༄༅། །བཞུགས་སྒར་གངས་ཅན་སྐྱིད་གཤོངས་དཔེ་མཛོད་ཁང་དུ་ཤེས་རིག་ཚོགས་འདུ་ཐེངས་གཉིས་པར་གནང་བའི་བཀའ་སློབ།

(ཕྱི་ལོ་ ༡༩༧༢ ཟླ་ ༡༠ ཚེས་ ༢༠ ཉིན།)

ཤར་ནུབ་དང་ཕྱི་ནང་གི་ཡོན་ཏན་གང་ཡིན་རུང་རྩ་བའི་སྙིང་པོ་དེ་མི་ལ་བདེ་སྐྱིད་གསར་པ་ཐོབ་པ་དང༌མཐུན་རྐྱེན་འཛོམས་སུ་འགྲོ་བའི་དོན་དུ་རེད།

   དེ་རིང་འདིར་ཁྱོད་ཚོ་ངོ་འཛོམས་གནང་མཁན་ཚང་མར་ངས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང༌། དོ་སྣང་ཆེན་པོ་བྱས་ནས་འདིར་ཕེབས་པ་ལ་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡོད།
   གཞན་དག་ང་ཞུ་རྒྱུ་མང་པོ་མི་འདུག ང་ཚོ་འདིར་ཚོགས་དགོས་པའི་རྒྱུ་མཚན་ད་ལྟ་ཁོང་རྣམ་གཉིས་ནས་ལབ་སོང༌། ང་ཚོ་ཚང་མས་ཤེས་གསལ་ལྟར། ང་ཚོ་མི་ཟེར་བ་འདི་ཐོག་མར་སྐྱེས་པའི་སྐབས་ཤེས་ཡོན་ཅན་བྱས་ཏེ་སྐྱེས་པ་མིན། ཤེས་ཡོན་ཞེས་པ་འདི་མི་ལ་རང་ཆས་སུ་ཡོད་པ་ཡང་མ་ཡིན། དེ་ཐབས་ཤེས་བྱས་ཏེ་གསར་དུ་བསྒྲུབ་དགོས། དེ་སྒྲུབ་པའི་དགོས་དོན་སྙིང་པོ་དེ་གང་ཡིན་ཟེར་ན་མི་ལ་བདེ་སྐྱིད་ཅིག་བྱུང་ན་བསམ་ནས་སྒྲུབ་པ་མ་གཏོགས། ང་ཚོར་རྙོག་དྲ་སྣོན་མ་བཟོ་རྒྱུའི་དོན་དུ་མིན་ལ། བྱེད་རྒྱུས་ཕོངས་ནས་བྱས་པ་ཡང་མིན། བདེ་སྐྱིད་བསྒྲུབ་རྒྱུའི་དོན་དུ་མི་ལ་རང་བཞིན་གྱི་བསམ་བློ་གཏོང་རྒྱུའི་ནུས་པ་ཞིག་ཡོད་པ་ཡིན་སྟབས། དེའི་ཁ་སྐོང་ལྟ་བུར་ཤེས་ཡོན་ཟེར་བ་ཞིག་བྱུང་བ་ཡིན། དེ་དུས་རབས་ནས་དུས་རབས་སྦྲེལ་ཏེ་ཡར་རྒྱས་ཕྱིན་ཡོད། ཡང་སྙིང་ཤར་ཕྱོགས་ཀྱི་ཡོན་ཏན་ཟེར་ནའང་རུང༌། ནུབ་ཕྱོགས་ཀྱི་ཡོན་ཏན་ཟེར་ནའང་རུང༌། ཕྱི་རོལ་གྱི་ཡོན་ཏན་ཟེར་ནའང་རུང༌། ནང་གི་ཡོན་ཏན་ཟེར་ནའང་རུང༌། གང་ལྟར་ཡང་སྙིང་ཤེས་ཡོན་གྱི་རིགས་ཚང་མའི་རྩ་བའི་སྙིང་པོ་དེ་མི་ལ་བདེ་སྐྱིད་ཅིག་ཡོང་བའི་དོན་དུ་ཕལ་ཆེར་རེད།
   དེང་སང་འཛམ་གླིང་འདིའི་སྒང་ལ་ཤེས་ཡོན་གྱི་རིགས་ཧ་ཅང་མང་པོ་ཡོད། ཤེས་ཡོན་ཡར་རྒྱས་ཕྱིན་པའི་ལག་རྗེས་ལ་མི་ལ་བདེ་སྐྱིད་གསར་པ་ཐོབ་པ་དང༌། མཐུན་རྐྱེན་འཛོམས་སུ་འགྲོ་བའི་ཕན་ཐོགས་མང་པོ་བྱུང་ཡོད་ལ། དེ་དང་ཆབས་ཅིག་རྙོག་དྲ་ཡང་མང་པོ་ཡོང་གི་ཡོད་པ་རེད། དེང་དུས་ཤེས་ཡོན་ཡར་རྒྱས་ཕྱིན་པའི་ལུང་པ་ཚོའི་ནང་ལ་གང་འདྲ་ཞིག་ཡོང་གི་ཡོད་དམ་ཟེར་ན། སྔར་ཕན་མི་མང་པོ་ཞིག་གི་བསམ་བློའི་ནང་ལ་རང་རང་སོ་སོའི་ཤེས་ཡོན་གྱི་ལམ་ལུགས་ལྟ་བུ་ཡོད་པ་དེ་ནོར་འཁྲུལ་ཁྱོན་ནས་མེད་པ་ཞིག་ལ་ངོས་འཛིན་བྱས་ནས་བསྡད་ཡོད་ནའང༌། དེང་སང་གི་མི་ཚོར་གནས་ཚུལ་འདིས་མ་འདང་བའི་མཐོང་ཚུལ་ཡོང་གི་ཡོད་པ་རེད། འདི་འདྲ་ཡིན་སྟབས་ང་ཚོས་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་དུས་སྐབས་འདིར་དཔེ་བལྟ་ས་དང༌། མིག་བལྟ་ས་མང་པོ་ཞིག་ཡོད་པ་ལྟ་བུ་ཞིག་འདུག
   སྔོན་ཐོན་གྱི་ལུང་པ་ཚོར་མི་ཐོག་མང་པོས་དཀའ་ལས་བརྒྱབ་སྟེ་ཡར་རྒྱས་ཕྱིན་པ་དེས་མི་འདང་བའི་གནས་ཚུལ་གང་དང་གང་ཡོང་གི་འདུག ང་ཚོར་ཆ་བཞག་ན་ཤེས་ཡོན་མང་པོ་ཞིག་གི་ཐོག་ལ་ང་ཚོ་ཧ་ཅང་རྗེས་ལུས་རེད། ཡང་བསམ་བློ་ཡར་རྒྱས་ཀྱི་ཤེས་ཡོན་འགའ་ཤས་ཀྱི་ཐོག་ལ་ང་ཚོ་ཡར་རྒྱས་རེད། འོན་ཀྱང་ང་ཚོ་གཅིག་པུའི་འགྲོ་སྟངས་དེས་ཀྱང་འདང་མི་ཐུབ་ལ། མི་ཚོའི་འགྲོ་སྟངས་གཅིག་པུས་ཀྱང་མི་འདང་བ་ལྟ་བུ་ཞིག་མི་འདུག་གམ། གང་ལྟར་ཡང་སྙིང་ཤེས་ཡོན་ཟེར་བ་འདི་མི་ལ་བདེ་སྐྱིད་ཡོང་བའི་དོན་དག་ཡིན་པས། ང་ཚོས་གང་འདྲ་བྱས་ནས་ཤེས་ཡོན་སློབ་སྦྱོང་སྤྲོད་དགོས་པ་དང། ཤེས་ཡོན་སློབ་སྦྱོང་སྤྲད་པའི་མི་དེ་ཡོན་ཏན་ཅན་ཞིག་བཟོས་པ་ཙམ་མ་ཡིན་པར། དེ་ཡོན་ཏན་ཅན་ཞིག་བཟོས་པའི་ཐོག་ལ་ཁོ་རང་ལའང་བདེ་སྐྱིད་ཡོད་པ་ཞིག་དང༌། སེམས་སྐྱིད་པོ་ཞིག