༄༅། །དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཚོགས་བཅར་བ་ཡོངས་ལ་སྩལ་བའི་བཀའ་སློབ།

(ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༣ ཉིན།)

ལྟོ་གོས་འགྲིག་ཙམ་དང་ཕྲུ་གུ་སློབ་གྲྭར་གཏོང་ཐུབ་ཙམ་གྱིས་བསམ་བློ་གཏོང་རྒྱུ་མེད་པར་ང་ཚོའི་མཇིང་པའི་སྟེང་ལས་འགན་ཞིག་ཡོད།

    དེ་རིང་ངས་འདིར་བཤད་རྒྱུ་གཙོ་བོ་ནི་ང་རང་ཚོ་བཙན་བྱོལ་ལ་ཡོང་ནས་མི་ལོ་ལྔ་བཅུ་འཁོར་ཉེར་ཡོད། ང་རང་ལ་ཆ་བཞག་ན་ཕྱི་ལོ་༡༩༥༩ ལོའི་ཟླ་༣ ཚེས་༡༧ མཚན་མོ་ལྷ་སའི་ཆུ་ཚོད་༡༠ པའི་ཐོག་ནོར་བུ་གླིང་ཁ་ནས་བྲོས་ཡོང་བ་ཡིན། དེ་ནི་ང་ཚོས་ནོར་འཁྲུལ་གྱི་ལས་ཀ་བྱས་ནས་བྲོས་ཡོང་བ་དང༌། ཡང་ན་ནོར་གླིང་ལ་ས་ཡོམ་ལྟ་བུའི་འབྱུང་བའི་གནོད་འཚེ་ཡོང་རྒྱུ་ལས་གཡོལ་ཏེ་བྲོས་ཡོང་བ་མིན། འོ་ན་ཇི་ལྟར་ཡིན་ཞེ་ན། ང་ཚོས་རྒྱ་ནག་གཞུང་དང་མཉམ་དུ་མི་ལོ་དགུའི་རིང་མེས་ཚིག་མེར་གཏུག་གི་ཐབས་ཤེས་གང་ཡོད་བྱས་ཀྱང་ཕན་འབྲས་མ་བྱུང་སྟབས་ཐབས་ཤེས་གཞན་མེད་པའི་གནས་ཚུལ་འོག་བྲོས་ཡོང་བ་ཡིན། སྐབས་དེ་དུས་བོད་མི་བཙན་བྱོལ་བ་ཁྲི་ཁ་ཤས་རྒྱ་གར་ལ་འབྱོར་ཡོད། དེ་རྗེས་རྒྱ་གར་དུ་ང་ཚོའི་རྟེན་གཞི་ཞིག་ཆགས་ཡོད་པ་དང༌། བོད་ནས་རིམ་པས་བཙན་བྱོལ་དུ་ཡོང་མཁན་མང་དུ་སོང་ཞིང། ལྷག་པར་ལོ་རབས་བརྒྱད་ཅུ་པ་ནས་བཟུང་མི་མང་པོ་ཞིག་འབྱོར་ཡོད། ང་ཚོ་བཙན་བྱོལ་ལ་ཡོང་དགོས་པའི་རྒྱུ་མཚན་དང་དེའི་དཀའ་ངལ་ད་དུང་ཡང་ལྷག་བསྡད་ཡོད། དེར་བརྟེན་ང་ཚོ་བཙན་བྱོལ་དུ་ཡོད་པ་རྣམས་ཀྱིས་སོ་སོའི་ལྟོ་གོས་འགྲིག་ཙམ་དང་ཕྲུ་གུ་སློབ་གྲྭར་གཏོང་ཐུབ་ཙམ་གྱིས་བསམ་བློ་གཏོང་རྒྱུ་མེད། ང་རང་ཚོ་བཙན་བྱོལ་ལ་ཡོང་བའི་ཉིན་དང་པོ་ནས་བཟུང་ང་ཚོའི་མཇིང་པའི་སྟེང་ལས་འགན་ཞིག་ཡོད་པ་དེ་དག་བསྒྲུབ་རྒྱུ་ང་ཚོའི་ལས་འགན་ཆགས་ཡོད། དེ་ནི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན།
