བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས།

དང་པོ། སྔོན་གླེང༌།

༡། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་བདུན་པའི་ནང་གསེས་ ༢ པར། “ཤེས་ཡོན་སློབ་སྟོན་ཡར་རྒྱས་གཏོང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ་”ཞེས་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་དུ་གསལ་ཡང༌། ད་བར་དེ་ལྟའི་སྲིད་བྱུས་བཟོ་གྲུབ་མེད་པར་བརྟེན། ད་ཆ་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་སྟངས་ལ་བསྐྱར་ཞིབ་ཐོག ད་ལྟའི་བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚམས་ཤིང༌། འབྱུང་འགྱུར་ཆོལ་གསུམ་ཡོངས་སུ་རྫོགས་པའི་རང་སྲིད་རང་སྐྱོང་གི་གནས་བབས་བྱུང་སྐབས་མ་འོངས་བོད་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་གཞི་རྟེན་འོས་པའི་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་བྱ་རྒྱུ་དུས་ཀྱི་དགོས་མཁོར་མཐོང༌།།

གཉིས་པ། ཤེས་ཡོན་གྱི་ངོ་བོ།

༢།༡ ཤེས་ཡོན་ཞེས་པ་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང༌། ནང་གིཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་མིའི་ཤེས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་ངོས་འཛིན་བྱ་རྒྱུ།
༢།༢ ཤེས་ཡོན་ཞེས་པ་གཞན་ལས་ཐོས་པའི་དོན་འཛིན་པ་ཙམ་ལ་མི་འཛིན་པར། ཐོས་པའི་དོན་ལ་རང་སྟོབས་ཀྱིས་བསམ་པས་ངེས་པ་རྙེད་པ་དང༌། བསམ་པའི་དོན་ལ་ཡང་ཡང་གོམས་པས་མཐར་ཕྱིན་པར་བྱེད་པ་སྟེ། གཞན་ལས་ཐོས་པ་དང༌། རང་གིས་དཔྱད་པ། དེ་ལ་ཡང་ཡང་གོམས་པ་གསུམ་དང་ལྡན་པ་ཞིག་ལ་ངོས་འཛིན་བྱ་རྒྱུ།
༢།༣ ཤེས་ཡོན་ཞེས་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང༌། སེམས་རྒྱུད་རབ་ཏུ་ཞི་བར་བྱེད་པའི་ཐབས་ཚུལ་གཉིས་ཕན་ཚུན་ཟུང་དུ་འབྲེལ་བའི་ཡོན་ཏན་ཁྱད་པར་བ་ཞིག་ལ་ངོས་འཛིན་བྱ་རྒྱུ།
༢།༤ ཤེས་ཡོན་ཞེས་པ་སྤྱི་སྒེར་གྱི་ཚུལ་མིན་བྱ་སྤྱོད་བཟང་སྤྱོད་དུ་སྒྱུར་བྱེད་ཀྱི་ནང་གི་འཕྲུལ་རིག་གཙོ་བོ་ཞིག་ལ་ངོས་འཛིན་བྱ་རྒྱུ།
༢།༥ ཤེས་ཡོན་ཞེས་པ་རང་གི་འཚོ་བ་དང་མི་ཚེ་སྐྱེལ་བྱེད་ཀྱི་ཐབས་ལམ་ཙམ་ཞིག་ཏུ་མི་འཛིན་པར། རང་གཞན་གཉིས་ཀའི་འཕྲལ་ཕུགས་ཀྱི་ཕན་བདེ་སྒྲུབ་བྱེད་དང༌། ཁྱད་པར་སྤྱི་ཚོགས་ཀྱི་སྲི་ཞུ་དང་ཕན་བདེ་སྒྲུབ་བྱེད་ཀྱི་ཐབས་ལམ་ཞིག་ཏུ་ངོས་འཛིན་བྱ་རྒྱུ།
༢།༦ ཤེས་ཡོན་ཞེས་པ་མི་འདོད་པའི་སྡུག་བསྔལ་དང་དེའི་རྒྱུ་ངོས་བཟུང་ཞིང་སྤོང་བ་དང༌། འདོད་པའི་བདེ་བ་དང་དེའི་རྒྱུ་ངོས་བཟུང་ཞིང་སྒྲུབ་པ་སྟེ། བླང་དོར་གྱི་གནས་ལ་འཇུག་ལྡོག་བྱེད་པའི་ནུས་པ་ཞིག་ལ་ངོས་འཛིན་བྱ་རྒྱུ།།

གསུམ་པ། ཤེས་ཡོན་གྱི་དགོས་པ།

ཀ༽ སྤྱིར་ཤེས་ཡོན་གྱི་དགོས་པ།
༣།༡ ཤེས་ཡོན་གྱི་དགོས་པ་ནི་མིའི་ཁྱད་ཆོས་ཤེས་རབ་དང་བྱམས་བརྩེ། དེ་དག་ལ་བརྟེན་པའི་བཟང་པོའི་ལྟ་སྤྱོད། གསར་གཏོད་སྒྱུ་རྩལ་བཅས་ཀྱི་ནུས་པ་རྣམས་སད་ཅིང་གོང་ནས་གོང་དུ་འཕེལ་བར་བྱེད་པ་དང༌།
༣།༢ མིའི་ནང་གི་ཤེས་པའི་ནུས་པ་རྣམས་རྣམ་པར་སྦྱོང་ཞིང༌། ཤེས་བྱ་དང་བླང་དོར་གྱི་གནས་ལ་དཔྱད་པ་ཡང་དག་དང་གཞན་དྲིང་མི་འཇོག་པའི་སྒོ་ནས་འཇུག་པའི་ནུས་པ་སྟེར་བ་དང༌། དེ་ལ་བརྟེན་ནས་གང་ཟག་སོ་སོའི་འཕྲལ་ཕུགས་ཀྱི་མདུན་མ་ཙམ་མ་ཟད། རྒྱལ་ཁབ་དང་མི་རིགས། འཇིག་རྟེན་སྤྱིའི་རྩ་དོན་ཆེན་པོ་རྣམས་སྒྲུབ་ནུས་པར་བྱེད་པ།
༣།༣ རང་གི་རྒྱལ་ཁབ་དང་ཡུལ་མི་གཉིས་ཀ་གཞན་གྱི་རོགས་སྐྱོར་ལ་བརྟེན་མི་དགོས་པར་རང་རྐང་ཚུགས་ཐུབ་པ་དང༌། རྒྱལ་གཅེས་ལྷག་བསམ་ཅན་གྱི་མི་སྣ་དང་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་མངོན་འདོད་སྒྲུབ་པའི་ནུས་པ་སྐྲུན་པར་བྱེད་པ་བཅས་ཡིན།།

ཁ༽ བྱེ་བྲག་བོད་མིའི་ཤེས་ཡོན་གྱི་དགོས་པ།
༣།༤ འཇིག་རྟེན་སྤྱི་ཡོངས་ལ་བོད་མིའི་ངོས་ནས་འཁྲི་བའི་ལས་འགན་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ལེགས་བྱང་གི་ཁྱད་ནོར་བཟང་པོ་སྐྱེ་འགྲོ་སྤྱི་ལ་ཕན་པ་རྣམས་ཡུལ་དུས་གནས་སྐབས་ཐམས་ཅད་དུ་རྒྱུན་འཛིན་དང་ཁྱབ་སྤེལ་ཐུབ་པ་བྱ་རྒྱུ་དང༌། ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དགོངས་གཞི་ལྟར་འཇིག་རྟེན་ཡོངས་ཀྱི་དོན་ཆེན་ཁུར་དུ་འཁྱེར་བའི་ལྷག་བསམ་རྒྱ་ཆེར་བསྐྲུན་སྤེལ་ཐུབ་པ་བྱ་རྒྱུ་ཡིནཔས། དེ་དག་བསྒྲུབ་ཐུབ་པ་བྱ་རྒྱུ།
༣།༥ བོད་མིའི་ཕུགས་ཀྱི་བསྒྲུབ་བྱ་ནི། ཆོལ་གསུམ་ཡོངས་སུ་རྫོགས་པའི་བོད་ཡུལ་འཚེ་མེད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་དང༌། བོད་མིའི་སྤྱི་ཚོགས་འཚེ་མེད་ཞི་བའི་སྤྱི་ཚོགས་སུ་བསྒྱུར་རྒྱུ། མི་རིགས་གཞན་ལ་འཚེ་བ་མེད་པ་དང་བྱམས་བརྩེའི་ལམ་གྱི་སྣ་འཁྲིད་བྱ་རྒྱུ་བཅས་ཡིན་པས། བསྒྲུབ་བྱ་དེ་དག་གི་ལམ་ཕྱོགས་དང་ཐབས་བྱུས་ཚང་ལ་མ་ནོར་བ་རྟོགས་ཐུབ་པ་བྱ་རྒྱུ།
༣།༦ བོད་ནི་འཛམ་གླིང་ས་ཡི་ཡང་ཐོག་ཏུ་ཆགས་ཤིང༌། དེའི་རང་བྱུང་འབྱུང་བའི་ཁམས་ཀྱི་གཏེར་མཛོད་རྣམས་འཛམ་གླིང་སྤྱི་དང་བྱེ་བྲག་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་བདེ་དོན་ལ་འབྲེལ་ལྟོས་ཆེ་བས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་བོད་མིའི་རྩ་དོན་བསྒྲུབ་ནུས་པ་བྱ་རྒྱུ།
༣།༧ བོད་མིའི་ཆབ་སྲིད་ཀྱི་རྩ་དོན་ཆོལ་གསུམ་བོད་རིགས་ཡོངས་ལ་ཆིག་སྒྲིལ་དང༌། རང་དབང༌། མང་གཙོ། ཁྲིམས་ཀྱི་དབང་འཛིན། འཚེ་བ་མེད་པ། དྲང་བདེན་བཅས་ཀྱི་ཁེ་ཕན་བསྒྲུབ་དགོས་པའི་དོན་གནད་རྣམས་བོད་མི་རྒན་གཞོན་ཐམས་ཅད་ཀྱིས་གོ་རྟོགས་དང་ཉམས་ལེན་ཐུབ་པ་བྱ་རྒྱུ།
༣།༨ བོད་མིའི་དཔལ་འབྱོར་གྱི་ལམ་སྲོལ་ཡང་གོང་དུ་བཀོད་པའི་རྩ་དོན་སྙིང་པོ་ཁག་དང་མི་འགལ་བར་དར་ཁྱབ་ཆེ་བའི་མ་རྩ་དང་སྤྱི་ཚོགས་རིང་ལུགས་ཀྱི་མཐའ་གཉིས་སྤོང་ཞིང༌། འདོད་བསོད་དང་ངལ་དུབ་ཀྱི་མཐའ་གཉིས་སྤོང་བ། ལོག་པའི་འཚོ་བར་མི་བརྟེན་པ། རང་ཁ་རང་གསོ་ཐུབ་པ་བཅས་ཀྱི་ལམ་སྲོལ་ཡང་དག་ཐོག་འགྲོ་ཐུབ་པ་བྱ་རྒྱུ།།

