སྨྱུག་གསར་འདོན་ཐེངས་ཉི་ཤུ་པ།

གཞི་རིམ་སློབ་མའི་ཕུལ་བྱུང་རྩོམ་ཡིག་འདེམས་སྒྲུག་གི་ལས་རིམ་ངོ་སྤྲོད།

༡། རྩོམ་ཡིག་འདེམས་སྒྲུག་གི་དམིགས་ཡུལ།

གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་ཁྲིད་སྦྱོང་ལ་སྐུལ་འདེད་དང་ཤུགས་སྣོན་སླད། ཕྱི་ལོ་༡༩༩༦ ལོ་ནས་བཟུང་ཤེས་རིག་ལས་ཁུངས་ཀྱིས་ལོ་རེར་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་ཁྲོད་རྩོམ་ཡིག་འགྲན་སྡུར་གྱི་ལས་རིམ་སྤེལ་མུས་ལགས་ཤིང་། རྩོམ་ཡིག་འགྲན་སྡུར་དེ་ནི་སློབ་གྲྭ་དང་སློབ་ཕྲུག་བྱེ་བྲག་པའི་གྲུབ་འབྲས་ལ་གཟེངས་བསྟོད་གནང་རྒྱུ་ཙམ་མ་ཡིན་པར། གཞི་རིམ་སློབ་གྲྭ་ཁག་གི་བོད་ཡིག་གནས་ཚད་ལ་འདེང་འཇོག་དང་དཔྱད་ཞིབ་ཀྱི་གཞི་རྩར་འགྱུར་ཆེད་དང་། འབྲེལ་ཡོད་དགེ་རྒན་རྣམས་ལ་ལམ་སྟོན་དང་དཔྱད་ཞིབ་ཀྱི་རྒྱུ་ཆ་མཁོ་སྤྲོད། སློབ་མ་རྣམས་ལ་དུས་རྒྱུན་རྩོམ་འབྲིའི་ནུས་རྩལ་སྦྱོང་བརྡར་གྱི་དཔྱད་གཞིར་འགྱུར་བ་བཅས་ཀྱི་ཕན་ནུས་ཐོན་པའི་དམིགས་ཡུལ་བཟུང་ཡོད།

༢། རྩོམ་ཡིག་འདེམས་སྒྲུག་གི་བརྒྱུད་རིམ།

རྩོམ་ཡིག་འདེམས་སྒྲུག་བྱེད་སྟངས་ནི།
ཀ ཐོག་མར་འཛིན་རིམ་སོ་སོའི་ནང་སྔོན་འགྲོའི་རྩོམ་ཡིག་འདེམས་སྒྲུག་བྱས་ཏེ་རྩེ་ཕུད་སློབ་མ་རེ་འདེམས་དགོས།
ཁ། ཤེས་ལས་ཀྱིས་རྩོམ་འདེམས་ཀྱི་དུས་ཚེས་དང་། རྩོམ་ཡིག་གི་ཁ་བྱང་བཅས་སློབ་ཁོངས་སོ་སོར་བསྐུར་རྒྱུ།
ག གཏན་འབེབས་དུས་ཚེས་སུ། སློབ་ཁག་སོ་སོའི་འབྲེལ་ཡོད་བོད་དགེ་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་འཐུས་མི། དགེ་རྒན་དང་ཕ་མའི་འཐུས་ཚོགས་ཀྱི་འཐུས་མི་གཉིས་བཅས་ཀྱིས་གཟིགས་རྟོག་འོག་འདེམས་སྒྲུག་བྱ་རྒྱུ།
ང་། འདེམས་སྒྲུག་དངོས་གཞིའི་སྐབས་དུས་ཡུན་སྐར་མ་༡༥ སྔོན་དུ་ཤེས་རིག་ལས་ཁུངས་ཀྱིས་བསྐུར་བའི་རྩོམ་བྱང་ཁ་ཕྱེས་ཆོག
ཅ། འགྲན་ཞུགས་སློབ་མས་རྩོམ་ཡིག་བྲིས་ཚར་མ་ཐག་སློབ་མའི་རྩོམ་ཡིག་སྟེང་གཟིགས་རྟོག་ཚོགས་ཆུང་གིས་རྟགས་ཐམ་བཀོད་དེ་ཉིན་དེ་རང་ལ་ཤེས་རིག་ལས་ཁུངས་སུ་སྦྲག་གཏོང་བྱ་དགོས།