    དེ་ཡང་ང་རང་ཚོ་བཙན་བྱོལ་བ་རྣམས་རང་དབང་ལུང་པའི་ནང་བསྡད་ཡོད་པར་བརྟེན་གཞིས་ལུས་བོད་རྒྱ་ཆེའི་མི་མང་གི་མགྲིན་ཚབ་པ་བྱེད་དགོས་པ་ཡིན། ངོས་རང་ལ་ཆ་བཞག་ན་དུས་རྟག་ཏུ་གཞིས་ལུས་རྒྱ་ཆེའི་མི་མང་གི་མགྲིན་ཚབ་པ་ཡིན་ཞེས་བརྗོད་ཀྱི་ཡོད། ང་རང་ཚོ་རང་དབང་ལུང་པའི་ནང་ཡོད་པ་རྣམས་ཀྱིས་གང་ཞིག་བྱེད་ཐུབ་པ་འདུག་དེའི་ཐད་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེ་ཡིན།
དཔེར་ན། བོད་རྒྱ་འབྲེལ་བའི་སྐོར་ལྟ་བུ་ཆ་བཞག་ན། དེ་ནི་ང་ཚོ་གཅིག་པུའི་ལག་ཏུ་ཡོད་པ་ཞིག་མིན། རྒྱ་ནག་གཞུང་ཕྱོགས་ཀྱི་བསམ་བརྗོད་ལ་ཧ་ཅང་ལྟོས་ཏེ་ཡོད། ང་རང་ཚོ་བཙན་བྱོལ་ནང་ལས་ཀ་བྱེད་རྒྱུ་དེ་དག་སུ་ཞིག་ལ་བསྟུན་དགོས་མེད། སོ་སོས་འཇོན་ན་བྱེད་ས་ཡོད་པ་ཡིན། འཛམ་གླིང་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད། ང་རང་ཚོས་འཆར་གཞི་བཟོ་རྒྱུ་དང་ལས་ཀ་སྤུས་དག་བྱ་རྒྱུའི་ལས་འགུལ་བརྩམས་ན་རོགས་རམ་བྱེད་མཁན་ཕལ་ཆེར་ཡོད་པ་ཡིན། དེར་བརྟེན་ངོས་ནས་འདས་པའི་ལོ་ལྔ་བཅུའི་གནས་ཚུལ་ལ་ཕྱི་མིག་བལྟས་ཏེ། འདི་ལོ་བོད་ཕྲུག་ཁྱིམ་སྡེའི་ལོ་འཁོར་དུས་ཆེན་ཐོག་གསལ་པོ་བརྗོད་ཡོད། དེ་རིང་འདི་གར་ཕྱོགས་མཐའ་ནས་མི་མང་པོ་ཞིག་འཛོམས་ཡོད་སྟབས་བསྐྱར་ཟློས་བྱ་འདོད་བྱུང༌།

ལས་རིགས་གང་ཅིའི་རིགས་གཅིག་རྐང་འཛིན་པ་ཕྱི་མི་ཚོ་དང་རྐུབ་སྟེགས་འདྲ་མཉམ་དུ་སྡོད་ཐུབ་མཁན་དེ་འདྲ་ཐོན་པ་བྱེད་དགོས།

    སྔོན་ལ་རིམ་པ་དང་པོ་ཤེས་ཡོན་གྱི་སྐོར་ཡིན། ༡༩༥༩ ལོར་ང་རང་ཚོ་བཙན་བྱོལ་ལ་ཡོང་ནས་ལོ་གཅིག་ནང་ཚུད་དུ་མ་སུ་རིར་སློབ་གྲྭ་དང་པོ་དེ་བཙུགས་པ་ཡིན། སྐབས་དེ་དུས་དགོན་པ་དང་ལྷ་ཁང་བཞེང་རྒྱུའི་གྲོས་དང་དོ་སྣང་ཙམ་ཡང་མེད། ཐོག་མར་རྒྱ་གར་གཞུང་ནས་སློབ་གཉེར་གྱི་ཆེད་དགེ་འདུན་པ་སུམ་བརྒྱ་སྦག་སར་བཞག་པ་གནང་ཡོད། དེ་རྗེས་ང་ཚོས་སུམ་བརྒྱ་ཉུང་དྲགས་པས་མང་ཙམ་འཇོག་ཐབས་ཡོང་བ་བརྗོད་པར་བརྟེན་ཆིག་སྟོང་ལྔ་བརྒྱ་བར་སྤར་ཡོད། གནས་ཚུལ་དེ་ཙམ་ལས་གཞན་ང་ཚོས་གཙོ་བོ་སློབ་གྲྭ་འཛུགས་རྒྱུར་ཤུགས་བརྒྱབ་པ་ཡིན། སྐབས་དེར་ང་ཚོས་བོད་དོན་འཛམ་གླིང་རྒྱལ་ཚོགས་ལ་ཞུ་རྒྱུའི་སྐོར་པཎྜིཏ་ནེ་ཧེ་རུར་བཀའ་སློབ་ཡོང་བ་ཞེས་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ཐེངས་འགའ་ཤས་བྱུང༌།
    ཐེངས་ཤིག་ང་ཚོས་ཁོང་ལ་བོད་དོན་རྒྱལ་ཚོགས་ལ་ཞུ་རྒྱུ་དེས་འཕྲལ་དུ་ཕན་གནོད་ཀྱི་ཐག་གཅོད་ཅིག་ཡོང་རྒྱུའི་རེ་བ་བྱེད་ཀྱི་མེད། དེ་ནི་བོད་དོན་མུ་མཐུད་གནས་པའི་དོན་དུ་ཡིན། ཞེས་ཞུས་པ་ཡིན། དེ་རྗེས་ང་ཚོ་གོ་བསྡུར་བྱེད་སྐབས་ཤིག་ལ་པཎྜིཏ་ནེ་ཧེ་རུས་བོད་དོན་མ་བརླག་པར་མུ་མཐུད་གནས་པའི་ཐབས་ཤེས་གཙོ་བོ་བོད་རིགས་གཞོན་སྐྱེས་དེ་དག་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་གསུངས་བྱུང༌། དེ་རྗེས་ང་ཚོས་བོད་པའི་སློབ་ཕྲུག་རྣམས་ལ་དེང་དུས་ཤེས་ཡོན་དང་ཆབས་ཅིག་བོད་ཀྱི་སྐད་ཡིག་དང༌། ཆོས་དང་རིག་གཞུང་མཉམ་དུ་བསླབ་དགོས་པ་ཡིན་སྟབས་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་རྒྱུའི་བསམ་འཆར་ལ་པཎྜིཏ་ནེ་ཧེ་རུས་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་གནང་བ་དང་འགྲོ་སོང་ཚང་མ་རྒྱ་གར་གཞུང་ནས་འགན་བཞེས་ཡོད།
    སྐབས་དེའི་ཤེས་རིག་བློན་ཆེན་ཤྲི་མ་ལི་ཞུ་མཁན་ཞིག་ཡོད། དེ་ལྟར་པཎྜིཏ་ནེ་ཧེ་རུས་དམིགས་བསལ་གྱིས་ཐུགས་ཁུར་བཞེས་ཡོད། དེ་རྗེས་སློབ་ཁྲིད་ཀྱི་སྐད་ཡིག་(Medium of Instruction)གདམ་ཀ་བྱེད་ཕྱོགས་ཐད་ཁ་ཤས་ཀྱིས་ཧིན་དི་ཡག་པའི་བསམ་འཆར་བྱུང། ངོས་ནས་ནེ་ཧེ་རུ་མཆོག་ལ་གང་ལེགས་བཀའ་འདྲི་ཞུས་པར་ཁོང་ནས་ཨིན་ཡིག་ཡག་པོ་ཡོད། ཨིན་ཡིག་ནི་རྒྱལ་སྤྱིའི་སྐད་ཡིག་ཡིན་ཞེས་གསུངས་བྱུང༌། ༡༩༥༩-༡༩༦༠ ལོ་ནས་བཟུང་ང་ཚོས་སློབ་གྲྭ་འཛུགས་རྒྱུ་དང་ས་གནས་སུ་གཞིས་སྒར་འཛུགས་རྒྱུའི་ལས་འགུལ་ཐོག་ཤུགས་གང་ཡོད་བརྒྱབ་ཡོད། དེ་ནས་ལོ་ཉི་ཤུ་སོང་བའི་མཚམས་སུ་ངོས་ཀྱིས་ད་ཆ་ང་ཚོར་རྐང་པ་འཛུགས་ས་བྱུང་ཡོད་ལ་སློབ་གྲྭ་ཡང་གང་འཚམ་བཙུགས་ཡོད། ད་ཆ་དེ་དག་སྤུས་དག་ཏུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་འདུག དེ་བཞིན་བོད་ཕྲུག་ནང་ལ་སློབ་ཐོན་ལག་འཁྱེར་ཡོད་པ་ཙམ་གྱིས་མི་འགྲིགས། རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཐོན་དགོས་ཀྱི་འདུག ཅེས་འབོད་སྐུལ་རིམ་པས་བྱས་པ་ཡིན། དེ་ལྟར་འབོད་སྐུལ་བྱས་ནས་ད་བར་ལོ་སུམ་ཅུ་ཕྱིན་སོང༌། འབོད་སྐུལ་བྱས་པ་ལྟར་གྱི་གྲུབ་འབྲས་ཡག་པོ་ཞིག་ཐོན་སོང་བསམ་པ་དྲན་གྱི་མི་འདུག
    ཁ་སང་ངོས་ནས་བོད་ཕྲུག་ཁྱིམ་སྡེར་བརྗོད་རྒྱུ་བྱུང༌། འཛམ་གླིང་འདིའི་སྟེང་བཙན་བྱོལ་བ་མང་པོ་ཡོད་པའི་ནང་ནས་བོད་པ་བཙན་བྱོལ་བ་ཚགས་ཚུད་ཤོས་དང་གྲ་འགྲིག་ཤོས་རེད་ཅེས་མང་པོས་ཤོད་ཀྱི་ཡོད། བཟང་པོའི་ཕྱོགས་དེ་དག་མི་གཞན་ཚོར་ཤོད་དུ་བཅུག ང་རང་ཚོ་འགན་ཡོད་པ་རྣམས་ཀྱིས་ནོར་འཁྲུལ་ཡོད་ས་དང་འཐུས་ཤོར་འགྲོ་ས་དེ་དག་བསམ་བློ་གཏོང་དགོས་པ་ཡིན། དེར་བརྟེན་ཤ་ཚའི་ཁ་ན་གཏམ་སྙན་མེད། ཅེས་པ་བཞིན་ང་རང་ཚོས་སྡུག་པའི་ཆ་དེ་དག་བཤད་རྒྱུ་གལ་ཆེན་པོ་འདུག འགྲིག་ཡོད་ཡག་པོ་ཡོད་མདོག་མདོག་བྱས་ན་ཕན་ཐོགས་མེད། དེར་བརྟེན་དེ་རིང་ངོས་ནས་མ་འགྲིག་པ་དེ་དག་ཤོད་ཀྱི་ཡིན།
    ང་རང་ཚོ་འགན་ཡོད་མཁན་ཚོས་མ་འགྲིག་པ་དེ་དག་བཤད་རྒྱུ་གལ་ཆེ་བའི་བསམ་ཚུལ་འདི་ཕྱི་ལོ་༡༩༥༧ ལོར་ང་ཚོས་ལག་ལེན་དུ་བསྟར་འགོ་ཚུགས་པ་ཡིན། དེ་ཡང་༡༩༥༦ ལོར་རྒྱ་གར་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་༢༥༠༠ འཁོར་བའི་དུས་དྲན་ལ་ཡོང་སྐབས་པཎྜིཏ་ནེ་ཧེ་རུ་དང་ལྷན་དུ་བཀའ་མོལ་མང་པོ་ཞིག་བྱུང་ཞིང་ཁོང་ནས་བོད་ལ་ཕྱིར་ལོག་བྱས་ཏེ་བོད་ནང་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་པར་མ་ཟད། སྐབས་དེར་ནེ་ཧེ་རུས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཡིག་ཆ་ཕྱག་ཏུ་བསྣམས་པ་དེའི་གནད་འགག་ཡོད་སར་རྟགས་ཀྱང་བསྐྱོན་འདུག ངོས་ལ་གྲོས་མཐུན་གྱི་དོན་ཚན་དེ་དང་དེའི་ཐོག་ལ་ཤུགས་རྒྱག་དགོས་ཞེས་གསུངས་མྱོང༌། དེ་ལ་བརྟེན་ནས་ང་རང་གྲོ་མོར་འབྱོར་རྗེས་རྒྱ་བོད་ཀྱི་ལས་བྱེད་ཚོར་ཐུག་དུས་ངས་ཁོང་ཚོར་ང་ཚོའི་ལེགས་པའི་ཆ་རྣམས་མི་གཞན་གྱིས་བཤད་ན་འགྲིགས། ང་རང་ཚོ་འགན་འཁྱེར་མཁན་ཚོ་འཛོམས་པའི་སྐབས་ལ་ང་ཚོར་སྐྱོན་ཆ་གང་ཡོད་པ་དེ་དག་ཤོད་དགོས་པ་དང༌། དེའི་ཐད་ང་ཚོས་ཞིབ་ཚགས་ཀྱིས་བསམ་བློ་གཏོང་དགོས་ཞེས་བརྗོད་རྒྱུ་བྱུང༌། དེ་རྗེས་རྒྱལ་རྩེས་མཚོན་པའི་རྒྱ་བོད་མི་སྣ་འཛོམས་ཆེ་ས་ཚང་མར་ངོས་ཀྱིས་དེ་ལྟར་བཤད་ཡོད། རྒྱལ་རྩེར་སྐད་ཆ་ཤོད་དུས་རྒྱ་མིའི་དཔོན་རིགས་དབྱིན་ཕཱ་ཐང་(Yin Fa Tang)ཞེས་བོད་སྐད་ཕྲན་བུ་ཤེས་མཁན་ཞིག་ཡོད།
    སྐབས་དེ་དུས་ནས་ངོས་ཀྱི་བསམ་པར་སྐྱོན་ཆ་སྦས་གསང་མེད་པར་བཤད་ནས་སེལ་ཐབས་བྱེད་རྒྱུ་ང་ཚོའི་ལས་འགན་ཡིན། དེ་མིན་རྒྱ་ནག་གུང་ཁྲན་ཏང་གི་བྱེད་སྟངས་བཞིན་ལེགས་པའི་ཆ་རྐྱང་རྐྱང་བཤད། སྡུག་པའི་ཆ་དེ་དག་ཞི་མིས་བྲུན་ལ་ཐལ་བ་འགེབས་པ་བཞིན་བྱས་ན་དེ་ནི་མང་གཙོའི་འགྲོ་སྟངས་མིན་ལ། དྲང་པོའང་མིན། དེར་བརྟེན་ང་ཚོའི་ཤེས་ཡོན་ཐོག་ཆ་བཞག་ན་འདས་པའི་ལོ་ཉི་ཤུ་དེ་ནི་ང་ཚོ་འཐོམ་སངས་རྒྱུའི་དུས་ཚོད་ཡིན་པ་དང༌། དེ་རྗེས་ཀྱི་འདས་པའི་ལོ་སུམ་ཅུར་ཉེ་བ་དེའི་རིང་ང་ཚོས་ཏན་ཏན་འཐུས་ཤོར་ཕྱིན་ཡོད། དེ་སྐོར་ཁ་སང་བོད་ཕྲུག་ཁྱིམ་སྡེར་གསལ་པོ་བརྗོད་པ་ཡིན། སློབ་གྲྭ་ཐོན་འགྲོ་བའི་སློབ་ཕྲུག་ནང་བོད་ཡིག་དང་ཨིན་ཡིག་གི་གཏོང་ཡིག་ཡག་པོ་འབྲི་ཤེས་མཁན་མི་འདུག་ཅེས་བརྗོད་ཀྱི་འདུག དེ་ནི་ཞབས་འདྲེན་ཡིན།