བཞི་པ། ཤེས་ཡོན་གྱི་ངོས་འཛིན།

ཀ༽ བོད་ཀྱི་སྲོལ་རྒྱུན་ཤེས་ཡོན།
     སྐབས་འདིའི་“སྲོལ་རྒྱུན་”ཞེས་པ་གནའ་རབས་ནས་གོམས་གཤིས་སུ་འཇགས་པའི་རྒྱུན་ཡོད་ཙམ་ཐམས་ཅད་མིན་པར། འབྱུང་ཁུངས་ཡང་དག་ལས་བྱུང་བ་དང༌། བརྒྱུད་པ་བར་མ་ཆད་དུ་གནས་པ། རིགས་པ་ཡང་དག་ལ་བརྟེན་པ་སྟེ་ཁྱད་ཆོས་གསུམ་ལྡན་དང༌། དུས་དང་གནས་སྐབས་ཀྱི་འགྱུར་འགྲོས་ལ་མི་ལྟོས་པར་རྟག་ཏུ་ཕན་བདེའི་འབྱུང་གནས་སུ་གནས་པའི་རིག་པའི་རྒྱུད་ཅིག་ལ་གོ་དགོས།
༤།༡ བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་འབྱུང་ཁུངས་གཙོ་བོ་གཡུང་དྲུང་བོན་དང་ནང་པ་སངས་རྒྱས་པའི་རིང་ལུགས་གཉིས་ཡིན་པས། དེདག་ནས་གསུངས་པའི་ནང་དོན་རིག་པའི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་ནི་སྲོལ་རྒྱུན་ཤེས་ཡོན་གཙོ་ཆེ་བ་དེ་ཡིན།
༤།༢ བོད་ཀྱི་སྒྲ་དང༌། ཚད་མ། བཟོ། གསོ་བ་བཅས་རིག་གནས་བཞི་ཡན་ལག་དང་བཅས་པའང་སྲོལ་རྒྱུན་ཤེས་ཡོན་གྱི་རིག་གནས་ཡིན།
༤།༣ ཤེས་ཡོན་དེ་དག་གི་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ནི། དར་འཕེལ་གྱི་དུས་ཡུན་རིང་ཡང་འགྱུར་འགྲོས་ཉུང་བ། བརྗོད་དོན་སྟོན་པའི་ནུས་པ་ཆེ་བ། སྐད་ཡིག་གཞན་གྱི་ནང་དུ་ཡོད་དཀའ་བའི་ཆེས་གཏིང་ཟབ་ཀྱི་རིག་པའི་གཞུང་ལུགས་མང་པོའི་བསྟི་གནས་སུ་གྱུར་པ་མ་ཟད། བོད་ཀྱི་རིག་གནས་ཀུན་གྱི་ཚད་ནུས་ལྡན་པའི་གཞི་རྟེན་གཅིག་པུའང་ཡིན།།

ཁ༽ དེང་རབས་ཀྱི་ཤེས་ཡོན།
༤།༤ དེང་རབས་ཀྱི་ཤེས་ཡོན་ནི། སྲོལ་རྒྱུན་གྱི་ཤེས་ཡོན་ལྟར་ཆོས་ལུགས་སམ་གནའ་བོའི་རིག་གཞུང་གང་རུང་གི་འབྱུང་ཁུངས་ལ་བརྟེན་པ་མ་ཡིན་པར། ཉེ་བའི་དུས་རབས་ནང་སྐྱེ་བོ་རང་བཞིན་པས་གཙོ་བོ་མངོན་གྱུར་ཤེས་བྱའི་གནས་ལ་དཔྱད་པ་དང་ཚོད་བལྟ་བྱས་པ་ལས་བྱུང་ཞིང༌། རིམ་པས་གོང་འཕེལ་དང་དར་རྒྱས་ཕྱིན་པ་ཞིག་ཡིན།
༤།༥ གཙོ་ཆེ་བའི་དབང་དུ་བྱས་ན་ཚན་རིག་དང༌། དེ་ལས་བྱུང་བའི་འཕྲུལ་རིག རྩིས་རིག སྤྱི་ཚོགས་དང་དཔལ་འབྱོར་རིག་པ། འཛིན་སྐྱོང་རིག་པ། འཆར་འགོད་རིག་པ། གཞན་ཡང་སྒྱུ་རྩལ་ལ་ཚན་རིག་གི་མིང་གིས་བཏགས་པ་ཕལ་མོ་ཆེ་བཅས་པ་རྣམས་དེང་རབས་ཀྱི་ཤེས་ཡོན་གྱི་རིག་གནས་ཡིན།།

ལྔ་པ། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ།

༥།༡ སློབ་ཕྲུག་རྣམས་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་རང་སྟོབས་ཀྱིས་ལེགས་ཉེས་འབྱེད་ནུས་པ་དང༌། དེ་ལ་བརྟེན་ནས་ཐག་གཅོད་བྱེད་ནུས་པའི་བསམ་སྤྱོད་ཀྱི་རང་དབང་དང༌། འཚོ་བ་དགོས་མཁོ་དང་འཚམས་པའི་ཐོག་གཞན་ཁོ་ནར་བརྟེན་པའམ་གཞན་ལ་བཤུ་གཞོག་བྱེད་མ་དགོས་པར། རང་གི་འབད་རྩོལ་གྱིས་བསྒྲུབས་པའི་ཐོན་སྐྱེད་ཀྱི་སྒོ་ནས་ཡང་དག་པར་འཚོ་ནུས་པའི་འཚོ་བའི་རང་དབང༌། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་ཀྱི་རང་དབང་སྲུང་སྐྱོབ་བྱེད་ནུས་པའི་སྲུང་སྐྱོབ་ཀྱི་རང་དབང་བཅས་“རང་དབང་”དང༌།
༥།༢ རང་ལས་གཞན་གཅེས་པར་བཟུང་སྟེ་གཞན་གྱི་དོན་དུ་རང་ཉིད་བློས་བཏང་ནས་སྲི་ཞུ་སྒྲུབ་ནུས་པའི་“གཞན་ཕན།”
༥།༣ འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་མི་གཏོང་བར་ས་ཡི་གོང་བུ་འདི་ཞི་བདེ་རྒྱུན་གནས་ཐུབ་པ་དང༌། རང་གི་ཕ་མེས་ནས་བྱུང་བའི་རིག་གཞུང་བཟང་པོ་རྣམས་བརྒྱུད་འཛིན་བྱེད་ནུས་པའི་“རྒྱུན་འཛིན།
༥།༤ འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་དང་ལམ་ལུགས། དངོས་པོ། ལས་འགུལ་སོགས་གསར་གཏོད་བྱེད་ནུས་པའི་“གསར་གཏོད་”བཅས་བཞི་དང་ལྡན་པའི་ཡུལ་མི་བསྐྲུན་རྒྱུ་དེ་ཡིན།།

