭ་མང་ཆེར་ཟློས་དགེ་བཟའ་ཚོ་ཆབས་སྦྲགས་རེར་ཕོགས་ཐོབ་ཀྱང་དགེ་རྒན་སྤྱི་མཚུངས་ཡོད་པས་མཚོན་ཁེ་ཕན་ཆེ་ཐོབ་ཡོད་བཞིན་པར་ཆོག་ཤེས་ཀྱིས་རང་གི་རིག་གཞུང་ཟློས་གར་གྱི་སློབ་ཚན་ཡར་རྒྱས་ཆེ་ཐོན་དགོས་པ་དེ་ལྟར་ཡང༌། ད་ལྟའི་ཆར་ཡར་རྒྱས་ཀྱི་རྣམ་པ་དེ་ཙམ་ཐོན་པའི་རང་རྟགས་ཆེར་མི་མངོན་པས་དེ་རིགས་ཀྱི་སྐྱོན་ཆ་སེལ་ནས་ཡར་རྒྱས་གཏོང་ཐབས་རྒྱུས་སྟོན་ཇི་དགེའི་སྐོར།
    སློབ་གྲྭ་ཁག་གི་ནང་ཟློས་གར་ཡར་རྒྱས་ཚད་ལྡན་ཡོང་ཐབས་སྐོར། ཟློས་གར་སློབ་ཚན་ཕྱོགས་སྒྲིག་དང༌། སློབ་ཚན་སྤྱི་མཚུངས་རྒྱུགས་སྤྲོད་གནང་ཕྱོགས། གཞིས་སློབ་ཟློས་དགེ་མེད་རིགས་ཁག་ལ་ཟློས་དགེ་གསར་གཏོང་གནང་ཕྱོགས་སོགས་ཞིབ་པ་ཟློས་གར་ཚོགས་པ་ནས་ཕུལ་བའི་བསམ་ཤོག་ཟུར་ཡོད་ལ་གནད་འགག་བབས་བསྟུན་གྱིས་ཇི་དགེ་ཤེས་རིག་ལྷན་ཁང་ནས་ཟུར་དུ་དགོངས་བཞེས་གནང་རྒྱུ།

གྲོས་གཞི་དོན་ཚན་བཞི་པ།

     ཤེས་རིག་པར་ཁང་འདི་བཞིན་ཐོག་མར་འཛུགས་གནང་གི་དགོངས་གཞི་དགོས་པ་ཕུགས་ཡུལ་སློབ་དེབ་ཀྱི་ཕྱག་གྲོན་ལ་སྨན་པའི་ཐུགས་རེ་ཡིན་ནའང༌། བར་སྐབས་ཤིག་ནས་པར་ཁང་རང་ཁ་རང་གསོའི་འཛིན་སྐྱོང་ལ་གནས་སྟབས། ད་ཕན་ཁེ་གྱོང་རྩིས་ཁྲ་ཁ་གསལ་མ་ཕུལ་བར་བསྡད་ཡོད་པའི་གཏོང་ཡོང་གསལ་མཁྱེན་ཐུབ་པ་དགོས་རྒྱུའི་ཐོག རང་གཞུང་ལ་ཕྱག་གྲོན་གྱི་སྐུ་ངལ་ཡོད་བཞིན་དུ་ལོ་ལྟར་སློབ་དེབ་རིན་འབབ་གཞུང་གྲོན་རྒྱ་ཆེ་པར་ཁང་ལ་གནང་མུས་ཀྱི་མཐུན་རྐྱེན་ལ་སྨན་ཐབས་ལེགས་བཅོས་ཇི་དགེའི་སྐོར།
    ཤེས་རིག་པར་ཁང་འདི་བཞིན་ད་མུས་རང་ཁ་རང་གསོའི་འཛིན་སྐྱོང་འོག་གནས་ན། རྩ་བའི་པར་ཁང་ཡར་རྒྱས་དང༌། དངུལ་གྲོན་ལ་སྨན་པ་དེ་ཙམ་ཡོང་བཟོ་མ་མངོན་པས། ད་ཕན་པར་ཁང་གིས་གཏོང་ཡོང་ཇི་བྱས་རྣམས་ཤེས་རིག་ལྷན་ཁང་ནས་རྩིས་ཞིབ་ཁམས་དྭངས་གནང་རྗེས་པར་ཁང་གཞུང་འཛིན་གནང་སྟེ་ཤེས་རིག་པར་ཁང་གི་ལས་བྱེད་རྣམས་ལ་གཞུང་སྲོལ་ལས་བྱེད་སྤྱི་མཚུངས་ཕོགས་ཐོབ་གནང་ན། སློབ་གྲྭ་ཁག་གི་སློབ་དེབ་དང་གཞུང་མཁོ་དཔེ་དེབ་ཡིག་རིགས་པར་འདེབས་གནང་རྒྱུ་ཐུགས་ཕན་གསོས་པོ་ཡོང་རྒྱུ།
    བོད་ཡིག་སློབ་དེབ་ཁག་གི་འགྲོ་གྲོན་ད་མུས་བཞིན་བོད་གཞུང་ནས་ནར་གཏོང་གནང་མ་དགོས་པར་རྒྱ་གར་གཞུང་དང༌། རོགས་ཚོགས་ཁག་ནས་རོགས་རམ་ཡོང་ཐབས་འབོད་སྐུལ་གནང་རྒྱུ།