༣། ཕུལ་བྱུང་རྩོམ་ཡིག་གདེང་ཞིབ་བྱེད་ཐབས།

ས་གནས་སློབ་ཁག་གིས་དུས་ཚེས་རྒྱས་བཅད་ནང་བསྐུར་འབྱོར་བྱུང་བའི་རྩོམ་ཡིག་རྣམས་ལ་གདེང་ཞིབ་སླད། ཤེས་རིག་ལས་ཁུངས་ཀྱིས་འཛིན་རིམ་སོ་སོར་རྩོམ་ཡིག་གདེང་ཞིབ་པ་ཆེད་ལས་མཁས་པ་རེ་བསྐོ་འཛུགས་གནང་སྟེ། འཛིན་རིམ་སོ་སོའི་ཨང་རིམ་རྩེ་ཕུད་གསུམ་རེ་འདེམས་སྒྲུག་གིས་བྱ་དགའ་གནང་བ་དང་ཆབས་ཅིག རྩོམ་ཡིག་རྣམས་སྨྱུག་གསར་ཞེས་པའི་ལོ་འཁོར་དུས་དེབ་ནང་ཕྱོགས་བསྒྲིགས་ཀྱིས་གཞི་རིམ་སློབ་གྲྭ་ཡོངས་སུ་རིན་མེད་འགྲེམས་སྤེལ་བྱེད་བཞིན་ཡོད།

རྩོམ་སྒྲིག་པའི་གཏམ།

ཐོག་མར་བློ་གསར་སློབ་ཕྲུག་ཡོངས་དང་། སྒོས་སུ་རྩོམ་རིག་གི་ལས་ལ་འཇུག་བཞིན་པའི་ན་ཆུང་རྩོམ་པ་པོ་རྣམས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག་འདིར་གླེང་བར་བྱ་བ་ནི། ཕྱི་ལོ་༢༠༡༥ ལོའི་རྒྱལ་ཡོངས་སློབ་མའི་རྩོམ་ཡིག་འགྲན་བསྡུར་དང་ཡིག་གཟུགས་འགྲན་བསྡུར་གཉིས་ཀྱི་དཔྱད་བསྡུར་མཇུག་རྫོགས་ཏེ། ད་ལམ་ཨང་རིམ་བསྒྲིགས་ཏེ་དེབ་གཟུགས་སུ་བཀོད་ཐུབ་པར་སྤྲོ་བས་བརྟས།
ཕྱི་ལོ་༢༠༡༥ ལོའི་རྩོམ་ཡིག་འགྲན་བསྡུར་གྱི་བརྗོད་གཞི་ཁག་ལོ་སྔོན་མ་དང་མི་འདྲ་བར་སློབ་ཕྲུག་རང་ཉིད་ཀྱི་སེམས་ཚོར་དང་ཐད་ཀར་འབྲེལ་བའམ། ཡང་ན་བཙན་བྱོལ་བོད་མིའི་འཚོ་བ་དངོས་དང་འབྲེལ་ནས་འདེམ་སྒྲུག་བྱས་ཡོད་པ་དཔེར་ན། <<བརྩེ་བའི་ཨ་མ།>> <<ཡིན་ན་བསམ་བྱུང་།>> <<རང་དབང་།>> <<སྐྱབས་བཅོལ་བ་>>སོགས་ཆབ་སྲིད་བཙན་བྱོལ་བའི་བསམ་འདུན་དང་རེ་སྨོན། འཚོ་གནས་ཀྱི་མྱོང་བ་དངོས་དང་འབྲེལ་ཇི་ཐུབ་བྱས་ཡོད་པས་ན་ཆུང་རྩོམ་པ་པོ་རྣམས་ལ་རྩོམ་ཡིག་འབྲི་སྤེལ་གྱི་དོན་སྙིང་དང་རང་ཉིད་འགྲེལ་བརྗོད་བྱེད་པའི་མྱོང་བ་དངོས་ཤིག་སྦྱིན་ཡོད་ལ། དེ་ལྟར་ཁོང་ཚོའི་རྩོམ་ཡིག་ནང་དུ་དེའི་སྐོར་རང་དབང་དུ་བརྗོད་འདུག་པས་དེས་བཙན་བྱོལ་ནང་གི་སློབ་ཕྲུག་ཚོའི་སྤྱི་ཡོངས་ཀྱི་བསམ་བློ་མཚོན་མི་ཐུབ་ཀྱང་དཔེ་མཚོན་ཅན་གྱི་དཔྱད་གཞི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པར་གདོད་མི་ཟ།