དྲུག་པ། ཤེས་ཡོན་གྱི་ལམ་སྲོལ།

༦།༡ བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་གཙོ་བོ་དང༌། དེང་རབས་ཀྱི་ཤེས་ཡོན་དེའི་དགོས་ངེས་ཀྱི་ཟུང་ཟླར་བཟུང་བའི་ཤེས་ཡོན་གྱི་ལམ་སྲོལ་ལག་བསྟར་བྱ་རྒྱུ།
༦།༢ ཤེས་ཡོན་སློབ་སྤེལ་གྱི་ལས་དོན་ནང་དགེ་རྒན་ལས་གལ་གནད་ཆེ་བ་ཞིག་མེད་གཤིས། དགེ་རྒན་དབུས་སུ་བཞག་པའི་ཤེས་ཡོན་གྱི་ལམ་སྲོལ་དེ་གཟུང་རྒྱུ།
༦།༣ འོན་ཀྱང་དགེ་རྒན་གྱིས་སློབ་ཕྲུག་ལ་དངོས་སུ་སློབ་སྟོན་བྱེད་སྐབས་སློབ་ཕྲུག་དབུས་སུ་བཞག་པའི་ཐབས་ཚུལ་གཟུང་དགོས།
༦།༤ སྲོལ་རྒྱུན་གྱི་ཤེས་ཡོན་གཙོ་བོར་འཛིན་པའི་ཤེས་ཡོན་ལམ་སྲོལ་ནང༌། སྲོལ་རྒྱུན་གྱི་ཤེས་ཡོན་གང་དུ་གནས་པའི་སྐད་ཡིག་དེ་ཉིད་ཤེས་ཡོན་སྤྱིའི་སློབ་སྟོན་བརྒྱུད་ལམ་དུ་བཟུང་འོས་ལྟར། བོད་ཀྱི་ཤེས་ཡོན་སློབ་ཁང་ཁག་ཏུ་སྔོན་འགྲོ་ནས་ཆེས་མཐོའི་ཞིབ་འཇུག་སློབ་རིམ་བར་སློབ་སྟོན་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ཐོག་རིམ་བཞིན་སྒྱུར་ཐབས་བྱ་རྒྱུ།
༦།༥ སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་གང་ཡིན་རུང་བརྗོད་བྱ་རྗོད་བྱེད་ཀྱི་བདག་ཉིད་དུ་གནས་ཤིང༌། རྗོད་བྱེད་ཚིག་གི་འཁྲུལ་པ་སེལ་བྱེད་སྐད་ཡིག་གི་རྣམ་གཞག་དང་བརྗོད་བྱ་དོན་གྱི་འཁྲུལ་པ་སེལ་བྱེད་ཚད་མ་རིག་པ་གཉིས་སུ་ངེས་གཤིས། གཞི་རིམ་སློབ་གྲྭའི་གནས་སྐབས་སུ་བོད་ཀྱི་སྐད་ཡིག་དང་ཚད་མ་རིག་པ་གཉིས་གལ་ཆེར་བཟུང་སྟེ་སློབ་སྟོན་བྱ་རྒྱུ།
༦།༦ ལྐོག་གྱུར་ཤེས་བྱའི་གནས་ལ་དཔྱད་སྟོབས་ཀྱིས་འཇུག་ནུས་པ་དང༌། དཔྱད་མཐར་ཐོབ་པའི་གྲུབ་དོན་རྣམས་འཛམ་གླིང་མཁས་པ་སྤྱིའི་མདུན་སར་འཇོག་ཐུབ་པའི་གདེང་སྤོབས་རྙེད་སླད། བོད་ཀྱི་ནང་དོན་རིག་པ་ནས་བྱུང་བའི་ཐོས་བསམ་བྱེད་ཚུལ་གྱི་ཐབས་ལམ་རྣམས་རྒྱ་ཆེར་སློབ་སྤེལ་བྱ་རྒྱུ།
༦།༧ སློབ་ཕྲུག་རྣམས་སྔོན་འགྲོའི་སློབ་གྲྭའི་སྐབས་ཉིད་ནས་བསམ་པ་དང་ཀུན་སྤྱོད་བཟང་པོར་འཆོས་ཐབས་སུ། དགེ་རྒན་གྱི་ཁྱད་ཆོསདང་བྱེད་སྒོ། སློབ་ཚན་འགོད་སྒྲིག་བྱེད་ཕྱོགས། སློབ་འཁྲིད་ཀྱི་ཐབས་བྱུས་བཅས་པ་དེང་རབས་ཀྱི་ལམ་སྲོལ་ཁོ་ནར་བརྟེན་པ་མ་ཡིན་པར། བོད་ཀྱི་ནང་དོན་རིག་པའི་གཞུང་ལུགས་དང་ལྟ་གྲུབ་ལ་ཁུངས་འཛིན་བྱས་ཏེ་གཙོ་བོ་དེ་དག་དང་མཐུན་པ་བྱ་རྒྱུ།
༦།༨ ཤེས་ཡོན་སློབ་ཐོན་པ་རྣམས་འཚོ་ཐབས་ཀྱི་ལས་དོན་ཕ་མེས་ཀྱི་ལས་རིགས་སམ་རང་འདོད་ཀྱི་ལས་རིགས་གང་ལའང་ཐོགས་མེད་དུ་འཇུག་ནུས་པ་དགོས་པ་ལས། སློབ་ཐོན་ལས་མེད་ཀྱི་ཁྱུ་ཚོགས་ཤིག་མི་འབྱུང་བའི་ལམ་སྲོལ་ཚད་ལྡན་གཏོད་རྒྱུ་བཅས།།

བདུན་པ། གཞི་རིམ་ཤེས་ཡོན་གྱི་སྒྲོམ་གཞི།

༧།༡ ཤེས་ཡོན་ནི་རྒན་གཞོན་ཚང་མས་ཇི་སྲིད་འཚོ་བའི་བར་སློབ་སྦྱོང་དང་ཉམས་ལེན་བྱ་དགོས་པ་ཞིག་ཡིན་པས། སྒྲོམ་གཞི་ཡོད་པ་དང་མེད་པའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་གཉིས་ལས་ཕྱི་མ་གཙོ་ཆེར་གཟུང་རྒྱུ།
༧།༢ འོན་ཀྱང་དེང་གི་སྐབས་འདིར་སྒྲོམ་གཞི་ལྡན་པའི་ཤེས་ཡོན་གྱི་ལམ་སྲོལ་ཞིག་དགོས་གལ་ཆེ་བར་གྱུར་སྟབས། གཞུང་གིས་ཡུལ་མི་སྤྱི་ལ་ཁྱབ་པའི་སྒྲོམ་གཞི་ཞིག་ཤེས་ཡོན་སྲིད་བྱུས་ཀྱི་ཆ་ཤས་སུ་གཏན་འབེབས་ལམ་སྟོན་བྱ་དགོས།
༧།༣ དགོན་སྡེ་དང་ཆོས་སྒར་སོགས་སྲོལ་རྒྱུན་ནང་དོན་རིག་པ་གཙོ་བོར་བཟུང་བའི་ཤེས་ཡོན་གྱི་བསྟི་གནས་རྣམས་སུ་གཞུང་གིས་གཏན་ལ་ཕབ་པའི་སྒྲོམ་གཞིས་ཁྱབ་མི་དགོས་ཀྱང༌། ཆོས་སྡེ་དེ་དག་དང་གཞན་ཡང་བོད་མི་སྤྱི་སྒེར་གྱིས་གཞི་རིམ་སློབ་གྲྭ་ཟུར་འཛུགས་བྱུང་ཚེ། དེ་དག་ལ་བཙན་བྱོལ་གཞུང་གི་ངོས་འཛིན་དགོས་ན་སྤྱིའི་སྒྲོམ་གཞི་དང་མཐུན་པ་དགོས་རྒྱུ།
༧།༤ གཞི་རིམ་སློབ་གྲྭའི་ལམ་ལུགས་སྒྲོམ་གཞི་ནི། ལོ་གསུམ་ཡུན་ཅན་གྱི་སྔོན་འགྲོ་དང༌། དེ་རྗེས་ལོ་ལྔའི་ཡུན་ཅན་གྱི་གཞི་རིམ་འོག་མ་འཛིན་གྲྭ་ལྔ་པ་བར། དེ་རྗེས་ལོ་གསུམ་ཡུན་ཅན་གྱི་གཞི་རིམ་བར་མ་འཛིན་གྲྭ་བརྒྱད་པ་བར། དེ་རྗེས་ལོ་བཞིའི་ཡུན་ཅན་གྱི་གཞི་རིམ་གོང་མ་འཛིན་གྲྭ་བཅུ་གཉིས་བར་བཅས་རིམ་པ་བཞིའི་བདག་ཉིད་ཅན་ཞིག་ཡིན་ཞིང༌། ལོ་གསུམ་གྱི་སྔོན་འགྲོའི་འཛིན་གྲྭའི་ལམ་སྲོལ་བོད་མིར་འཚམས་པ་ཞིག་གསར་གཏོད་མ་བྱུང་བར་མོན་ཊེ་སོ་རིའི་་ལམ་ལུགས་ལག་བསྟར་བྱ་རྒྱུ།
༧།༥ གཞི་རིམ་གོང་མའི་འཛིན་གྲྭ་བཅུ་པ་ཐོན་པ་དང་གཞི་རིམ་གོང་མར་མུ་མཐུད་འཇུག་གམ་ལས་རིགས་སློབ་གྲྭར་འཇུག་རང་མོས་དང་ཤེས་ཚད་ཀྱི་ཆ་རྐྱེན་གཞི་བཟུང་ཐག་གཅོད་བྱ་རྒྱུ་དང༌། དེ་བཞིན་གཞི་རིམ་གོང་མའི་འཛིན་གྲྭ་བཅུ་གཉིས་པ་ཐོན་རྗེས་སུའང་འདོད་བབས་དང་བསྟུན་ལས་རིགས་སློབ་སྦྱོང་དུ་འགྲོ་རྒྱུའི་གོ་སྐབས་འབྱེད་རྒྱུ།།