གྲོས་གཞི་དོན་ཚན་ལྔ་པ།

     བོད་མིའི་སློབ་ཕྲུག་རྣམས་ཕྱི་ནང་གང་སར་རང་གཞུང་ནས་དངོས་སུ་ཕྱག་གྲོན་རྒྱ་ཆེ་གནང་ཡོད་པའི་ཐོག་རྒྱ་གར་གཞུང་དང༌། ཕྱི་རྒྱལ་རོགས་ཚོགས་བཅས་ནས་མཐུན་རྐྱེན་རོགས་རམ་ཐོབ་སྟེ་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་ནས་ད་མཚམས་འབྲིང་རིམ་དང་(ཀོ་ལི་ཇི་)མཐོ་རིམ་སློབ་གྲྭར་ཚུད་ཞུགས་ཇི་སྙེད་ཡོད་པ་རྣམས་ནས་ཕུགས་ཡུལ་རང་རིགས་གསར་སྐྱེས་མྱུ་གུ་རྣམས་ཀྱི་སློབ་ཡོན་མཐུན་རྐྱེན་ལ་སྨན་ཐབས་བཀའ་དྲིན་བསམ་ཤེས་ངེས་པར་མ་བྱས་ཐབས་མེད་ཡོང་རྒྱུར་དེ་དག་གི་མཐུན་རྐྱེན་ཆེད་དུ་མཐོ་རིམ་དང༌། འབྲིང་རིམ་སློབ་ཐོན་རྣམས་ནས་རང་རང་འཁོས་དཔག་གི་ལས་ཀའི་ཕོགས་ཐོག་ནས་ཟླ་རེ་བརྒྱ་ཆ་གང་འགབ་བསྡུ་འབུལ་དགོས་རྒྱུའི་རྒྱས་དཔྱད་ཅིག་གནང་འགབ་ཆེ་མིན་སྐོར།
    རང་གཞུང་གི་དངོས་ཤུགས་རོགས་རམ་ལ་བརྟེན་ནས་བོད་རིགས་སློབ་ཐོན་རྣམས་ལས་ཀར་འཁོད་མཚམས་འབྱུང་འགྱུར་གཞོན་ནུ་རྣམས་ཀྱི་ཤེས་ཡོན་གྱི་དོན་དུ་སྤྱི་སྲོལ་བཞིན་ཕོགས་ཐོབ་ཐོག་ནས་བརྒྱ་ཆའི་ཚད་གཞི་དགོས་ངེས་ཤིག་ལོ་དུས་རྒྱས་བཅད་གཏན་འབེབས་ཀྱིས་བསྡུ་བཞེས་མཛད་ན་གང་ཅིར་དགེ་མཚན་ཆེ་བ་བཞིན་དུ་བསྡུ་ཕྱོགས་དང༌། སློབ་ཡོན་གནང་ཕྱོགས་ཐད་ལམ་སེང་ཚོགས་འདུ་ནས་ཐག་གཅོད་བྱེད་སྟབས་དཀའ་བས་ཤེས་རིག་ལྷན་ཁང་ནས་ཁྲིམས་མཐུན་འཆར་གཞི་བཟོ་འགོད་གནང་སྟེ་གོང་གསལ་དངུལ་འབབ་དང༌། ཕྱི་ནང་རོགས་ཚོགས་ཁག་ནས་བོད་མིའི་ཤེས་རིག་ལ་སྨན་པའི་རོགས་རམ་ཇི་ཐོབ་རྣམས་ཡིད་ཆེས་སློབ་ཡོན་ཁང་ཆེད་འཛུགས་ཀྱིས་དེ་ནས་བསྡུ་བཞེས་གནང་ཐབས་ཕྱག་ལེན་འཁེལ་རྒྱུ།
    ད་ཡོད་ཕྱི་རྒྱལ་རོགས་ཚོགས་ཁག་ནས་བོད་རིགས་སློབ་ཕྲུག་ཚོར་ཐད་ཀར་སློབ་ཡོན་རོགས་རམ་གནང་མུས་ཁག་རང་གཞུང་ཤེས་རིག་ལྷན་ཁང་བརྒྱུད་ཡོང་ཐབས་འབྲེལ་ཡོད་རོགས་ཚོགས་ཁག་ལ་འབྲེལ་ལམ་གནང་རྒྱུ།