ཞོར་ལ་སེམས་ཅན་ཐམས་ཅད་བསམ་མ་ཐུབ་ཀྱང་སོ་སོའི་རོགས་པ་འགྲོ་བ་མིའི་རིགས་ཚང་མར་ཕན་ཐོགས་ཡོང་བ་ཞིག་དང༌། ཚང་མར་དངོས་གནས་དྲང་གནས་བློ་སེམས་དཀར་པོ་འཁྱེར་མཁན་ཞིག་བཟོ་ཐུབ་ན་ཤེས་ཡོན་སློབ་སྦྱོང་སྤྲད་པའི་དགོས་དོན་དེ་རེད། ང་རང་ཚོ་མ་གཞི་བཙན་བྱོལ་བ་ལུང་པ་མེད་པའི་མི་སྐྱོ་པོ་ཁ་ཐབས་ཞན་པོ་ཞིག་ཡིན་ནའང་བསམ་བློ་དེ་འདྲ་ཞིག་བཏང་ན་ཡག་པོ་མེད་དམ་བསམ་གྱི་འདུག

ཉམས་མྱོང་དེ་མིས་བསགས། ལེགས་ཆ་དེ་ང་ཚོས་ལེན་ཐུབ་པ་བྱུང་ན་ཁེ་བཟང་རེད།

   མི་ལ་བདེ་སྐྱིད་ཡོང་བ་ཞིག་དང༌། འབྲས་བུ་བཟང་པོ་ཞིག་ཡོང་བའི་དོན་དུ་ཤེས་ཡོན་སློབ་སྦྱོང་སྤྲོད་ཀྱི་ཡོད་ཡིན་སྟབས། ང་ཚོས་ལམ་ལུགས་རྒྱུན་འཛིན་བྱེད་དགོས་དོན་མེད། ཡས་ཡས་ཀྱི་ལུགས་སྲོལ་དང༌། མས་མས་ཀྱི་ལུགས་སྲོལ་རེད་ཅེས་བརྗོད་དྲགས་ན། དེ་དངོས་ཡོད་གནས་ཚུལ་ཐོག་རན་མི་ཐུབ་པ་དང༌། དེས་ཕན་ཐོགས་ཡོང་མི་ཐུབ། ལུགས་སྲོལ་ཟེར་བ་འདི་ཡང་མིས་བཟོས་པ་རེད། ངའི་ལྟ་བའམ་བསམ་ཚུལ་དེ་འདྲ་ཞིག་ཡིན།
   ལུགས་སྲོལ་ཟེར་བ་མིས་བཟོ་དགོས་དོན་ནི། མི་ལ་བདེ་སྐྱེད་ཅིག་བྱུང་ན་བསམ་ནས་བཟོས་པ་རེད། མཐའ་མ་ལུགས་སྲོལ་དེས་མི་ལ་ཕན་གྱི་མི་འདུག་ན་ལུགས་སྲོལ་དེར་བརྩི་དགོས་པ་མེད་ཅིང༌། ལམ་ལུགས་དེ་འཛིན་དགོས་པ་མེད། ང་རང་ཚོས་ཁ་ཡོད་ལག་ཡོད་དུ་མི་ལ་གང་འདྲ་བྱས་ན་ཕན་པ་འདུག གང་འདྲ་བྱས་ན་བདེ་སྐྱིད་ཅིག་སྤྲོད་ཐུབ་པ་འདུག རྩ་དོན་འདི་ལ་ང་ཚོས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་མིན་ནམ་བསམ་གྱི་འདུག
   འཛམ་གླིང་འདིར་གཞུང་གི་ལུགས་སྲོལ་འདྲ་མི་འདྲ་དང༌། དཔལ་འབྱོར་ལུགས་སྲོལ་འདྲ་མི་འདྲ། སྤྱི་ཚོགས་ཀྱི་ལུགས་སྲོལ་འདྲ་མི་འདྲ་ཧ་ཅང་མང་པོ་ཡོད་པ་འདི་རྣམས་ངོ་ཐོག་མིའི་བདེ་སྐྱིད་ཀྱི་རྩ་བ་ལ་བྱུང་བ་ཡིན་ན་ཡང༌། ད་ཆ་གོ་ལྡོག་ནས་མིའི་བདེ་སྐྱིད་དེ་བློས་བཏང༌། ལམ་ལུགས་དེ་གཙོ་ཆེར་འཛིན་མཁན་འདྲ་ཡང་ཡོང་གི་ཡོད་པ་རེད། དེ་འདྲའི་རྐྱེན་པས་འཛམ་གླིང་དུ་རྙོག་དྲ་གང་འདྲ་འདུག
ཚང་མས་མཁྱེན་གསལ་རེད། ཤར་ཕྱོགས་ལུང་པའི་ནང་དུ་རྙོག་དྲ་དེ་འདྲ་ཞིག་ཡོང་གི་ཡོད་རེད། དཔེར་ན། བྷི་ཀྲི་ནམ་ནང་གི་གནས་ཚུལ་ཨེ་ཡིན། ག་ས་ག་ལ་དགོངས་པ་བཞེས་དང༌། ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་ཀྱི་ཡོད་པ་འདྲ་པོ། ལམ་ལུགས་ཀྱི་འཐེན་འཁྱེར་བྱེད་ཀྱི་ཡོད་པ་ལྟ་བུ་འདུག དེ་ཚོ་ང་རང་སྒེར་གྱི་བསམ་ཚུལ་ཡིན། ངས་བལྟས་ན། རྩ་བ་དང་སྙིང་པོ་མིའི་བདེ་སྐྱིད་དེ་བརླག་པའི་བཟོ་ལྟ་བུ་མཐོང་གི་འདུག
   གང་འདྲ་བྱས་ན་བདེ་སྐྱིད་ཡོང་གི་འདུག འདི་ལ་བསམ་བློ་བཏང༌། འདི་དངོས་ཡོད་གནས་ཚུལ་དང་སྦྲེལ་ནས་དེ་ལ་གང་སྨན་པ་གཅིག་དང༌། དེ་ལ་ལེགས་ཆ་ཡོད་པ་ཞིག་འདུག་ན་ལམ་ལུགས་གང་འདྲ་ཞིག་ཡིན་ནའང་ཁྱད་ཁྱོན་ནས་མེད། ལམ་ལུགས་འདྲ་མི་འདྲ་འདི་རྣམས་རྩ་དོན་སྒྲུབ་པའི་ཐབས་རེད་མ་གཏོགས། བསྒྲུབ་བྱ་དེ་མ་རེད། བསྒྲུབ་བྱ་དེ་མིའི་བདེ་སྐྱིད་རེད། བསྒྲུབ་བྱ་མིའི་བདེ་སྐྱིད་ལ་བསམ་བློ་མ་བཏང་བར་སྒྲུབ་བྱེད་ཀྱི་ཐབས་ཤེས་འདྲ་མི་འདྲར་མགོ་འཁོར་བསྡད་ན་ནོར་འཁྲུལ་རེད། ངས་དེ་འདྲ་ཞིག་དྲན་གྱི་འདུག