བརྒྱད་པ། ཤེས་ཡོན་གྱི་སློབ་ཚན།

ཀ༽ བོད་ཀྱི་སྐད་ཡིག
༨།༡ རིག་པའི་གཞུང་ལུགས་གང་དུ་གནས་པའི་རྟེན་གཞི་དང༌། དེར་འཇུག་པའི་སྒོ་གཉིས་ཀ་སྐད་ཡིག་བརྡ་སྤྲོད་ཀྱི་རྣམ་གཞག་ཉིད་ཡིན་པས། བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་རིག་པ་དང༌། རྩོམ་རིག་བཅས་སྔོན་འགྲོ་ནས་བཟུང་གཞི་རིམ་གོང་མ་བར་སློབ་ཚན་གྱི་གཙོ་བོར་གཞག་དགོས།།

ཁ༽ ཚད་མ་རིག་པ།
༨།༢ ཤེས་བྱའི་གནས་གང་ལའང་གཞན་ཟེར་རྗེས་འབྲངས་མ་ཡིན་པར་རང་སྟོབས་ཀྱིས་བརྟག་དཔྱད་དང་ཞིབ་འཇུག་བྱེད་པའི་ནུས་པ་རིགས་ལམ་ལས་བྱུང་བ་ཡིན་པས། ཚད་མ་རིག་པའི་རྣམ་གཞག་གཞི་རིམ་གོང་མ་བར་རྩལ་དུ་བཏོན་ཏེ་བསླབ་རྒྱུ་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱ་རྒྱུ།།

ག༽ སྐད་ཡིག་དང་ཚད་མ་རིག་པ་གཞན།
༨།༣ གཞི་རིམ་གོང་མའི་འཛིན་གྲྭ་བཅུ་པ་ཐོན་སྐབས་རང་སྐད་ལས་གཞན་པའི་ཕྱི་རྒྱལ་གྱི་སྐད་ཡིག་གང་ཡང་རུང་བ་ཞིག་ལ་བྱང་ཆུབ་པ་དང༌། སྐད་ཡིག་གསུམ་པ་ཞིག་འབྲི་ཀློག་འཕེར་ངེས་བཅས་བསླབ་དགོས་པའི་སྐད་ཡིག་གསུམ་ལྡན་གྱི་སྲིད་བྱུས་འཛིན་རྒྱུ་དང༌། སྐད་ཡིག་གཉིས་པ། རྒྱ་དཀར་ནག་གི་སྐད་དང༌། དབྱིན་སྐད། ཨི་སི་པེ་ནི་ཤིའི་སྐད་བཞི་གང་རུང་ཞིག་གདམ་རྒྱུ་དང༌། མཐུན་རྐྱེན་འཛོམས་ན་འདམ་ག་མང་དུ་གཏོང་དགོས། གནས་སྐབས་སློབ་སྟོན་གྱི་བརྒྱུད་ལམ་ཆ་ཚང་བོད་སྐད་དུ་བསྒྱུར་མ་ཐུབ་པའི་བར། སྐད་ཡིག་གཉིས་པ་དབྱིན་སྐད་མི་གཟུང་མཐུ་མེད་ལ་བརྟེན་གོང་གསལ་སྐད་ཡིག་གཉིས་པའི་འདམ་གའི་སྲིད་བྱུས་ལག་བསྟར་མ་ཐུབ་ཀྱང༌། ཕུགས་དམིགས་དེ་འདྲ་ཞིག་ད་ལྟ་ནས་གཟུང་རྒྱུ། སྐད་ཡིག་གསུམ་པ་སློབ་གྲྭ་གང་དུ་ཡོད་པའི་ས་ཁུལ་དེའི་སྐད་ཡིག་སློབ་སྟོན་བྱ་རྒྱུ་དང༌། གནས་ཡུལ་ས་ཁུལ་གྱི་སྐད་ཡིག་བོད་སྐད་དམ། སྐད་ཡིག་གཉིས་པ་དེ་ཡིན་ན་དགོས་མཁོ་ཆེ་བའི་སྐད་ཡིག་གཞན་ཞིག་བསླབ་རྒྱུ།
༨།༤ སྔོན་འགྲོ་དང་གཞི་རིམ་འོག་མའི་འཛིན་གྲྭ་གསུམ་པའི་བར་བོད་སྐད་ལས་གཞན་པའི་སྐད་ཡིག་སློབ་སྟོན་ལྟ་ཞོག སྐད་ཡིག་གཞན་གྱི་མིང་ཚིག་དང་གླུ་གཞས་སོགས་ཀྱང་བེད་སྤྱོད་མི་བྱེད་པ་གཙོ་འདོན་བྱ་དགོས་ཤིང༌། གཞི་རིམ་འོག་མའི་འཛིན་གྲྭ་བཞི་པ་ནས་སྐད་ཡིག་གཉིས་པ་དང༌། གཞི་རིམ་བར་མའི་འཛིན་གྲྭ་དྲུག་པ་ནས་སྐད་ཡིག་གསུམ་པའི་སློབ་སྟོན་འགོ་འཛུགས་བྱ་རྒྱུ།
༨།༥ དེང་རབས་ཀྱི་ཚད་མ་རིག་པ་དང༌། ཚོད་ལྟའི་ཐབས་ལམ། སྤྱི་ཚོགས་ཚན་རིག་རྣམས་སུ་དར་བའི་གྲུབ་མཐའི་རྣམ་གཞག དེ་བྱུང་རིག་པའི་བརྟག་ཐབས་བཅས་ཀྱང་རྒྱས་བསྡུས་འཚམས་པ་རེ་གཞི་རིམ་བར་མའི་སློབ་ཚན་དུ་གཞག་རྒྱུ།།

ང༽ བཟོ་རིག་པ།
༨།༦ གཞི་རིམ་བར་མ་དང་གཞི་རིམ་གོང་མ་གཉིས་ཀའི་ནང་འཚེ་བ་མེད་ཅིང་ཁོར་ཡུག་ལ་མི་གནོད་པ་དང༌། རྒྱུན་གནས་ཐུབ་པའི་བཟོ་རིག་གང་ཡང་རུང་བ་ཞིག་ངེས་ཅན་གྱི་སློབ་ཚན་དུ་འཇོག་དགོས་པ་དང༌། དེའི་ཆེད་བོད་ཀྱི་སྲོལ་རྒྱུན་གྱི་བཟོ་རིག་ཁག་དང༌། རྒྱ་གར་གྱི་སྲོལ་རྒྱུན་གྱི་བཟོ་རིག་ཁག གོང་གསལ་གྱི་ཁྱད་ཆོས་རྣམས་ཚང་བའི་དེང་རབས་ཀྱི་བཟོ་རིག་ཆུང་ཁག་སོགས་འོས་ཤིང་འཚམས་པའི་བཟོ་རིག་རྣམ་གྲངས་མི་ཉུང་བ་ཞིག་གཞི་རིམ་སློབ་གྲྭ་ཁག་ཏུ་བསླབ་རྒྱུ་དང༌། མཐུན་རྐྱེན་འཛོམས་ཤིང་སློབ་ཕྲུག་གི་འདོད་མོས་བྱུང་ན། བཟོ་རིག་གང་འོས་ཀྱི་སློབ་ཚན་གཞི་རིམ་འོག་མའི་ནང་དུའང་གཞག་ཆོག དེབཞིན་སློབ་ཕྲུག་སོ་སོའི་ཁམས་མོས་དང་བསྟུན་པའི་བཟོ་རིག་དང་སྐད་ཡིག རིག་གནས་གཞན་དག་བཅས་ཀྱི་འཇོན་རྩལ་ཁྱད་སྦྱོང་བྱ་ཡུལ་གྱི་སློབ་ཚན་ཅི་རིགས་ཀྱང་གཞག་ཆོག
༨།༧ གཞི་རིམ་གོང་མའི་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་པ་སོ་སོ་ཐོན་རྗེས། འཛུལ་ཞུགས་བྱ་ཡུལ་གྱི་ལས་རིགས་སློབ་གྲྭ་ཁག་མང་ཆེད་འཛུགས་བྱ་རྒྱུ་དང༌། ལས་རིགས་སློབ་གྲྭ་དེ་ཚོའི་ནང་བོད་ཀྱི་བཟོ་རིག་ལག་ཤེས་ཁག་དང༌། དེང་རབས་ཀྱི་བཟོ་རིག་སྣ་ཚོགས་གཙོ་བོར་སློབ་སྟོན་ཐོག་བོད་སྐད་དང་སྐད་ཡིག་གཞན་གཅིག་ཀྱང་འོས་འཚམས་བསླབ་རྒྱུ།།