    དེར་བརྟེན་ད་ཆ་སློབ་སྦྱོང་གི་སྤུས་ཀ་ཡག་ཏུ་གཏོང་ཐབས་གང་འདྲ་བྱེད་དགོས་ཐད་བསམ་བློ་གཏོང་དགོས་པ་ལས། རི་བོང་རྡོ་བརྫུས་ཀྱིས་འགྲིག་ཡོད་བསམ་ནས་སློབ་གྲྭ་ཁག་ལ་བུ་ཕྲུག་སྟོང་ཕྲག་དང་ཁྲི་ཕྲག་ཡོད་པ་དེ་དག་ཡག་པོ་ཡོད་ཅེས་བརྗོད་པ་ཙམ་གྱིས་མི་འགྲིགས། དངོས་ཡོད་ང་ཚོ་བཙན་བྱོལ་བའི་ལས་འགན་སྒྲུབ་ཐུབ་མཁན་ཞིག་ཡོང་གི་འདུག་དང་མི་འདུག་ལ་བསམ་བློ་གཏོང་དགོས་པ་ཡིན། ཁྲིམས་ལུགས་སོགས་ལས་རིགས་གང་གི་ཐོག་རང་རྐྱ་འཕེར་བའི་རིགས་གཅིག་རྐང་འཛིན་པ་དང་ཉམས་ཞིབ་བྱེད་ཐུབ་མཁན་གྱི་མི་བཅུ་བྱུང་ན་དེའི་ཚོད་ཀྱིས་ནུས་པ་ཞིག་ཐོན་རྒྱུ་དང༌། བརྒྱ་ཕྲག་དང༌། སྟོང་ཕྲག་བྱུང་ན་དེ་བས་ནུས་པ་ཆེན་པོ་ཐོན་ཐུབ་རྒྱུ་ཡིན། ང་ཚོ་བོད་པ་བཙན་བྱོལ་བ་འབུམ་གཅིག་ལྷག་ཙམ་ཡོད་པ་དེའི་ནང་ནས་རིམ་པས་ཁྲིམས་ལུགས་སོགས་ལས་རིགས་གང་ཅིའི་རིགས་གཅིག་རྐང་འཛིན་པ་ཕྱི་མི་ཚོ་དང་རྐུབ་སྟེགས་འདྲ་མཉམ་དུ་སྡོད་ཐུབ་མཁན་དེ་འདྲ་ཐོན་པ་བྱེད་དགོས།
    ཁ་སང་བུ་གསོ་ཁང་དུའང་བརྗོད་རྒྱུ་བྱུང༌། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་༥༠ ལ་ཉེ་བ་འགྲོ་གི་ཡོད། རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་མི་བཙན་བྱོལ་དུ་ཡོང་མཁན་མང་པོ་ཞིག་ཕྱི་ལོ་༡༩༨༩ ལོའི་རྗེས་ལ་ཡོང་བ་ཡིན་པས་དེ་ཚོའི་གྲས་མང་པོ་ཞིག་ཨ་མི་རི་ཁའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་ནང་དགེ་རྒན་ཆེན་མོ་(Professor)བྱེད་ཀྱི་འདུག ཨིན་སྐད་ཀྱི་སྒྲ་གདངས་དེ་ཙམ་ཡག་པོ་མི་འདུག་ཀྱང༌། དོན་དུ་ཤེས་ཡོན་སྦྱངས་ཏེ་དགེ་རྒན་ཆེན་མོའི་(Professor)གནས་ཚད་ཀྱི་ཐོག་ནས་ཨ་རིའི་གཙུག་ལག་སློབ་གྲྭ་ཁག་ནང་དགེ་རྒན་བྱེད་མཁན་མང་པོ་འདུག ངོས་དང་ཡང་མང་པོ་ཐུག་འཕྲད་བྱུང༌། ང་ཚོ་བོད་པའི་ནང་དེ་རིགས་གཉིས་གསུམ་ལས་མེད་པ་དེ་ནི་འཐུས་ཤོར་ཡིན།