   ང་ཚོ་དེ་སྔོན་ལྷ་སར་ཡོད་པའི་སྐབས་རྒྱ་མིས་འགྲེལ་བཤད་རྒྱག་གི་ཡོད། ད་ལྟ་བོད་ཞིང་བྲན་ལམ་ལུགས་ལ་བསྡད་ཡོད་ཀྱང༌། རོགས་རེས་མཉམ་སྦྲེལ་ཟེར་བ་སོགས་བར་བརྒལ་གྱི་ལམ་ལུགས་མང་པོ་ཞིག་བརྒྱུད་མ་དགོས་པར་ཐད་ཀར་སྤྱི་ཚོགས་རིང་ལུགས་ལ་འགྲོ་ཐུབ་པའི་རེ་བ་ཡོད་པ་རེད། གང་ཡིན་ཞེ་ན། རྒྱལ་ཡོངས་ཚང་མ་སྤྱི་ཚོགས་རིང་ལུགས་ལ་འགྲོ་གི་ཡོད་པའི་གནས་ཚུལ་གྱི་ཆ་ནས་རྒྱབ་རྟེན་ལྟ་བུ་ཤུགས་ཆེན་པོ་ཞིག་ཡོད་པའི་སྟབས་ཀྱིས་རེད་ཅེས་ཟེར་གྱི་ཡོད། དེ་བཞིན་དུ་གཅིག་བྱས་ན་ང་ཚོར་ཁེ་ཕན་ཞིག་མེད་དམ་སྙམ། ང་རང་ཚོ་ད་ལྟ་བར་དུ་གཞི་མང་པོ་ཞིག་ནས་རྗེས་ལུས་སུ་བསྡད་དེ་ད་ཆ་ང་ཚོ་ཕྱིར་ཐོན་པའི་སྐབས་ལ། ང་ཚོར་མིག་བལྟ་ས་ཧ་ཅང་མང་པོ་ཞིག་ཡོད། ཤར་ནུབ་ག་ས་ག་ལ་མིག་བལྟས། མི་ཚོར་རྙོག་དྲ་ཡོང་ས་དེ་ག་རེའི་ཐོག་ནས་ཡོང་གི་འདུག དཔེར་ན། ཡུ་རོབ་ནང་ཆ་བཞག་ན། དངོས་གནས་གཞི་གཅིག་གི་ནང་ནས་ཤེས་ཡོན་ཡར་རྒྱས་ཆེན་པོ་ཚད་ལོངས་པ་ཞིག་ཡིན་ན་ཡང༌། དེང་སང་ཤེས་ཡོན་གྱི་ཐོག་ནས་མ་འགྲིགས་པར་འཁོས་སུ་མ་ཕབ་པ་ཡོང་གི་འདུག་པ་འདིའི་ཡོང་སའི་རྩ་བ་གང་འདྲ་ཞིག་ལ་ཐུག་གི་འདུག འདིར་ཐབས་ཤེས་ག་རེ་འདུག ང་ཚོས་དེ་ཚོར་རྩད་གཅོད་ཡག་པོ་བྱས་ནས་ཤེས་ཐུབ་པ་བྱུང་ཚེ། ཁོང་ཚོ་འགྲོ་སའི་ལམ་ལ་སྐྱོན་ཡོད་ནའང༌། ང་ཚོ་སྐྱོན་དེ་བརྒྱུད་མ་དགོས་པར། ཉམས་མྱོང་དེ་མིས་བསགས། ལེགས་ཆ་དེ་ང་ཚོས་ལེན་ཐུབ་པ་བྱུང་ན་ཁེ་བཟང་རེད། དེ་འདྲའི་ཆ་ནས་ཁེ་ཕན་མེད་དམ་སྙམ་པ་འདུག ང་ཚོར་དཔེ་བལྟ་ས་མང་པོ་ཞིག་ཡོད་པ་ཡིན་སྟབས༌། དེ་འདྲའི་ཐོག་ལ་དགོངས་པ་བཞེས་དགོས།

གོང་ནས་མར་རྩད་གཅོད་བྱེད་མཁན་མ་བྱུང་ན། ལས་ཀ་འགྲིགས་པའི་བཟོ་ལྟ་བུ་དེ་འདྲ་བྱས་ན་མི་འགྲིགས།

   རྡོ་དོན་ཡང་སྙིང་ང་ཚོས་ཤེས་ཡོན་སློབ་སྦྱོང་སྤྲོད་པ་འདི་མིའི་བདེ་སྐྱིད་ཀྱི་རྩ་བ་རེད། དེ་རིང་འདིར་ཡོད་ཚང་མ་ཤེས་ཡོན་དང་འབྲེལ་བ་ཡོད་མཁན་གྱི་མི་སྣ་ཤ་སྟག་ཡིན། དངོས་གནས་བྱ་བ་དེ་རླབས་ཆེན་རེད། བཟང་པོ་རེད། མི་ལ་ཕན་སེམས་བྱས། སོ་སོའི་ལྟོ་ཕོགས་དང༌། སོ་སོའི་ཁེ་གྱོང་གི་བསམ་བློ་མིན་པར། འགྲོ་བ་མིའི་རིགས་ཀྱི་ཞབས་ཕྱི་ཞུ་གི་ཡོད་བསམ་ནས་ལས་ཀ་ཞིག་བྱེད་ཀྱི་ཡིན་ན་རླབས་ཆེན་རེད། ལས་ཀ་ཧ་ཅང་ཡག་པོ་རེད། དཔེར་ན། ང་ཆོས་པ་གཅིག་གི་ཐོག་ནས་སྐད་ཆ་བཤད་པ་ཡིན་ན། ཆོས་ཁྲིའི་སྒང་ལ་བསྡད་ནས་ཆོས་བཤད་པ་དེ་དུས་དུས་སུ་རེད། སློབ་གྲྭའི་ནང་ལ་ཕྲུ་གུ་དང་མཉམ་དུ་འགྲོགས་ནས་ལོ་དང་ཟླ་བ་སྦྲེལ་ཏེ་ཕྲུ་གུ་ཡ་རབས་འབྱུང་ཐུབ་པ་དང༌། དེའི་མི་ཚེ་བཟང་པོ་ཞིག་གི་མཐའ་འཁྱོལ་བ་ཡོང་བའི་འགན་སོ་སོས་བླངས་ནས་བསམ་བློ་བཏང་ན་དེ་ལས་རླབས་ཆེ་བ་མེད། དངོས་གནས་དྲང་གནས་ལས་ཀ་དེ་རྩ་ཆེན་པོ་རེད། མཁྱེན་སོང་ངམ། འདི་དགོངས་པ་བཞེས་དགོས།
   སྤྱིའི་ཆ་ནས་མི་ཞིག་གི་འདུ་ཤེས་བཞག མི་ལ་བདེ་སྐྱིད་ཡག་པོ་ཞིག་ཡོང་རྒྱུའི་དོན་དུ་ཡིན་བསམ་དགོས་པ་མ་གཏོགས། ང་ཡས་ཡས་ཀྱིས་བསྐོས་པ་རེད། དེ་འདྲ་ཡིན་སྟབས་ངས་དེ་མ་བྱས་ན་འགྲིགས་ཀྱི་མ་རེད་ཟེར་བ་ལྟ་བུ། གོང་ནས་མར་རྩད་གཅོད་བྱེད་མཁན་ཞིག་མ་བྱུང་ན། དེ་ལས་ཀ་འགྲིགས་པའི་བཟོ་ལྟ་བུ་དེ་འདྲ་བྱས་ན་མི་འགྲིགས། སོ་སོ་སོ་སོས་བསམ་བློ་ཡག་པོ་བཏང༌། སོ་སོའི་འོག་ལ་ཡོད་མཁན་སོ་སོས་མཛུབ་སྟོན་བྱས་ནས་འགོ་འཁྲིད་པའི་ཕྲུ་གུ་དེ་ཡ་རབས་ཀྱི་ཐོག་ནས་འགྲོ་ཐུབ་པ་གང་འདྲ་བྱས་ནས་བྱེད་དགོས་ཀྱི་འདུག འདི་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཞིག་མཐོང་གི་འདུག
   དེ་ནས་གནས་ཚུལ་གཉིས་པ་དེ། ང་རང་ཚོ་བོད་མི་རྣམས་ལ་སྒོས་སུ་སྲིད་དོན་གྱི་གནས་ཚུལ་ཞིག་འདྲེས་ཡོད། ང་ཚོས་སྲིད་དོན་དེ་བློས་གཏོང་ཐབས་མེད། གང་ཡིན་ཞེ་ན། བོད་ནང་གི་རྒྱ་ཆེའི་མི་མང་རྣམས་ད་ལྟའི་སྲིད་དོན་གྱི་གནས་ཚུལ་དེས་མ་འགྲིགས་པར་དངོས་གནས་འ་ཆད་འུ་ཐུག་ནས་སྙིང་ཁོང་རུས་པའི་གཏིང་ནས་ད་ལྟའི་གནས་ཚུལ་དེ་ལ་འགྱུར་བ་གཏོང་རྒྱུའི་འདོད་པས་རྐྱེན་བྱས་ནས་ང་ཚོས་སྲིད་དོན་གྱི་ལས་ཀ་འདི་མ་བྱས་པར་ཐབས་མེད་པ་ཞིག་ཡོང་གི་ཡོད་པ་རེད། ང་ཚོས་རྙོག་དྲ་སྣོན་མ་དེའི་གནས་ཚུལ་ལ་ངེས་པར་དུ་བསམ་བློ་གཏོང་དགོས་ཀྱི་འདུག ཕྲུ་གུ་མི་རེ་ངོ་རེའི་མི་ཚེ་བཟང་པོ་ཞིག་མཐའ་འཁྱོལ་བ་མ་ཟད། ང་ཚོ་བོད་སྤྱི་པའི་དོན་དག་དེ་ལ་སྨན་པ་ཞིག་ཡོང་བའི་བསམ་བློ་ངེས་པར་གཏོང་དགོས་ཀྱི་འདུག སྤྱིར་བཏང་ཤེས་ཡོན་ཙམ་དུ་མ་ཟད། སྲིད་དོན་ཐོག་ལ་ཡང་ཤུགས་ཆེ་ཙམ་བསམ་བློ་གཏོང་དགོས། མི་ལ་ཤེས་ཡོན་ཡོད་པ་གཅིག་པུས་འགྲིགས་ཀྱི་མི་འདུག ང་ཚོ་བོད་པའི་ཕྲུ་གུ་རྣམས་ཤེས་ཡོན་གྱི་ཐོག་ནས་སོ་སོ་གཅིག་པུ་མི་ཚེ་བཟང་པོ་མཐའ་འཁྱོལ་བ་ཙམ་ཞིག་མ་ཡིན་པར་ང་ཚོ་བོད་སྤྱིའི་དོན་དག་དེ་དང། དོན་དག་དེ་ལ་སྨན་པ་ཞིག་ཇི་ལྟར་བྱས་ན་ལེགས། ངེས་པར་དུ་དགོངས་པ་བཞེས་དགོས། འདི་ལ་ཚང་མས་དོ་སྣང་བྱེད་དགོས། ཤེས་ཡོན་དང༌། སྲིད་དོན་གྱི་གནས་ཚུལ་ཐ་དད་བྱས་ཏེ། སྲིད་དོན་གྱི་བསམ་བློའི་ལམ་ཕྱོགས་སྟོན་སྟངས་ཐོག་ལ་ལྷོད་ཡངས་སུ་ཕྱིན་ན་ཕངས་པོ་རེད། ཉེན་ཁ་རེད། དེ་ཡང་ངེས་པར་དུ་དགོངས་པ་བཞེས་དགོས་ཀྱི་འདུག

ང་ཚོས་ཤེས་རིག་སྲུང་སྐྱོབ་བྱས་ཟེར་བ་དེ་སྔའི་ལམ་ལུགས་སྲོལ་དང་འགྲོ་སྟངས་གྲ་གྲུ་མ་ཉམས་པར་སྲུང་སྐྱོབ་བྱེད་དགོས་ཟེར་བ་མིན།

   དེ་བཞིན་ང་ཚོའི་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་སྐོར་སྐད་ཆ་རྟག་ཏུ་ཡོང་གི་ཡོད། ང་ཚོས་ངོ་ཤེས་པའི་མི་མང་པོས་བོད་མིའི་བསམ་བློ་གཏོང་སྟངས་དང༌། གཤིས་ཀ་དེ་ཡག་པོ་འདུག་ཅེས་བསྟོད་བསྔགས་བྱེད་མཁན་མང་པོ་འདུག དེ་མི་གཅིག་གཉིས་ཙམ་མིན་པར། མི་མང་པོས་ཁ་གཅིག་གྲགས་ཤོད་ཀྱི་འདུག དེ་ལ་གཞིགས་ན་ང་ཚོ་བོད་མིའི་རིགས་ལ་རང་བཞིན་གྱི་ཀུན་སྤྱོད་འཁྱེར་སྟངས་དང༌། བསམ་བློ་གཏོང་ཕྱོགས་ལ་དགེ་མཚན་ཞིག་དངོས་གནས་ཡོད་པ་མིན་ནམ་སྙམ། གང་ལྟར་ཉིན་རེ་ཉིན་རེའི་འཚོ་བ་སྐྱེལ་བའི་སྐབས་ལ་སེམས་བག་ཕེབས་པོ་དང༌། སེམས་ལྷོད་ལྷོད་ཅིག་ང་ཚོ་ལ་ཡོང་གི་ཡོད་པ་རེད། དེ་དངོས་པོ་ནང་བཞིན་རྡོག་རྡོག་ཅིག་མིག་ལ་སྟོན་རྒྱུ་མེད་ཀྱང། ཆུ་ཚོད་༢༤ ནང་འདི་འདྲའི་སེམས་ཞི་བདེ་བག་ཕེབས་ཡོད་པ་དེ་ཁེ་བཟང་རེད། སོ་སོར་ཡོད་པའི་ལེགས་ཆ་འདི་གྲས་ཀྱི་གོམས་གཤིས་བཟང་པོ་རྣམས་སྲུང་སྐྱོབ་བྱེད་འོས་པ་རེད།
   ང་ཚོས་ཤེས་རིག་སྲུང་སྐྱོབ་བྱེད་དགོས་ཞེས་རང་བཞིན་ཁ་སྦར་མོ་གང་བཤད་པས་མི་འགྲིགས། དེའི་ངོ་བོ་གང་འདྲ་ཞིག་ཡོད་པ་དང༌། དེ་གང་འདྲ་བྱས་ནས་ཡོང་གི་ཡོད་པ། དེ་ཡོང་བའི་ཐབས་ཤེས་གང་འདྲ་བྱེད་དགོས་པ་བཅས་ལ་བསམ་བློ་གཏོང་དགོས། དེ་སྐོར་དེབ་བྲིས་པས་འགྲིགས་ཀྱི་ཡོད་མ་རེད། ཕྱི་རོལ་ཡི་གེའི་ཐོག་ཡོད་པས་ཀྱང་འགྲིགས་ཀྱི་མི་འདུག རྡོ་དོན་ཡང་སྙིང་མི་རེ་ངོ་རེའི་བསམ་བློའི་ནང་ལ་གནས་ཚུལ་དེ་ཚང་བ་ཞིག་ཡོད་དགོས། འདི་བཟོ་ས་སློབ་གྲྭའི་ནང་ལ་བཟོ་དགོས།