ཅ༽ ཚན་རིག་དང་སྒྱུ་རྩལ།
༨།༨ གཞི་རིམ་བར་མའི་བར་སྤྱིར་བཏང་ཚན་རིག་གི་ངོ་སྤྲོད་དང༌། སྤྱི་ཚོགས་ཚན་རིག དེ་བྱུང་རིག་པ། བློ་རིག་སོགས་ཚན་རིག་དང་སྒྱུ་རྩལ་གྱི་སློབ་སྦྱོང་དགོས་མཁོ་ལྡན་པ་རྣམས་རྒྱས་བསྡུས་འཚམས་པ་རེ་གཞག་དགོས།།

ཆ༽ རྩིས་ཀྱི་རིག་པ།
༨།༩ རྩིས་རིག་ནི་སྤྱིར་མི་ཚེའི་དགོས་མཁོ་དང༌། ལྷག་པར་ཚན་རིག་གི་སློབ་སྦྱོང་ལ་ཉེ་བར་མཁོ་བས་དེང་རབས་རྩིས་ཀྱི་སློབ་ཚན་ལྡང་ངེས་དང༌། དེ་བཞིན་བོད་ཀྱི་སྲོལ་རྒྱུན་རྩིས་རིག་གི་སྔོན་འགྲོའི་ངོ་སྤྲོད་ཀྱང་སློབ་ཚན་དུ་གཞག་དགོས།།

ཇ༽ འཚེ་བ་མེད་པ་དང་མང་གཙོའི་ལྟ་གྲུབ།
༨།༡༠ གཞི་རིམ་གོང་འོག་བར་གསུམ་དུ་སོ་སོའི་གོ་སྟོབས་དང་མཐུན་པར་འཚེ་བ་མེད་པ་དང་མང་གཙོའི་ལྟ་གྲུབ་ཀྱི་ཕན་ཡོན་དང༌། བསླབ་བྱ། ལག་ལེན། ལོ་རྒྱུས་བཅས་རྒྱས་བསྡུས་འཚམས་པ་རེ་སློབ་ཚན་དུ་གཞག་དགོས།།

ཉ༽ བཟང་སྤྱོད།
༨།༡༡ བཟང་སྤྱོད་ནི་སློབ་ཚན་བྱེ་བྲག་པ་གཅིག་གི་ཚུལ་དུ་ཟུར་སློབ་བྱ་རྒྱུ་མ་ཡིན་པར་སྤྱིར་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་དང༌། ལྷག་པར་འཛིན་གྲྭའི་ནང་སློབ་འཁྲིད་བྱ་རྒྱུའི་སློབ་ཚན་ཡོངས་རྫོགས་ཀྱི་སྙིང་དོན་དང་འབྲེལ་བ་ཞིག་བྱ་རྒྱུ་གལ་གནད་ཆེ་བ་ཡིན། འོན་ཀྱང་ཆོས་ལུགས་ཁག་གི་ཡ་རབས་བཟང་སྤྱོད་སྟོན་པའི་གཞུང་དང༌། ཆོས་མཐུན་གྱི་གཏམ་རྒྱུད། ལུགས་ཀྱི་བསྟན་བཅོས། གནའ་དེང་གི་སྐྱེས་བུ་དམ་པའི་ལོ་རྒྱུས་སོགས་ཀྱང་འབྲེལ་ཡོད་སློབ་ཚན་ཅི་རིགས་པའི་སློབ་དེབ་བམ་ཟུར་རྒྱན་གྱི་ཀློག་དེབ་ནང་གཞག་དགོས།།

ཏ༽ ལུས་རྩལ་དང་རྩེད་མོ།
༨།༡༢ གཞི་རིམ་སློབ་སྦྱོང་དུ་ཡོད་པའི་སློབ་ཕྲུག་རྣམས་ནི་ལུས་སེམས་འཚར་ལོང་བྱེད་བཞིན་པའི་ན་གཞོན་ཡིན་སྟབས། ཤེས་ཡོནདང་མཉམ་དུ་འཕྲོད་བསྟེན་དང་གཙང་སྦྲ། ལུས་སྟོབས་འཚར་ལོང་ལ་སྨན་པའི་ལུས་ཀྱི་རྩལ་སྦྱོང་ལ་སློབ་ཚན་གཞན་དང་མཚུངས་པའི་དོ་སྣང་དང་དུས་ཚོད་སྤྲོད་དགོས་ཤིང༌། བོད་ཀྱི་སྲོལ་རྒྱུན་གྱི་ལུས་སྦྱོང་རྣམ་པ་འདྲ་མིན་ཁག་དང༌། རྣལ་འབྱོར་གྱི་ལུས་གནད་བཅོས་ཚུལ་(ཡོག)དབུགས་སྦྱོང་(པྲཱཎཱཡཱམ།)སོགས་ཀྱི་སྦྱོང་བརྡར་དགོས་པའི་ཐོག འཕྲོད་བསྟེན་ལ་སྨན་པའི་རང་བཞིན་གྱི་སྨན་བཅོས་དང་འབྲེལ་བའི་ཁྲུས་རིགས་དང༌། སྐུ་མཉེ། བྱུག་པ་སོགས་ཀྱང་གཞི་རིམ་འོག་མ་ནས་འགོ་་འཛུགས་དགོས། ལུས་སྦྱོང་གི་ཐབས་ལམ་གཙོ་བོ་ལས་རྩོལ་དང་འགྲོ་འཆག་གི་གོ་སྐབས་ངེས་ཅན་རྒྱུན་ལྡན་གྱི་དུས་ཚོད་རེའུ་མིག་ནང་ཚུད་དགོས། སློབ་ཕྲུག་རྣམས་ཀྱི་བག་ཡངས་དང་སྤྲོ་གསེང་སླད་རྩེད་འཇོའི་རིགས་ཀྱང་སློབ་ཚན་དུ་འཇོག་དགོས་པ་དང༌། དེའང་གནའ་རབས་བོད་མིའི་གོམས་གཤིས་སུ་ཡོད་པའི་རྩེད་རིགས་རྣམས་གཙོ་འདོན་ཐོག དེང་དུས་ཀྱི་རྩེད་རིགས་ཀྱང་བསླབ་རྒྱུ། །

ཐ༽ གཞི་རིམ་གོང་མའི་སློབ་ཚན།
༨།༡༣ སྤྱི་འགྲེའི་གཞི་རིམ་གོང་མ་ལོ་བཞིའི་ཡུན་ཅན་གྱི་ནང་གནས་སྐབས་གནས་ཡུལ་རྒྱལ་ཁབ་ཀྱི་གཞི་རིམ་གོང་མའི་རྒྱུགས་སྤྲོད་ཀྱི་སློབ་ཚན་ཆ་ཚང་གཞག་དགོས་སྨོས་མེད་ཐོག ཚན་རིག་དང། དེ་ལས་གཞན་པའི་སྡེ་ཚན་དབྱེ་བའི་རྗེས་སུའང༌། སྡེ་ཚན་ཚང་མར་བོད་ཀྱི་སྐད་ཡིག་དང༌། ཚད་མ་རིག་པའི་སློབ་ཚན་ངེས་པར་གཞག་དགོས།།

དགུ་པ། སློབ་ཚན་འཆར་གཞི་དང་སློབ་དུས།

༩།༡ གཞི་རིམ་གོང་མ་བར་གྱི་སློབ་ཚན་དང་ལས་རིམ་གྱི་ནང་དོན་རྣམས་ཤེས་ཡོན་གྱི་སྲིད་བྱུས་གཞི་བཟུང་གོ་རིམ་དང་འབྲེལ་བ་མཐར་ཆགས་སུ་འགོད་སྒྲིག་གང་ཐུབ་དགོས་རྒྱུ། དེའི་ཆེད་དུ་གཅིག་གྱུར་གྱི་སློབ་འཁྲིད་རྩ་འཛིན་ལས་རིམ་བཟོ་འགོད་ཚོགས་ཆུང་ཞིག་ཆེད་འཛུགས་བྱ་རྒྱུ།།