ན་ཆུང་རྩོམ་པ་པོ་ཞིག་ལ་མཚོན་ན། རྩོམ་ཡིག་འབྲི་སྦྱོང་གི་གནས་ཚད་དུ་འཚར་ལོངས་བྱུང་གི་ཡོད་པས་ཚད་མཐོ་བའི་རྩོམ་ཡིག་རེ་ཟུང་འབྲི་རྒྱུར་འབད་པ་བྱེད་པ་ཞིག་མ་ཡིན་པར། རྩོམ་ཡིག་གི་སྤུས་ཚད་དང་བརྗོད་གཞི་ལ་ལྟོས་བ་མེད་པར་རྩོམ་ཡིག་ཅི་ཙམ་མང་བ་བྲིས་པ་དེ་ཙམ་གྱིས་རྩོམ་ཡིག་འབྲི་སྦྱོང་གི་ཡར་རྒྱས་ལ་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད་པས། ཐེངས་འདིར་ཕུལ་བྱུང་བྱ་དགའ་མ་ཐོབ་པའི་ན་ཆུང་རྩོམ་པ་པོ་རྣམས་ལའང་མུ་མཐུད་རྩོམ་ཡིག་འབྲི་རྒྱུ་རེ་སྐུལ་ཞུ་གི་ཡོད།
གཞན་ཡང་དེབ་ཆུང་འདིའི་ནང་བཀོད་པའི་ཕུལ་བྱུང་རྩོམ་ཡིག་རྣམས་བརྒྱུད་དེ། གཞི་རིམ་སློབ་གྲྭའི་སློབ་མ་རྣམས་ཀྱི་རྩོམ་ཡིག་གི་སྤུས་ཚད་ལ་རྒྱུས་ལོན་དང་། ལེགས་ཆ་སྡུད་ལེན། རྩོམ་ཡིག་འབྲི་རྩལ་གྱི་གསར་རྩོམ་དང་མཛེས་དཔྱོད་སྒྱུ་རྩལ་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་ངེས་ཡིན།
མཇུག་མཐར་གཞི་རིམ་སློབ་གྲྭའི་སློབ་མའི་རྩོམ་ཡིག་འབྲི་རྩོམ་གྱི་འགྲན་བསྡུར་ནང་ཆ་ཤས་ལེན་མཁན་ན་ཆུང་རྩོམ་པ་པོ་རྣམས་དང་། རྩོམ་ཡིག་དཔྱད་འདེམས་པ། བོད་སྐད་ཡིག་གི་དགེ་རྒན་རྣམ་པ། འབྲེལ་ཡོད་ཀློག་པ་པོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་མར་ཡང་དེབ་ཆུང་འདིའི་ཐད་ཀྱི་དགེ་འདོན་སྐྱོན་བསལ་གྱི་རྩ་ཆེའི་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་སྐུལ་བཅས། རྩོམ་སྒྲིག་པས། ཕྱི་ལོ་༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་དྷ་རམ་ས་ལར།