   ང་ཚོས་ཤེས་རིག་སྲུང་སྐྱོབ་བྱས་ཟེར་བ་དེ་སྔའི་ལམ་ལུགས་སྲོལ་དང་འགྲོ་སྟངས་གྲ་གྲུ་མ་ཉམས་པར་སྲུང་སྐྱོབ་བྱེད་དགོས་ཟེར་བ་མིན། དེ་ལྟར་བྱེད་དགོས་དོན་མེད། ངའི་མཐོང་ཚུལ་ལ་ཤེས་རིག་ཟེར་བ་འདི་ཧ་ཅང་གཞི་རྒྱ་ཆེན་པོ་ཞིག་ཡིན། རིགས་འགའ་ཤས་དེའི་ཚེ་དེའི་དུས་ཀྱི་སྤྱི་ཚོགས་གནས་ཚུལ་ལ་གཞིགས་ནས་ལམ་ལུགས་དང༌། འགྲོ་ལུགས་ཆགས་པ་ཞིག་ཏན་ཏན་ཡོད་མདོག་ཁ་པོ་རེད། འདི་ཚོའི་གྲས་ང་ཚོས་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡང་མ་རེད་ལ། བྱས་ནས་དགོས་པ་ཡང་མེད། འདི་ཚོ་སྲུང་སྐྱོབ་བྱེད་ཀྱིན་བསྡད་ན་ལྐུགས་པའི་ལས་ཀ་རེད། སྤྱི་ཚོགས་འགྱུར་འགྲོ་གི་རེད། མིའི་བསམ་བློ་གཏོང་སྟངས་འགྱུར་འགྲོ་གི་རེད། འཛམ་གླིང་གི་གནས་ཚུལ་འགྱུར་འགྲོ་གི་རེད། དེ་ཚོའི་གྲས་བརྗེ་དགོས་ཀྱི་རེད་མ་གཏོགས། བསྡད་ནས་ཕན་ཐོགས་གང་ཡང་མེད།
   ཡང་དེ་མིན་ཤེས་ཡོན་གྱི་རིགས་གཅིག་དངོས་གནས་མིའི་རྩ་བའི་བདེ་བ་སྡུག་བསྔལ་དང་འབྲེལ་བ་ཡོད་མཁན། ད་ལྟ་ཞུས་པ་བཞིན་ཉིན་རེ་ཉིན་རེའི་བསམ་བློའི་ནང་བག་ཕེབས་པོ་ཡོང་བའི་ཆ་རྐྱེན་འདི་ཚོའི་གྲས་རྩ་བའི་མིའི་བདེ་སྡུག་གི་ཐོག་ལ་ཕན་གནོད་འབྲེལ་གྱི་ཡོད་པ་ཡིན་སྟབས༌། དེ་ཚོ་ང་ཚོས་སྲུང་སྐྱོབ་བྱེད་འོས་པ་རེད། འདི་ནི་ང་ཚོ་བོད་པ་ཙམ་དུ་མ་ཟད། འཛམ་བུ་གླིང་གི་མི་ཚང་མར་དེ་འདྲ་ཞིག་བྱུང་ན་ཡག་པོ་རེད།
   ང་ཚོའི་མིག་ལྟོས་བཟང་པོ་བྱེད་སྟངས་ཀྱི་གནད་འགག་དེ་རྩད་ཆོད་ནས། ལམ་སྟོན་ཡག་པོ་བྱས་ན་བོད་པའི་སློབ་གྲྭའི་ཕྲུ་གུ་གཅིག་གི་དོན་དག་ཙམ་མིན་པར། འཛམ་བུ་གླིང་གི་མི་ཚང་མར་ང་ཚོའི་མིག་ལྟོས་དེ་བསྟན་ཆོག་པ་ཞིག་རེད། མིག་དཔེ་བསྟན་ཐུབ་པ་ཞིག་གཅིག་བྱས་ན་ང་ཚོར་བྱེད་རྒྱུ་ཡོང་མདོག་ཁ་པོ་རེད།
   རྡོ་དོན་ཡང་སྙིང་མི་ཞིག་ཡིན་ཕྱིན་ཆད་དེ་ལ་རང་བཞིན་གྱིས་སྡུག་བསྔལ་མང་པོ་ཞིག་ཡོང་གི་ཡོད་པ་དང༌། སྡུག་བསྔལ་དེ་དང་འབྲེལ་བའི་བསམ་བློ་གཏོང་ཕྱོགས་ཀྱི་ཐབས་ཤེས་ཤིག་ཡོད་ན་ཤིན་ཏུ་ཡག་པོ་རེད། འདིས་ང་ཚོར་ཕན་པ་རེད། ཤར་ནུབ་མི་སུ་དང་སུ་ཡིན་ཀྱང་རུང༌། ཤ་མདོག་ཚོས་གཞི་ལའང་ཁྱད་པར་མེད། སྤྱི་ཚོགས་གནས་ཚུལ་ལའང་ཁྱད་པར་མེད། གང་ལྟར་ཡང་སྙིང་མི་ཞིག་ཡིན་ཕྱིན་ཆད་དེ་ལ་རང་ཆས་སུ་འབྲེལ་བའི་སྡུག་བསྔལ་མང་པོ་ཡོང་གི་ཡོད། དེ་ལ་ཕན་པ་ཞིག་ཡོད་ན་ང་ཚོ་བོད་པ་གཅིག་པུའི་དོན་ཙམ་མིན་པར། འཛམ་བུ་གླིང་གི་མི་ཚང་མའི་དོན་དུ་ཕན་པ་རེད། ཤེས་རིག་ལ་ཆ་གཉིས་སུ་དབྱེ་ན། འདི་འདྲའི་རིགས་ཀྱི་ཆ་ལྟ་བུ་ཞིག་མེད་དམ་བསམ་གྱི་འདུག འདི་ལ་དགོངས་པ་བཞེས་དགོས་ཀྱི་འདུག དཔེར་ན། ང་ལ་ཆ་བཞག་ན། དེ་འདྲའི་གནས་ཚུལ་བསམ་བློར་འཁོར་ན་ཡང་འདང་གི་མི་འདུག དེ་སྐོར་ལ་བསམ་བློ་གཏོང་དགོས་པ་ཞིག་དང༌། དོ་སྣང་བྱེད་དགོས་པ་ཞིག་ནི་ཤེས་ཀྱི་འདུག ཡིན་ན་ཡང། བྱེད་ཕྱོགས་གང་འདྲ་ཞིག་བྱེད་དགོས་པ་དང༌། ཐབས་ཤེས་གང་འདྲ་ཞིག་སྤྲོད་དགོས་ཀྱི་ཡོད་མེད་མི་གཅིག་གི་ནུས་པས་འདང་ཐབས་མེད། འདི་མུར་ལྷོད་ཡངས་བྱས་ནས་ལུས་པ་ཡིན་ན་ལས་དོན་འདི་ཚོའི་གྲས་ཁང་པ་ཞིག་པ་ལྟ་བུའི་ཛ་དྲག་གི་གནས་ཚུལ་གང་ཡང་མེད་པ་ལྟ་བུར་སྣང་ཡང༌། དེའི་ཉམས་ཆག་དང་འཐུས་ཤོར་འགྲོ་ལུགས་འདི་ཉིན་རེ་ཉིན་རེ་བཞིན་ཤོག་བུ་སྣུམ་ཐིག་ལྟ་བུར་ཕྱིན་ནས་ལོ་མང་པོ་ཞིག་དང༌། གཅིག་བྱས་ན། མི་ཐོག་གཅིག་གཉིས་ཤིག་ཕྱིན་པའི་མཇུག་ལ་མངོན་གསལ་དོད་པོའི་ཉམས་ཆག་ཕྱིན་པ་དང༌། འཐུས་ཤོར་ཕྱིན་པ་ཞིག་གཞི་ནས་མཐོང་གི་རེད། དེ་དུས་འཕྱིས་ཚར་བ་རེད། དེ་འདྲ་ཡིན་སྟབས་ཤེས་རིག་གི་སྐོར་འདི་ཧ་ཅང་གི་ཛ་དྲག་པོ་ཞིག་དང༌། གལ་ཆེ་དོན་ཆེ་ཡིན་པའང་ཤེས། བྱེད་ཕྱོགས་གང་འདྲ་ཞིག་བྱེད་དགོས་མིན་ཚོད་ཀྱང་མི་ཐིག་པའི་སྐབས་འདིར་བློ་སྦུག་སྲུབ་དོག་དྲགས་ནས་སྐད་ཆ་བཤད་ནའང་མི་འགྲིགས། སོ་སོའི་ལམ་ལུགས་དང༌། སོ་སོའི་འགྲོ་སྟངས་དེ་རྣམས་ཡག་པོ་འབའ་ཞིག་ཡོད་ཟེར་ན་རྒྱ་མིའི་སྐད་ཆའི་ཤོད་སྟངས་ལྟར་དོན་ཕན་ཡོང་རྒྱུ་ནམ་ཡང་མེད།