བཅུ་པ། རྒྱུགས་སྤྲོད།

༡༠།༡ ཆུ་ཚོད་གཉིས་གསུམ་གྱི་དུས་ཡུན་ནང་སློབ་ཕྲུག་གི་ཤེས་ཚད་ཚད་འཇལ་བྱེད་པའི་ད་ལྟའི་རྒྱུགས་སྤྲོད་ཀྱི་ལམ་སྲོལ་བཞག་སྟེ་འཛིན་རིམ་བརྒྱད་པའི་བར་དེང་ལུགས་ཀྱི་རྒྱུགས་སྤྲོད་ཟུར་དུ་མ་དགོས་པར་ཕྲུ་གུའི་རྒྱུན་སྤྱོད་དང་འཛིན་གྲྭའི་ནང་གི་དྲི་བ་དྲིས་ལན། ཁྱོན་ཡོངས་ཀྱི་གོ་རྟོགས་དང་ལག་བསྟར་གྱི་ནུས་པ་ལ་ཉམས་ཞིབ་རྒྱུན་སྲིང་གི་ལམ་ནས་འཛིན་གྲྭ་གོང་མར་འཕོ་འོས་མིན་དགེ་རྒན་རྣམས་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུ། འོན་ཀྱང་གནས་སྐབས་དུས་ཡུན་གང་འཚམས་བར་ད་མུས་བཞིན་འབྲི་རྒྱུགས་བརྒྱ་ཆ་ ༥༠ ཡོད་པ་བྱ་རྒྱུ། གཞི་རིམ་གོང་མའི་འཛིན་གྲྭ་རྣམས་སུའང་གནས་ཡུལ་རྒྱལ་ཁབ་ཀྱི་རྒྱུགས་སྤྲོད་དུ་ཞུགས་དགོས་རིགས་མ་གཏོགས། སློབ་གྲྭའི་ནང་གི་སློབ་ཕྲུག་གི་ཤེས་ཚད་ཚད་འཇལ་བྱེད་ཐབས་ཀྱི་ལམ་སྲོལ་ཚད་ལྡན་གསར་གཏོད་བྱ་རྒྱུ།།

བཅུ་གཅིག་པ། དགེ་རྒན།

༡༡།༡ མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གནས་བབས་ཤེས་ཡོན་ལ་རག་ལུས་ཤིང༌། ཤེས་ཡོན་བཟང་ཞན་དགེ་རྒན་ལ་རག་ལུས་པས། དགེ་རྒན་ནི་སྤྱི་ཚོགས་ནང་གལ་གནད་ཆེ་ཤོས་ཡིན་སྟབས། མི་གཤིས་དང་སྤྱོད་ལམ་ལེགས་ཤོས། ཤེས་ཡོན་གནས་ཚད་བཟང་ཤོས་རྣམས་དགེ་རྒན་གྱི་ལས་སྒོར་འཇུག་ཐབས་བྱ་རྒྱུ་དང༌། དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་བཟང་པོ་ཡོང་ཐབས་སུ་ཁྲིམས་ལུགས་ཀྱི་ཆ་རྐྱེན་བསྐྲུན་དགོས།
༡༡།༢ སྤྱི་ཚོགས་ཞབས་ཞུ་བའི་ནང་ཤེས་ཡོན་དང་འབྲེལ་བའི་ལས་བྱེད་པའི་སྒྲིག་གྲལ་ཟུར་དབྱེ་དགོས་པ་དང༌། ལས་ཚན་དེའི་གནས་རིམ་དང་མཚན་མཐོང་ལས་ཚན་གཞན་ལས་ཁྱད་པར་དུ་འཕགས་པ་དགོས།
༡༡།༣ དགེ་རྒན་རྣམས་ཕྱིའི་མཚན་ཉིད་ཤེས་ཚད་དང་ཉམས་མྱོང་རྣམས་དེང་རབས་ཀྱི་ཤེས་ཡོན་རིག་པའི་གཞུང་ནས་བྱུང་བ་ལྟར་དང༌། ནང་གི་མཚན་ཉིད་བསམ་པའི་འཁྱེར་སོ་སོགས་བོད་ཀྱི་སྲོལ་རྒྱུན་རིག་པའི་གཞུང་ནས་བྱུང་བ་ལྟར་ཕྱི་ནང་གཉིས་ཀའི་མཚན་ཉིད་ཚང་བའི་དགེ་རྒན་གང་མང་རྒྱུན་ལྡན་དུ་སྐྲུན་ཐུབ་པའི་ལས་གཞི་གསར་འགོད་བྱ་རྒྱུ།
༡༡།༤ དགེ་རྒན་རྣམས་མི་ཚེ་གང་པོར་སློབ་པ་ལ་བརྩོན་པ་དང༌། སློབསྟོན་གྱི་ལས་འགན་ལ་གཅིག་ཏུ་འབུངས་པ་ཞིག་དགོས་པས་དེའི་མཐུན་རྐྱེན་བསྐྲུན་རྒྱུ།
༡༡།༥ སྔོན་འགྲོ་ནས་གཞི་རིམ་གོང་མའི་བར་གྱི་དགེ་རྒན་ཡོངས་རྫོགསདགེ་རྒན་འོས་སྦྱོང་ཐོན་པ་ཤ་སྟག་དགོས་ཤིང༌། འོས་སྦྱོང་དེའང་དེང་རབས་པའི་སློབ་ཚན་དང་སློབ་ཐབས་ཀྱི་སློབ་སྟོན་ཁོ་ན་མ་ཡིན་པར། སྲོལ་རྒྱུན་གྱི་གཞུང་ལུགས་ནས་བྱུང་བའི་བཤེས་གཉེན་གྱི་མཚན་ཉིད་དང༌། ཡོངས་འཛིན་གྱི་ཡོན་ཏན། སློབ་མ་སྐྱོང་ཐབས་ཀྱི་མན་ངག བོད་ཀྱི་ཤེས་ཡོན་གྱི་ལོ་རྒྱུས་བཅས་ཀྱང་ངེས་པར་སློབ་སྟོན་བྱ་རྒྱུ།
༡༡།༦ དགེ་རྒན་རྣམས་ལ་ཕྱི་ནང་གཉིས་ལུགས་ཀྱི་འོས་སྦྱོང་སྤྲོད་ཆེད་བོད་ཀྱི་དགེ་རྒན་འོས་སྦྱོང་གི་ལས་གཞི་འགོ་འཛུགས་བྱ་རྒྱུ།
༡༡།༧ དགེ་རྒན་རྣམས་དགེ་རྒན་གྱི་མཐོ་སློབ་གང་རུང་དུ་སློབ་གཉེར་བྱེད་རིང༌། དུས་ཡུན་ངེས་ཅན་ཞིག་རིང་སློབ་སྟོན་གྱི་ལག་ལེན་དམར་འཁྲིད་བསྟར་བའི་ཉམས་མྱོང་གསག་རྒྱུ་གལ་ཆེ་ཡིན་པར་ངོས་འཛིན་བྱ་རྒྱུ།
༡༡།༨ དགེ་རྒན་གྱི་སྤུས་ཚད་ཐོག་བཏང་འཛིན་ཚད་ལྡན་ཡོང་སླད་འོས་ཆོས་ཀུན་ཚང་གི་གསར་འཇུག་དགེ་རྒན་རྣམས་དང༌། དགེ་རྒན་གྱི་ལས་ཁུར་བྱེད་བཞིན་པ་རྣམས་ཀྱང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ནས་ལོ་ལྔ་རེའི་དུས་ཡུན་ཅན་གྱི་དགེ་རྒན་ལས་སྒོར་ཞུགས་ཆོག་པའི་ལག་འཁྱེར་ཞུ་དགོས་པ་བཟོ་རྒྱུ། ལོ་ལྔ་རེའི་མཚམས་སུ་ལག་འཁྱེར་བསྐྱར་ལེན་བྱེད་པར་དུས་ཡུན་དེའི་ནང་རང་གི་ཁྱད་ལས་གོང་འཕེལ་གཏོང་བའི་ཟབ་སྦྱོང་གསར་པ་གྲངས་ཚད་ངེས་ཅན་རེ་འགྲིམས་དགོས་པའི་ཆ་རྐྱེན་གཏོད་རྒྱུ།
༡༡།༩ དགེ་རྒན་འདེམས་སྒྲུག་དང༌། གླ་ཕོགས་མཐུན་རྐྱེན། གནས་སྤར་གནས་སྤོ། རྒྱུན་འཕར་ལས་འགན། སྒྲིག་ལམ་ཀུན་སྤྱོད། བདེ་དོན་ལྟ་རྟོག གྲུབ་འབྲས་ཞིབ་བཤེར་སོགས་ཀྱི་སྐོར་ཁྲིམས་ལུགས་དང་སྒྲིག་གཞི་ཞིབ་གསལ་བཟོ་རྒྱུ།
༡༡།༡༠ དགེ་རྒན་རྣམས་ནི་མི་རིགས་སྤྱིའི་སྣ་འཁྲིད་དང༌། རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱེད་པོ་ཡིན་པས། དགེ་རྒན་གྱི་བསམ་བློའི་རང་དབང་དང༌། རྣམ་དཔྱོད་འཕེལ་རྒྱས། གསར་གཏོད་སྒྱུ་རྩལ་བཅས་འགོག་མེད་དུ་འཕེལ་ཐུབ་པའི་ཁོར་ཡུག་དང་མཐུན་རྐྱེན་བསྐྲུན་རྒྱུ།
༡༡།༡༡ དགེ་རྒན་རྣམས་ཀྱི་སྒོ་གསུམ་གྱི་བཟང་སྤྱོད་ཚད་མཐོ་མིག་དཔེར་འོས་པ་དང་སློབ་ཕྲུག་རྣམས་ལ་ཤན་ཤུགས་བཟང་པོ་འདེབས་ཐུབ་པ་དགོས་པས། ཀུན་སྤྱོད་མི་ལེགས་པ་རྣམས་ཤེས་ཚད་བཟང་ཡང་དགེ་རྒན་གྱི་ལས་སྒོར་མི་འཇུག་པའི་ཆ་རྐྱེན་གཏོད་རྒྱུ།
༡༡།༡༢ སྔོན་འགྲོའི་འཛིན་གྲྭའི་སློབ་སྦྱོང་གི་གལ་འགངས་དང་དགོས་མཁོ་གཞི་བཟུང༌། དགེ་རྒན་གྱི་ལས་རོགས་སུ་འཛིན་རིམ་བཅུ་གཉིས་པ་ཐོན་པ་གང་ཞིག་འོས་སྦྱོང་ཐོན་པ་རེ་བསྐོ་གཞག་བྱ་རྒྱུ་དང། སྔོན་འགྲོའི་དགེ་རྒན་དང་དེའི་ལས་རོགས་རྣམས་བུད་མེད་ཡིན་དགོས་པར་གཙོ་འདོན་བྱ་རྒྱུ། སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཤེས་ཚད་ཐོག་དགེ་རྒན་འོས་སྦྱོང་ཡོད་པ་དགོས་ཤིང༌། དེ་དག་གི་གླ་ཕོགས་དང་མཐུན་རྐྱེན་ཁག་ཀྱང་གཞི་རིམ་གོང་མའི་དགེ་རྒན་དང་གཅིག་མཚུངས་དགོས་པ་བཟོ་རྒྱུ།།