གྲོས་གཞི་དོན་ཚན་དྲུག་པ།

     དགེ་རྒན་རྣམ་པ་ཚོ་དང༌། མཁས་པ་རྣམ་པ་ཚོས་བོད་ཡིག་སློབ་དེབ་དང༌། སྒྲུང་དེབ། ཨང་རྩིས་སོགས་གང་ཅིའི་ཐད་ནས་རང་མོས་དོ་འཁུར་གྱིས་གསར་དུ་རྩོམ་པ་དང༌། སྐད་ཡིག་གཞན་དག་ཐོག་ནས་སྒྱུར་སྒྲིག་ཁུངས་དག་བྱུང་ན་རང་གཞུང་ནས་བྱ་དགའ་བདག་རྐྱེན་གསོལ་རས་སྩལ་རྒྱུའི་ལམ་སྲོལ་གཏོད་ཐབས་ཇི་དགེའི་སྐོར།
    སློབ་གྲྭ་ཁག་གི་དགེ་རྒན་དང་འབྲེལ་ཡོད་མཁས་དབང་ཁག་ནས་རང་རང་ཉམས་མྱོང་ལ་གཞིགས་ཏེ་བོད་ཡིག་སློབ་དེབ་གསར་རྩོམ་བྱུང་རིགས་ལ་ཤེས་རིག་ལྷན་ཁང་ནས་དཔྱད་ཞིབ་ཀྱིས་བརྗོད་དོན་དང༌། སྒྲིག་སྟངས་དུས་མཐུན་ཚད་འཕེར་བྱུང་རིགས་ཁག་ལ་གཟེངས་བསྟོད་དང༌། སེམས་ཤུགས་སྤེལ་ཐབས་གནང་རྒྱུ། དེ་བཞིན་མཁས་པ་དང་དགེ་རྒན། སློབ་ཕྲུག་སོགས་བོད་མི་སུ་ཐད་ནས་སྤྱིར་བཏང་བོད་ཀྱི་ཆོས་དང༌། རིག་གཞུང༌། རྒྱལ་རབས། སྒྲུང་དེབ་བསྟན་བཅོས་གསར་དུ་བརྩམས་པའམ། ཕྱི་རྒྱལ་སྐད་ཡིག་ནས་ཁུངས་དག་བསྒྱུར་ཐུབ་བྱུང་རིགས་ལ་རང་གཞུང་ནས་བདག་རྐྱེན་གཟེངས་བསྟོད་གནང་སྲོལ་གཏན་འབེབས་ཕྱག་བཞེས་གནང་རྒྱུ།