   ཡང་མི་གཞན་དག་གི་འགྲོ་སྟངས་དེ་དག་ཚང་མ་བརྒྱ་ཆ་བརྒྱ་ཐམ་པ་བཟང་པོ་ཞེ་གཅིག་རེད་ལབ་ཀྱང་འགྲིགས་ཀྱི་མི་འདུག གནས་ཚུལ་ཚང་མར་བལྟས། གནས་ཚུལ་མང་པོ་ཞིག་གི་ཐོག་ལ་བསམ་བློ་གཏིང་རིང་པོ་ཞིག་བཏང༌། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་མིའི་བསམ་བློའི་འགྲོ་སྟངས་དང༌། མིའི་ཀུན་སྤྱོད་འགྲོ་སྟངས་ཀྱི་འགྲེལ་བཤད་ཅིག་རྒྱག་གི་ཡོད་པ། དེ་ཚོའི་ཐོག་ནས་ཀྱང་ལེགས་ཆ་བླངས། དེང་སང་མི་ཚོས་སྤྱིར་བཏང་འགྲོ་བ་མི་ཡི་རིགས་ཀྱི་བསམ་བློ་གཏོང་སྟངས་དང༌། སྤྱི་ཚོགས་ཀྱི་གནས་ཚུལ་འགྲོ་སྟངས། རྒྱལ་རབས་ཀྱི་གནས་ཚུལ་འགྲོ་སྟངས་འདི་གྲས་ཀྱི་ཐོག་ནས་འགྲེལ་བཤད་ཅིག་རྒྱག་གི་ཡོད་པ་དེ་རྣམས་ལའང་ཉམས་ཞིབ་བྱས། ཕྱོགས་ཚང་མའི་གནས་ཚུལ་ལ་བརྟག་དཔྱད་དང་ཉམས་ཞིབ་མཐིལ་ཕྱིན་པ་བྱས་ཏེ། ང་ཚོས་རིམ་པས་ལམ་སྟོན་གསལ་པོ་ཞིག་བྱས་ན་བྱེད་ཨེ་ཐུབ་བསམ་གྱི་འདུག འདི་དངོས་གནས་གལ་ཆེན་པོ་ཞིག་དང༌། ཛ་དྲག་གི་གནས་ཚུལ་ཞིག་ཡིན་སྟབས། ཚོགས་འདུ་ཞིག་ཚོགས་ནས་ལག་ལེན་སྐོར་གྱི་དཀའ་ངལ་སེལ་ཕྱོགས་དང༌། དེ་དང་ཆབས་ཅིག་རྩ་བའི་བསམ་བློ་གཏོང་ཕྱོགས་ཀྱི་སྐོར་འདི་ཚོའི་གྲས་གོ་བསྡུར་བྱེད་རྒྱུ་དང༌། བསམ་བློ་གཏོང་རན་པ་མིན་ནམ་ཞེས་ཁ་སང་སྐད་ཆ་བྱུང༌།
   རྩ་བའི་ང་ཚོའི་ཤེས་རིག་སྲུང་སྐྱོབ་གཏིང་རིང་པོའི་ཆ་ནས་བསམ་བློ་གཏོང་ཕྱོགས་ཀྱི་སྐོར་རྗེས་སུ་ཚོགས་འདུ་འཚོག་རྒྱུ་དང༌། སྔོན་ལ་སློབ་གྲྭ་ཁག་བཙུགས་ནས་ཚུགས་པ་དང༌། འཛུགས་མུས་སུ་ཡོད་པ་དེ་རྣམས་ཀྱི་དཀའ་ངལ་སེལ་ཕྱོགས་སྐོར་ལ་གོ་བསྡུར་བྱ་རྒྱུ་བཅས་ཁག་གཉིས་སུ་བགོས་ཏེ། དེ་རིང་འདིར་སློབ་གྲྭ་ཡོད་བཞིན་པའི་ནང་དཀའ་ངལ་སེལ་ཕྱོགས་སྐོར་ལ་ཚོགས་པ་རེད།
   དེ་ལ་ངས་སློབ་གྲྭའི་འཕྲལ་སྒང་གི་དཀའ་ངལ་སེལ་ཐབས་སྐོར་ལ་གོ་བསྡུར་བྱེད་གཞི་ཟེར་ནའང་རུང༌། རྩ་བའི་ང་ཚོའི་ཤེས་ཡོན་དང་འབྲེལ་བ་ཡོད་པའི་སྐོར་ལ་ང་རང་གི་བསམ་ཚུལ་གང་ཡོད་ཞུས་པ་ཡིན། ངས་ཞུས་པའི་ནང་ལ་ཡང་དག་པ་ཡོད་ལ། ཡང་མ་དག་པ་ཡང་ཡོད། འདི་ལ་ཁྱེད་རང་ཚོས་ངེས་པར་དུ་དགོངས་པ་བཞེས།
   ང་ཚོས་རྩ་བའི་བསམ་བློ་གཏོང་ཕྱོགས་དེ་གཞི་རྒྱ་ཆེན་པོ་ཞིག་གི་ཐོག་ནས་དགོངས་པ་བཞེས་ཐུབ་ན་དྲན་གྱི་འདུག གནས་ཚུལ་འདི་སྐོར་ང་རང་ཚོ་བོད་པའི་ཤེས་ཡོན་གཅིག་པུ་ཡོད་པའི་མིའི་ཀླད་པས་འདང་ཐབས་མེད། ཕྱི་རྒྱལ་གྱི་ཤེས་ཡོན་གཅིག་པུ་ཡོད་པའི་མིའི་ཀླད་པས་ཀྱང་ཕལ་ཆེར་འདང་ཐབས་ཨེ་ཡོད་སྙམ། ང་ཚོས་འདི་ཉིན་གཅིག་ལ་གོ་བསྡུར་བྱས་ནས་བཟོ་ལྟ་ཆགས་ཐུབ་རྒྱུ་ཕལ་ཆེར་ཁག་པོ་རེད། ཡིན་ནའང་ཚང་མས་དོ་སྣང་བྱས། བསམ་བློའི་ནང་ལ་བཞག་ནས་དེང་སང་འཛམ་གླིང་གི་དངོས་པོ་ཡར་རྒྱས་ཕྱིན་པའི་དུས་རབས་ཉི་ཤུ་པ་འདིའི་གནས་ཚུལ་ལ་གཞིགས་པས། ནང་བསམ་བློའི་ཡར་རྒྱས་གང་འདྲ་བྱས་ནས་གཏོང་ཐུབ་ཀྱི་འདུག གང་འདྲ་བྱས་ནས་ང་ཚོས་ལམ་ཕྱོགས་སྟོན་ཐུབ་ཀྱི་འདུག འདི་ནི་ང་ཚོས་སྦུག་སྲུབ་དོག་པོ་བྱས་པ་མིན་ལ། ལྐུགས་པ་ཨུ་ཚུགས་བྱས་པ་ཡང་མིན། རྒྱ་མིའི་སྐད་ཆ་ལྟར་མི་རིགས་གུ་དོག་རིང་ལུགས་ཀྱི་བསམ་བློ་བཏང་བ་ཡང་མིན། ང་ཚོ་འཛམ་གླིང་འདིའི་སྒང་གི་མི་ཡིན་སྟབས༌། མིས་མི་ལ་བྱུས་གཏོགས་བྱེད་པ་བབ་འོས་ཡིན། ཤེས་སོང་ངམ། འདི་ལ་དགོངས་བཞེས་གནང༌། ཚང་མས་སེམས་ལ་བཞག ཤེས་རིག་སྐོར་ལ་ཁུར་དང་དོ་སྣང་ལས་འགན་འཁྲི་མཁན་ཚོས་བསམ་བློ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མིན་ནམ་སྙམ། རིམ་པ་བཞིན་སོ་སོའི་ཉམས་མྱོང་དང༌། དེ་འདྲའི་གནས་ཚུལ་བརྟག་དཔྱད་མང་པོ་ལོ་བསྟུད་ནས་བྱས་པའི་མཇུག་ལ་གཅིག་བྱས་ན་ལམ་སྟོན་ཡག་པོ་དེ་འདྲ་ཏན་ཏན་ཡོང་སྲིད་ཀྱི་རེད། དེ་འདྲ་ཞིག་བྱུང་ན་བསམ་པའི་རེ་བ་ཡོད།