བཅུ་གཉིས་པ། འཛིན་སྐྱོང༌།

༡༢།༡ བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་དགོས་དམིགས་དང༌། སྒྲོམ་གཞི། སློབ་ཚན། རྒྱུགས་སྤྲོད། དགེ་རྒན། འཛིན་སྐྱོང་བཅས་ཀྱི་སྐོར་སྲིད་བྱུས་དང༌། དེ་དག་ལག་བསྟར་བྱེད་ཕྱོགས་ཀྱི་ལམ་སྟོན་བཅས་བཙན་བྱོལ་གཞུང་གིས་དུས་ནས་དུས་སུ་གཏན་ལ་ཕབ་པ་ལྟར་བཙན་བྱོལ་གཞུང་གིས་ངོས་འཛིན་ཡོད་པའི་བོད་མིའི་སློབ་གྲྭ་ཡོངས་ཀྱིས་གཅིག་གྱུར་དུ་ལག་བསྟར་དགོསཔ་ཡིན།
༡༢།༢ བཙན་བྱོལ་བོད་གཞུང་གི་ཤེས་རིག་ལས་ཁུངས་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་སྤྱི་ཁྱབ་འཛིན་སྐྱོང་གི་སྒྲིག་འཛུགས་མཐོ་ཤོས་དེ་ཡིན་པ་དང༌། བཙན་བྱོལ་གཞུང་གིས་དུས་ནས་དུས་སུ་གཏན་ལ་ཕབ་པའི་ཤེས་ཡོན་གྱི་སྲིད་བྱུས་རྣམས་ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་རམ་གཙོ་ཆེར་རང་སྐྱོང་སྒྲིག་འཛུགས་ཁག་བརྒྱུད་ལག་བསྟར་བྱ་རྒྱུ།
༡༢།༣ སློབ་གྲྭ་སོ་སོའི་ནང་གི་འཛིན་སྐྱོང་ཕལ་ཆེ་བ་ས་ཁུལ་སོ་སོའི་སྒྲིག་འཛུགས་ཀྱིས་བྱེད་པ་མ་གཏོགས། གཞུང་ངམ་དབུས་ཀྱི་སྒྲིག་འཛུགས་ལ་བརྟེན་ལྟོས་མི་དགོས་པ་གཙོ་འདོན་བྱ་རྒྱུ།
༡༢།༤ ཤེས་ཡོན་ཐོག་བཙན་བྱོལ་གཞུང་ལ་སློབ་སྟོན་འབུལ་རྒྱུ་དང༌། སྲིད་བྱུས་ལག་བསྟར་སྐབས་བཏང་འཛིན་ལྟ་རྟོག སློབ་གྲྭ་ཁག་གི་བཅའ་སྒྲིག་དང༌། འགྲོ་ལུགས། སློབ་ཚན་གོ་སྒྲིག་དང༌། སློབ་དེབ་འབྲི་རྩོམ། རྒྱུགས་སྤྲོད་ལམ་སྲོལ་བཅས་ལ་རྟོག་ཞིབ་ཀྱིས་ངོས་འཛིན་དང་ཆོག་མཆན་སྤྲོད་རྒྱུ། སྔོན་འགྲོ་དང་གཞི་རིམ་གོང་འོག་གི་སློབ་ཁང་ཚང་མར་ཞིབ་འཇུག་དང་ངོས་འཛིན་སྤྲོད་རྒྱུ། དགེ་རྒན་རྣམས་ལ་དགེ་རྒན་ལས་སྒོར་ཞུགས་ཆོག་པའི་ལག་འཁྱེར་སྤྲོད་རྒྱུ་སོགས་གཞི་རིམ་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཡོངས་ལ་ལྟ་རྟོག་བཏང་འཛིན་བྱེད་པོའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཤིག་གཏན་འཇགས་བསྐོ་འཛུགས་བྱ་རྒྱུ།
༡༢།༥ དགེ་རྒན་འོས་སྦྱོང་གི་ལམ་སྲོལ་དང༌། སློབ་གྲྭ་ཁག་གི་སློབ་ཚན་དང་སློབ་དེབ། སློབ་སྟོན་ལམ་སྲོལ། སློབ་སྟོན་གྱི་ཆ་རྐྱེན་གཞན་དག་བཅས་འཆར་འགོད་བྱེད་མཁན་མཁས་པའི་ཚོགས་ཆུང་དང༌། ལས་དོན་སྡེ་ཚན་ཁག་དགོས་མཁོ་དང་འཚམས་པར་དུས་ནས་དུས་སུ་འགོད་སྒྲིག་བྱ་རྒྱུ།
༡༢།༦ རང་སྐྱོང་དང་སྒེར་གྱི་སློབ་ཁང་བདག་གཉེར་བྱས་རིགས་རྣམས་ཀྱིས་ཀྱང་བཙན་བྱོལ་གཞུང་གི་ངོས་འཛིན་ཞུ་ལེན་བྱེད་ཆོག་པ་དང་། དེའི་ཆེད་ངོས་འཛིན་བྱེད་ཕྱོགས་ཀྱི་ཆ་རྐྱེན་དང་སྒྲིག་གཞི་ཤེས་རིག་ལས་ཁུངས་ནས་གཏན་འབེབས་བྱ་རྒྱུ།
༡༢།༧ གཞུང་འབྲེལ་ངོས་འཛིན་ཡོད་པའི་སློབ་ཁང་ཚང་མས་སྒྲོམ་གཞི་དང་ངེས་ཅན་གྱི་སློབ་ཚན་རྣམས་སྲིད་བྱུས་འདི་དང་མཐུན་པ་བྱ་དགོས་ཀྱང༌། ནང་དོན་ཞིབ་ཕྲའི་ལག་ལེན་བསྟར་ཕྱོགས་རང་སྐྱོང་ངམ་སྒེར་བདག་གི་སློབ་ཁང་སོ་སོས་གཏན་འབེབས་བྱེད་ཆོག །