གྲོས་གཞི་དོན་ཚན་བདུན་པ།

     སློབ་ཐོན་རྣམས་ལ་ལས་ཀའི་དམིགས་ཡུལ་གསར་འཚོལ་གྱི་ཐབས་ཤེས་ཇི་དགེའི་སྐོར།
    སློབ་ཐོན་ཡོང་བཞིན་པའི་སློབ་ཕྲུག་རྣམས་ལ་ལས་ཀའི་དམིགས་ཡུལ་གསར་འཚོལ་སྐོར། ཕྱི་ནང་གང་སར་ལས་ཀ་བྱ་ཡུལ་ཇི་ཙམ་ཐོན་མིན་དང༌། ལས་རིགས་ཇི་ཙམ་དགོས་མཁོ་ཡོད་མེད་རང་གཞུང་འབྲེལ་ཡོད་ལས་ཁུངས་ནས་ལས་དོན་འདི་ཐོག་ལ་མཁས་པའི་ལས་བྱེད་ཁ་སྣོན་གསར་འཛུགས་གནང་འོས་སམ་ལས་བྱེད་སོགས་འབྲེལ་ཡོད་ལ་གོ་བསྡུར་གནང་ཐོག་དེ་དག་ལ་གཞིགས་པའི་དགེ་རྒན་དང༌། ལས་བྱེད་སློབ་སྦྱོང་དང༌། གཞན་ཡང་ཞི་དྲག་སློབ་སྦྱོང༌། བོད་ཀྱི་ལག་རྩལ་འདྲ་མིན་སྣ་ཚོགས་ཀྱི་ལས་གྲྭ་གསར་འཛུགས་ཀྱིས་སློབ་སྦྱོང་གནང་ཐུབ་པ་བྱུང་ན་དེ་ནས་ཐོན་མཚམས་སོ་སོའི་ཤེས་ཚད་འཇོན་ཐང་ལ་གཞིགས་པའི་གཞུང་སྒེར་གང་གི་ཁོངས་སུའང་ལས་ཀ་བྱ་ཡུལ་གྱི་ཕོངས་པ་ཡོང་མིན་ལ་དེ་དག་གི་ལས་ཀ་འཚོལ་རྒྱུའི་དཀའ་ངལ་སེལ་ཐུབ་ངེས་མ་ཟད། རང་རེའི་ཐུན་མོང་མ་ཡིན་པའི་ལག་རྩལ་འཇིམ་བཟོ། ཤིང་བརྐོས། གསེར་བཟོ། ཚག་རིགས། རི་མོ་སོགས་ཉམས་ཆག་ཏུ་མ་སོང་བར་སླར་གསོ་ཡར་རྒྱས་ཡོང་རྒྱུའི་དགེ་མཚན་ཆེ་བས་དེ་དོན་ཕྱག་ལེན་འཁེལ་རྒྱུ་བཅས་ལ་གྲོས་འཆམས་བྱུང་སོང་ལགས་པའི་གྲོས་ཆོད་ྋསྙན་ཞུར། སྐབས་གཉིས་པའི་བོད་ཀྱི་ཤེས་རིག་ཚོགས་ཆེན་ནས། ༧༢ ཟླ་ ༡༠ ཚེས་ ༢༥ ལ།

མདུན་ཤོག