འཛིན་རིམ་དྲུག་པའི་ཕུལ་བྱུང་རྩོམ་ཡིག
འཛིན་རིམ་བདུན་པའི་ཕུལ་བྱུང་རྩོམ་ཡིག
འཛིན་རིམ་བརྒྱད་པའི་ཕུལ་བྱུང་རྩོམ་ཡིག
འཛིན་རིམ་དགུ་པའི་ཕུལ་བྱུང་རྩོམ་ཡིག
འཛིན་རིམ་བཅུ་པའི་ཕུལ་བྱུང་རྩོམ་ཡིག
འཛིན་རིམ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
འཛིན་རིམ་བཅུ་གཉིས་པའི་ཕུལ་བྱུང་རྩོམ་ཡིག

ཕྱི་ལོ་༢༠༡༥ ལོའི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་ཕུལ་བྱུང་ཡིག་གཟུགས་ཕྱོགས་བསྒྲིགས།

གླེང་བརྗོད།

འཇལ་དཔལ་དབྱངས་ཀྱི་རྣམ་སྤྲུལ། བཀའ་དྲིན་ཅན་གྱི་སློབ་དཔོན་ཐོན་མི་ནས་ཁྱུང་བོ་གཡུ་ཁྲི་ལ་སོགས་སྔོན་བྱོན་དམ་པ་རྣམས་ཀྱི་ཕྱག་རྒྱུན་བཟང་པོ་ཉམས་པ་སོར་ཆུད་དང་གནས་པ་གོང་འཕེལ་གཏོང་ཕྱིར་དང་། དེང་རབས་མཛེས་རྩལ་གྱི་ལེགས་ཆར་གནས་པ་གོང་འཕེལ་གཏོང་ཕྱིར་དང་། དེང་རབས་མཛེས་རྩལ་གྱི་ལེགས་ཆར་ཡང་སློབ་སྦྱོང་དང་སྡུད་ལེན་བྱ་ཆེད། སུད་སིར་གནས་སྡོད་ལྷ་ས་བུའི་མཐུན་ཚོགས་ཀྱི་མཐུན་འགྱུར་རོགས་རམ་འོག་ཕྱི་ལོ་༢༠༠༧ ལོ་ནས་བཟུང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་ཡིག་གཟུགས་འགྲན་སྡུར་གྱི་ལས་འགུལ་འདི་འདྲ་ཞིག་རྒྱ་བལ་འབྲུག་གསུམ་གྱི་བོད་པའི་སློབ་གྲྭ་ཁག་ཏུ་རྒྱ་ཁྱབ་ཏུ་སྤེལ་འགོ་བཙུགས་ཤིང་། འདི་ལྟ་བུ་རེའི་སྒོ་ནས་རང་རེའི་བོད་ཀྱི་ཤེས་རིག་འདི་ཕྱོགས་གང་ཅིའི་ཐད་ནས་འགྲོ་བ་མིའི་རིགས་ཀྱི་བསམ་པའི་ལོངས་སྤྱོད་ཟད་དུ་མེད་པ་ཞིག་ཏུ་འགྱུར་བར་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད།
འདིར་སྡེ་ཚན་དྲུག་ཏུ་བགོས་ཏེ་སྡེ་ཚན་རེ་ལ་འཛིན་གྲྭ་གཉིས་རེ་དང་། སྡེ་ཚན་རེ་རེའི་སློབ་ཕྲུག་རྣམས་ཀྱི་ཡིག་གཟུགས་རྣམས་གདེང་ཞིབ་ཚོགས་ཆུང་ལ་ཕུལ་ནས་སྡེ་ཚན་རེ་ལས་སློབ་ཕྲུག་རྩེ་ཕུད་གསུམ་དང་ལེགས་གསོལ་གྱི་བྱ་དགའ་ལྔ་བཅས་བདམས་ཡོད་ལ། རྩེ་ཕུད་ཀྱི་ཡིག་གཟུགས་རྣམས་འདིར་བདམས་བཀོད་བྱས་ཡོད།
ཡིག་གཟུགས་རྣམས་ཇུས་འགོད་བདེ་ཆེད་བཅད་གཏུབས་གང་འཚམ་བྱས་ཡོད་མོད་མ་ཕྱི་སློབ་མ་རང་ཉིད་ཀྱི་ཡིག་རིས་དངོས་ཡིན་པར་དགོངས་འཇགས་མཛོད།
མ་འོངས་པར་ལས་འགུལ་འདི་རྒྱུན་མཐུད་དེ་སྤེལ་རྒྱུ་ལགས་ན། ལས་དོན་འདི་ཚགས་ཚུད་དང་སློབ་མའི་ཡིག་གཟུགས་ཡར་རྒྱས་ཡོང་བ་ལ་དགེ་རྒན་གྱི་འབད་བརྩོན་ལ་ཁ་བྲལ་ཐབས་མེད་སྟབས། དགེ་རྒན་རྣམ་པས་ལས་དོན་འདི་ལ་གཞོགས་འདེགས་དང་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་སློབ་ཕྲུག་ཚོར་སྐུལ་སློང་བྱེད་རྒྱུའི་རེ་བ་དང་བཅས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༠ ཉིན།

ཕྱི་ལོ་༢༠༡༥ ལོའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཀྱི་ཕུལ་བྱུང་ཡིག་གཟུགས་ཁག

རྩོམ་སྒྲིག་པ། བྱ་གཞུང་དཔལ་ལྡན་རྡོ་རྗེ།
རྩོམ་སྒྲིག་ལས་རོགས། བྱམས་པ་ལྷ་སྐྱིད།
རྒྱབ་ཤ་ཇུས་འགོད། དགེ་འདུན་དོན་ཡོད།
ཞུ་དག་པ། བྱམས་པ་ལྷ་སྐྱིད། བྱ་གཞུང་དཔལ་ལྡན་རྡོ་རྗེ།

མདུན་ཤོག