བཅུ་གསུམ་པ། ཤེས་ཡོན་གྱི་ཐོབ་ཐང༌།

ཀ༽ གཞི་རིམ་ཤེས་ཡོན།
༡༣།༡ བོད་ཀྱི་ཡུལ་མི་ཡིན་པ་དང༌། ཡུལ་མིའི་ལས་འགན་སྒྲུབ་མཁན་ཞིག་ཡིན་ཕྱིན་སེར་སྐྱ་དང༌། ཕོ་མོ། རིགས་རུས། ཆོས་ལུགས། ལུང་ཚན། དབུལ་ཕྱུག་གི་དབྱེ་བ་མེད་པར་གཞི་རིམ་འཛིན་གྲྭ་བཅུ་གཉིས་པ་བར་གྱི་སློབ་སྦྱོང་གི་ཐོབ་ཐང་ཡོད་ཅིང༌། དེ་བར་སློབ་སྟོན་གླ་ཡོན་འབུལ་མི་དགོས།
༡༣།༢ བོད་རིགས་ཕ་མ་སུས་ཀྱང་རང་གི་ཕྲུ་གུ་རང་ལོ་དྲུག་ནས་བཅུ་དྲུག་བར་སློབ་གྲྭར་མ་བཏང་བར་བཞག་མི་ཆོག ཕྲུ་གུ་རྣམས་ཕ་མ་དང་མཉམ་གཤིབས་ཀྱིས་ཕ་མ་དང་ཕྲུ་གུའི་འབྲེལ་ལམ་བཟང་གནས་ཆེད་ཆུང་དུས་ཕྲུ་གུ་གཏན་སློབ་ཏུ་འཇུག་མི་དགོས་པ་གཙོ་བཟུང་བྱ་རྒྱུ།
༡༣།༣ འཛིན་རིམ་བཅུ་པ་མ་ཐོན་གོང་སློབ་སྦྱོང་རྒྱུན་འཁྱོངས་མ་ཐུབ་པར་བར་མཚམས་ལུས་པ་རྣམས་ལ་འཛིན་རིམ་བཅུ་པ་བར་སློབ་གྲྭར་བསྐྱར་ཞུགས་ཀྱིས་སློབ་སྦྱོང་མཐའ་འཁྱོལ་བྱེད་པའི་གོ་སྐབས་སྤྲོད་རྒྱུ།
༡༣།༤ གཞི་རིམ་གོང་མའི་འཛིན་གྲྭ་བཅུ་པ་ཐོན་རྗེས་འབྲེལ་ཡོད་དགེ་རྒན་གྱི་སྙན་ཐོ་དང་རྒྱུགས་སྤྲོད་ཀྱི་གྲུབ་འབྲས། སློབ་ཕྲུག་རང་གི་དོན་གཉེར་དང་རིགས་སྟོབས་བཅས་ལ་ཞིབ་འཇུག་ནན་ཏན་གྱིས་ཤེས་ཡོན་ཐོག་ཕུགས་རེ་ཡོད་ངེས་རྣམས་མ་གཏོགས་གཞི་རིམ་གོང་མར་མུ་མཐུད་སློབ་འཇུག་མི་དགོས་པ་གཙོ་འདོན་བྱ་རྒྱུ།
༡༣།༥ འཛིན་རིམ་བཅུ་པ་ཐོན་པའི་སློབ་ཕྲུག་བྱིངས་རང་རང་གི་འདོད་མོས་དང་འཚམས་པའི་ལས་རིགས་སྦྱོང་བརྡར་ལོ་གཉིས་རིང་བྱེད་ཆོག་པ་དང༌། དེ་དག་གི་ནང་འཛིན་རིམ་བཅུ་པ་ཐོན་པ་ཡོངས་རྫོགས་འཛུལ་ཞུགས་བྱ་རྒྱུའི་ཐོབ་ཐང་ཡོད།།

ཁ༽ རང་སྦྱོང་གི་ལམ་ནས་སློབ་སྦྱོང༌།
༡༣།༦ གཞི་རིམ་གོང་མར་མུ་མཐུད་མ་ཚུད་པའི་སློབ་ཕྲུག་རྣམས་ལས་རིགས་སློབ་སྦྱོང་བྱེད་བཞིན་པའི་སྐབས་སམ། དེའི་རྗེས་སུའང་རང་སྦྱོང་གི་ལམ་ནས་གཞི་རིམ་གོང་མའི་སློབ་སྦྱོང་བྱེད་ཆོག་པ་དང༌། དེའི་ཆེད་དུ་དགོས་ངེས་ཀྱི་ཆ་རྐྱེན་ངེས་པར་དུ་བསྐྲུན་དགོས།།

ག༽ དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག
༡༣།༧ དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་གང་ཐུབ་སྤྱི་ཡོངས་སློབ་གྲྭ་ཁག་གི་ནང་དུ་སློབ་ཕྲུག་གཞན་དང་མཉམ་སློབ་སྦྱོང་སྤྲོད་རྒྱུའི་ཐབས་ཤེས་བྱེད་དགོས་པ་དང༌། དེའི་ཆེད་གཞི་རིམ་སློབ་གྲྭ་ཚང་མའི་ནང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ཀྱི་ཆེད་སློབ་སྦྱོང་གི་མཐུན་རྐྱེན་ཆ་ཚང་འཛོམས་དགོས་པ་མ་ཟད། སློབ་དགེ་རྣམས་ལའང་ལུས་སེམས་གཉིས་ཐད་ནས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་སློབ་སྦྱོང་སྤྲོད་ཚུལ་གྱི་ཟབ་སྦྱོང་ཚད་ལྡན་ངེས་པར་དུ་སྤྲོད་དགོས།
༡༣།༨ ལུས་སམ་སེམས་ཀྱི་གནས་བབས་ཀྱི་ཆ་ནས་སྤྱི་ཡོངས་སློབ་གྲྭའི་ནང་འཇུག་གནས་ཐུབ་ཐབས་གཏན་ནས་བྲལ་བའི་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ཀྱི་ཆེད། དགོས་མཁོའི་མཐུན་རྐྱེན་ཆ་ཚང་ཡོད་པའི་སློབ་གྲྭ་རེ་ཟུང་ཟུར་འཛུགས་དགོས་པ་དང༌། སློབ་གྲྭ་དེ་དག་གི་ནང་དམིགས་བསལ་སྦྱོང་བརྡར་མཐར་ཕྱིན་ཡོད་པའི་དགེ་རྒན་དང་ལས་བྱེད་ཀྱི་མཐུན་རྐྱེན་བསྐྲུན་དགོས། ཟུར་བཙུགས་སློབ་གྲྭ་ཁག་ཏུ་ཡོད་པའི་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ཀྱང་སོ་སོའི་སྤྱི་ཚོགས་དང་ནང་མི་མཉམ་དུ་འབྲེལ་ལམ་མ་ཆད་པར་རྒྱུན་གནས་ཐུབ་ཐབས་ཀྱི་ཆ་རྐྱེན་བཟོ་དགོས།།

བཅུ་བཞི་པ། བར་བརྒལ་གྱི་ཆ་རྐྱེན།

༡༤།༡ སྲིད་བྱུས་གསར་པའི་དགོས་མཁོ་དང་འཚམས་པའི་དགེ་རྒན་དང་ལས་བྱེད་ཀྱི་མཐུན་རྐྱེན་གློ་བུར་དུ་སྐྲུན་ཐབས་མེད་པས། གོངདུ་སྨོས་པའི་སྲིད་བྱུས་རྣམས་ཆ་ཚང་ལག་བསྟར་བྱ་རྒྱུར་དུས་ཡུན་གང་འཚམས་འགོར་རྒྱུ་གདོན་མི་ཟ་བས། སྲིད་བྱུས་འདི་གཏན་འབེབས་བྱས་པ་ནས་བཟུང་ཕུགས་དམིགས་སྲིད་བྱུས་འདི་དག་གི་ཐོག་ཏུ་རིམ་བསྐྱོད་ཐུབ་ཐབས་སུ་ད་ཡོད་ཀྱི་ལམ་སྲོལ་ལ་འཆར་གཞི་དང་ལྡན་པའི་འགྱུར་བ་རིམ་གཏོང་བྱེད་ཕྱོགས་དང་། སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཀྱི་ལས་གཞི་ངེས་ཅནཞིག་བསྒྲིག་དགོས།
༡༤།༢ དཔེ་སྟོན་དང་ཉམས་གསོག་སླད་སྲིད་བྱུས་འདི་རྐང་འཛིན་ལག་ལེན་བྱ་ཡུལ་སློབ་ཁང་གསར་པ་གཅིག་གཉིས་ཤིག་གང་མྱུར་འགོ་འཛུགས་ཐུབ་པ་བྱ་རྒྱུ།
༡༤།༣ འབྱུང་འགྱུར་དགེ་རྒན་གྱི་དམིགས་སྒོ་འདེམས་སྒྲུག་དང༌། དེདག་གི་ཆེད་གཏིང་ཟབ་ཀྱི་འོས་སྦྱོང་ལས་གཞི་འགོ་འཛུགས། སློབ་ཚན་དང༌། སློབ་དེབ། སློབ་སྟོན་གྱི་ཆ་རྐྱེན་གཞན་བཅས་གོ་སྒྲིག་བྱེད་པོ་ཚོགས་ཆུང་ཞིག་ཟུར་འཛུགས་བྱ་རྒྱུ་བཅས་ཀྱི་ལས་དོན་ཕྱི་ལོ་ ༢༠༠༥ ནང་འགོ་འཛུགས་ཐུབ་པ་བྱ་རྒྱུ།།

བཅོ་ལྔ་པ། བསྐྱར་ཞིབ།

༡༥།༡ སྲིད་བྱུས་ལག་བསྟར་བྱ་རྒྱུའི་ལས་རིམ་རྣམས་ཚད་ལྡན་དང་ཚུལ་མཐུན་བྱུང་མིན་དུས་ནས་དུས་སུ་ཤེས་རིག་ལས་ཁུངས་ཀྱིས་ཆེད་བསྐོས་མཁས་པའི་ཚོགས་ཆུང་གིས་བསྐྱར་ཞིབ་བྱེད་དགོས།
༡༥།༢ སྲིད་བྱུས་འདིའི་དོན་ཚན་ཁག་ལ་དགོས་གལ་ནམ་བྱུང་དུ་བསྐྱར་ཞིབ་ཆོག་པ་ཡིན།། །།

མདུན་ཤོག