ཅི་མཛད་ལེགས་མཐོང་གི་སྒང་ལ་ཕྱིན་ན། ང་ཚོའི་ལས་ཀ་དེ་མགོ་རུལ་སྣ་བས་མ་ཚོར་བ་ཡོང་རྒྱུ་ཐག་ཆོད།

   སྔོན་མ་ང་ཚོ་སློབ་གྲྭ་ཚུགས་པའི་སྐབས་ལ་ཡིན་ན། སྔོན་ལ་འགྲོ་ལུགས་འགྲོ་སྟངས། སློབ་གྲྭའི་སྒྲོམ་ལྟ་བུ་དེ་མ་ཆགས་པའི་དཀའ་ངལ་ཁོ་ནའི་དོན་དུ་འགོར་བ་རེད། ད་ཆ་དེའི་ངོ་བོ་དེ་བརྗེས་ནས་རྩ་བའི་བསམ་བློའི་ལམ་སྟོན་བྱེད་ཕྱོགས་དེ་གང་འདྲ་ཞིག་གི་ཐོག་ལ་འགྲོ་དགོས་ཀྱི་འདུག ད་ལྟ་བར་བསམ་བློའི་ལམ་སྟོན་བྱེད་ཕྱོགས་དེས་འདང་གི་འདུག་གམ་མི་འདུག ལྟ་བའི་དུས་སྐབས་རིམ་པ་གཉིས་པ་ལྟ་བུ་དེར་ཕལ་ཆེར་སླེབས་ཀྱི་མེད་དམ་བསམ་གྱི་འདུག དེ་ནི་གཏིང་རིང་པོ་ཡིན་པས་གོང་དུ་ཞུས་པའི་གནས་ཚུལ་དང་འབྲེལ་བ་ཡོད།
   ང་ཚོ་བོད་པའི་ཕྲུ་གུ་ཚོ་གཞི་ནས་བསམ་བློའི་ཚད་མཐོ་རུ་ཕྱིན་ནས་གནས་ཚུལ་མང་པོ་མཐོང་གི་ཡོད་པ་རེད། ལོ་གཅིག་མ་སུ་རི་ལ་ཕྱིན་པའི་སྐབས་སུ་ཕྲེང་རིང་ཁོ་རང་གཉིས་དང་སྐད་ཆ་བྱུང་དོན། ད་ཆ་ཕྲུ་གུ་ཚོ་འཚར་ལོངས་གང་འཚམ་ཡོང་དུས་བོད་ཀྱི་དེ་སྔའི་སྤྱི་ཚོགས་ཀྱི་གནས་ཚུལ་དང༌། བོད་ལུང་པ་འཐུས་ཤོར་འགྲོ་གཞི་ཆོས་ཀྱི་ཐོག་ལ་མགོ་འཁོར་ནས་བྱུང་བ་ཡིན་ནམ་ཞེས་དྲི་བ་ཁྱད་མཚར་པོ་དེ་འདྲ་ཡོང་གི་འདུག་པས། ངས་ཕྲུ་གུ་རྒན་པ་ཚོར་ཐུག་ན་ཞེས་སྐད་ཆ་བྱུང་དོན་ལྟར་ཕྲུ་གུ་རྒན་པ་ཚོར་ཟུར་དུ་ཐུག་པ་ཡིན། དེ་ཚོ་དངོས་གནས་རླབས་ཆེན་རེད། ང་ཚོར་རླབས་ཆེན་གྱི་མེ་ཏོག་གཞི་ནས་ཤར་གྱི་ཡོད་པ་དེ་ཡག་པོ་རེད། ང་དེ་དུས་ཧ་ཅང་དགའ་པོ་བྱུང༌།
   སོ་སོའི་རང་སྟོབས་ཀྱིས་དགེ་སྐྱོན་ལ་བརྟག་ཞིབ་བྱེད་མཁན་བྱུང་ན། དེ་རིགས་དང་ང་ཚོ་གཤིབས་གཏུགས་བརྒྱབ་ནས་རྩོད་པ་བརྩད་དེ་བརྡར་ཤ་བཅད་པའི་རྗེས་ལ། ང་ཚོས་ཐག་གཅོད་བྱས་པ་རྣམས་བསྲེགས་བཅད་བརྡར་བའི་གསེར་བཞིན་ཆགས་པ་རེད། དེ་མ་གཏོགས་ྋརྒྱལ་བ་རིན་པོ་ཆེའི་བཀའ་རེད་ཟེར་བ་དང༌། ཅི་མཛད་ལེགས་མཐོང་ཟེར་བ། སངས་རྒྱས་ཀྱི་བཀའ་རེད་ཟེར་བ་ལྟ་བུ། བཀའ་ཕེབས་བཞིན་དང༌། བཀའ་གནང་རང་ཞེས་པའི་སྐད་ཆ་དེ་ཚོའི་སྒང་ལ་ཕྱིན་པ་ཡིན་ན། ང་ཚོའི་ལས་ཀ་དེ་མགོ་རུལ་རྣ་བས་མ་ཚོར་བ་ཞིག་ཡོང་རྒྱུ་ཐག་ཆོད་པ་མ་གཏོགས་ཁྱོན་ནས་ཡག་པོ་མི་འདུག
   ང་ཚོ་ཡང་ཡང་ཚོགས་འདུར་སྐད་ཆ་ཡོང་གི་འདུག ཅི་མཛད་ལེགས་མཐོང་ཟེར་བའི་སྐད་ཆ་དེ་དུག་རང་རེད། ང་ཚོ་ཡར་རྒྱས་འགྲོ་དགོས་པ་དང༌། ང་ཚོ་དེང་སང་འཛམ་གླིང་འདིའི་སྒང་ལ་ཆབ་སྲིད་ཀྱི་ལས་ཀ་དང་དངོས་ཡོད་གནས་ཚུལ་གྱི་ལས་ཀ་བྱེད་མཁན་ཞིག་ཡིན་ན་ཅི་མཛད་ལེགས་མཐོང་ཟེར་བའི་སྐད་ཆ་དེ་དུག་རེད། ཧ་ཅང་ཉེན་ཁ་ཆེན་པོ་རེད། ད་ཆ་ཉེན་ཁ་དེ་སེལ་གྱི་ཡོད་པ་རེད། དངོས་གནས་རང་སྟོབས་ཀྱི་བསམ་བློ་གཏོང་བའི་ནུས་པ་ཞིག་སླེབས་པ་དེ་ཧ་ཅང་རྩ་ཆེན་པོ་རེད།
   དེ་དུས་མ་སུ་རི་ལ་ཕྲུ་གུ་ཚོར་ཐུག འགྲེལ་བཤད་བྱེད་རྒྱུ་བྱུང༌། ངས་ལེགས་པོ་མི་ཤེས་ཀྱང༌། ང་རང་གི་བསམ་ཚུལ་རྣམས་བཤད་པ་ཡིན།
   དེ་བཞིན་དེ་རིང་དེ་ནས་འཕྲོས་པའི་སྐད་ཆ་སྣོན་མ་ལྟ་བུ་ཆགས་སོང་སྟེ། དཔེར་ན། ཟླ་བ་ནོར་བུའི་བསམ་བློ་ལྟ་བུ་ཡིན་ན། དངོས་གནས་དགའ་བསུ་ཞུ་དགོས་པའི་བསམ་བློ་ཧ་ཅང་གི་རླབས་ཆེན་པོ་རེད། བོད་པ་ཞིང་པ་སྐྱོ་པོའི་ཕྲུ་གུ་ཞིག་གི་སོ་སོས་སློབ་སྦྱོང་བྱས། གཞི་ནས་བསམ་བློའི་ཚད་གང་འཚམ་སོན་ནས་གཏིང་རིང་པོའི་བསམ་བློ་བཏང་སྟེ་སྐད་ཆ་བཤད་ཡོང་དུས་ཧ་ཅང་རྩ་བ་ཆེན་པོ་མཐོང་གི་འདུག སྐབས་རེར་བཀའ་ཤག་ལའང་སྐད་ཆ་བྱུང༌། ཟླ་བ་ནོར་བུ་དང་ཟུར་དུ་ཐུག་འཕྲད་བྱས་ཏེ་ངས་བསྔགས་བརྗོད་བྱེད་རྒྱུ་བྱུང༌། ཧ་ཅང་ཡག་པོ་རེད། རླབས་ཆེན་རེད། འདི་འདྲ་ཞིག་བྱུང་ན་བསམ་ནས་བསྡད་ཡོད། བསམ་ཕོད་པ་དང་ཤོད་ཕོད་པ། བྱེད་ཕོད་པ་དགོས་ཞེས་ངས་རྒྱུན་དུ་ཤོད་དོན་དེ་རེད། ད་དངོས་གནས་ང་ཚོར་མེ་ཏོག་ལྟ་བུ་ཤར་ཡོང་གི་ཡོད་རེད།
   འོ་དེ་འདྲ་ཞིག་གི་དུས་ཚོད་ལ་སླེབས་ཀྱི་ཡོད་པ་ཡིན་སྟབས། འགོ་བྱེད་མཁན་ཚོས་ཡིན་ན་ཡང༌། ང་འགོ་བྱེད་མཁན་ཡིན་པས་ངས་ལབ་པ་དེ་ཁོང་ཚོས་ཉན་དགོས། མ་ཉན་ན་མི་འགྲིགས། ཁོང་ཚོ་མ་ཉན་རང་ཉན་རེད་བསམ་པ་དང༌། ངས་མཛུབ་མོ་གར་བསྟན་ཤར་བརྩི་གི་རེད་བསམ་པའི་ཐོག་ནས་ཟོམ་འཇོག་དང༌། ལྷོད་ཡངས་སུ་ཕྱིན་པ་ཡིན་ན། དངོས་གནས་དྲང་གནས་བོད་སྤྱི་པའི་དོན་དག་ཕུང་ལ་སྦྱོར་གྱི་རེད། འདིའི་དུས་ཚོད་དེ་ཡོལ་ནས་སློབ་ཕྲུག་ཚོའི་ནང་ནས་མིའི་ནུས་པ་འདི་ལྟར་སླེབས་ཡོང་དུས་ཧ་ཅང་ཡག་པོ་རེད། དཔེ་མི་སྲིད་པའི་རྩ་བ་ཆེན་པོ་མཐོང་གི་འདུག འདི་འདྲ་ཡིན་སྟབས་ལས་ཀ་བྱེད་མཁན་དང༌། སྒང་ནས་བསམ་བློའི་ལམ་སྟོན་བྱས་ནས་འགོ་འཁྲིད་མཁན་ཚོར་དེ་ལ་དཔག་པའི་འཁུར་འགན་སླེབས་ཡོད་པ་དང༌། དེ་ལ་དཔག་པའི་གཟབ་གཟབ་བྱེད་དགོས་པའི་དུས་ཚོད་ལ་སླེབས་ཡོད། དེ་ཚོར་ངེས་པར་དུ་བསམ་བློ་གཏོང་དགོས་ཀྱི་འདུག
   དཔེར་ན། ཕྱི་རྒྱལ་ཁག་ལ་སྔོན་མ་ནས་ཡིན་ན་དགེ་རྒན་ཚོས་སློབ་སྦྱོང་སྤྲོད་དུས། སློབ་ཕྲུག་ཚོས་དགེ་རྒན་གྱི་བཀོད་འདོམས་དེ་གའི་འོག་ཏུ་ཤར་བསྐྱོད་འགྲོ་གི་ཡོད་ནའང༌། དེང་སང་སློབ་ཕྲུག་ཚོ་དབང་དང༌། སྤོབས་པ་ཆེན་པོ་ཆགས། དགེ་རྒན་ལ་བརྩི་མེད་བྱས་ནས་དགེ་རྒན་མང་པོ་ཁག་པོ་བྱེད་ཀྱི་འདུག་ཟེར་མཁན་འདུག གཅིག་བྱས་ན་སྡུག་ཅག་ཁྲིམས་མེད་ལུགས་མེད་བྱེད་མཁན་ལྟ་བུ་ཡོད་ཀྱང། གཅིག་བྱེད་དུས་དངོས་ཡོད་གནས་ཚུལ་དེ་འདྲ་ཆགས་ཡོང་གི་ཡོད་པ་རེད། ང་རང་ཚོ་བོད་པའི་ནང་ལ་འཁྲུག་ཆ་དོད་པོ་དེ་འདྲ་མེད་ན་འང༌། བཟོ་ལྟ་དེ་འདྲ་ཡོང་གི་ཡོད་པ་ཡག་པོ་རེད། དེ་འདྲའི་དུས་ཚོད་གཉན་འཕྲང་ཞིག་གི་སྒང་དུ་སླེབས་ཡོང་གི་ཡོད་པས། ཚང་མས་ངས་སློབ་གྲྭའི་ནང་ལས་ཀ་འདི་ལྟར་བྱེད་ཀྱི་ཡོད་ཅེས་ལས་བསྡོམས་ཞུས་པ་ལྟ་བུ་མ་ཡིན་པར་སོ་སོས་ན་ཚ་ཚང་མ་མཉམ་དུ་འཁྱེར་ནས། སྤྱིར་འགྲོ་བ་མིའི་རིགས་ཀྱི་ཞབས་ཕྱི་ཞུ་རྒྱུ་དང༌། བྱེ་བྲག་བོད་མི་རིགས་ཀྱི་ཞབས་ཕྱི་ཞུ་རྒྱུ། ཡང་སྒོས་དུས་གཉན་འཕྲང་ཞིག་ལ་སླེབས་པའི་གནས་ཚུལ་ཚང་མར་དགོངས་པ་བཞེས་པའི་ཐོག་ནས། རྡོ་དོན་ང་ཚོར་ཁ་ཡོད་ལག་ཡོད། ཕུགས་རྒྱང་རིང་པོའི་བསམ་བློའི་ལམ་སྟོན་ལ་ཕན་པའི་སློབ་སྟོན་ཡག་པོ་ཞིག་བྱེད་ཐུབ་ན་ཡག་པོ་མིན་ནམ་སྙམ་པ་འདུག
   འདི་གཞི་ལ་བཞག་པའི་ལག་ལེན་གང་འདྲ་བྱེད་དགོས་ཀྱི་འདུག ཁ་ཤས་ནི་ལམ་སང་ལམ་སང་ལག་ལེན་འཁེལ་ཐུབ་པ་ཡོང་གི་རེད། ཁ་ཤས་ནི་རིམ་བཞིན་མ་གཏོགས་ལམ་སང་ལག་ལེན་མི་ཐུབ་པ་ཡང་ཡོང་གི་རེད། དེ་ནི་གནས་ཚུལ་ཁག་ཁག་རེད། དངོས་ཡོད་ཐོག་ལ་མ་འགྲུབ་ན་དེ་ག་རེད། འགྲུབ་ཚོད་དེ་ལག་ལེན་བྱེད་དགོས། ངས་སྐད་ཆ་མང་དྲགས་པ་དང༌། ནོར་འཁྲུལ་བྱུང་ཡོད་ན་དགོངས་དག ཅེས་བཀའ་སློབ་སྩལ།། །།

མདུན་ཤོག