ང་ཚོས་འགུལ་བསྐྱོད་རྒྱག་དགོས་པ་ལས་མ་བརྒྱབ་པར་ང་ཚོ་འགྲིག་བསྡད་ཡོད་བསམས་ནས་བསྡད་ན་མགོ་རུལ་སྣ་ཡིས་མ་ཚོར་བ་ཡོང་ཉེན་ཡོད།

    ང་ཚོའི་གཞིས་ཆགས་ཁག་ལ་ངས་སྔོན་མ་ནས་འབོད་སྐུལ་བྱས་ཡོད། དེ་ལྟར་བརྗོད་དུས་ཚང་མ་ངས་བྱས་པ་ཡིན་ཟེར་བ་ལྟ་བུ་ཆགས་ཀྱི་འདུག་རུང་ངའི་ངོས་ནས་མི་རྣམས་ལ་གཟབ་གཟབ་བྱེད་དགོས་ཞེས་འབོད་སྐུལ་བྱེད་རྒྱུ་ལས་གཞན་ངས་ཤེས་ཀྱི་མེད་ལ་འཇོན་ཐང་དང་ཉམས་མྱོང་ཡང་མེད། ངས་སྦྱངས་པ་ནི་ནང་ཆོས་ཡིན།
ངོས་ཀྱིས་འབོད་སྐུལ་བྱས་པ་ཞིག་ལ་ང་ཚོས་ས་ཞིང་རྒྱ་ཆེ་རུ་གཏོང་ཐབས་མེད་པ་དང༌། མི་འབོར་འཕར་ཡོང་གི་ཡོད་པས། དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཡོང་ཐབས་བྱེད་དགོས། དེར་བརྟེན་ས་ཞིང་གཅིག་པུར་མ་བརྟེན་པར་གཞིས་ཆགས་ཁག་ནང་ལག་ཤེས་བཟོ་གྲྭ་འཛུགས་རྒྱུའི་ཐད་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་འདུག་ཅེས་འབོད་སྐུལ་བྱས་པ་ཡིན། ངོས་རང་ཆུང་དུས་ནས་འཕྲུལ་ཆས་ལ་དགའ་པོ་ཡོད། དེར་བརྟེན་སྔོན་མ་ས་གནས་སུ་སླེབས་དུས་འཕྲུལ་ཆས་བཟོ་སར་ལྟ་བར་སོང་སྟེ་འཕྲུལ་ཆས་ལ་ལག་པ་འཆང་ནས་བལྟས་ཏེ་འདིར་ལས་ཀ་བྱས་ནས་སྡོད་རྒྱུ་བྱུང་ན་སྐྱིད་པོ་ཡོང་བ་འདུག་བསམ་པ་དྲན་མྱོང༌།
    དེ་དུས་ང་ཚོའི་བཟོ་གྲྭ་(Work Shop)དེ་དག་གཞིས་ཆགས་ནང་གི་འདྲུད་འཐེན་འཁོར་ལོ་ཉུང་ཤས་ལ་བཟོ་བཅོས་བྱ་རྒྱུ་དེ་ཙམ་མ་ཡིན་པར། དེའི་ཁུལ་རྒྱ་གར་གྲོང་གསེབ་པ་ཚོ་ལའང་ང་ཚོའི་བཟོ་གྲྭས་(Work Shop)ཕན་ཐོགས་བྱེད་ཐུབ་པ་བྱུང་ན་ཡག་པོ་འདུག་ཅེས་བརྗོད་པ་ཡིན། ཨོ་རི་ས་གཞིས་ཆགས་ས་ཁུལ་ཁུག་ཀྱོག་ཡིན་ཡང་དེ་ནས་ས་ཐག་མི་རིང་བའི་གྲོང་ཁྱེར་བ་རམ་པུར་(Barhampur)ཡོད་ས་དེར་ང་ཚོས་བཟོ་གྲྭ་ཞིག་འཛུགས་ཐུབ་ཐབས་མི་འདུག་གམ། ཞེས་བརྗོད་པ་ཡིན། དེ་ལྟར་ང་ཚོས་འཕྲུལ་ཆས་རིགས་ཡར་རྒྱས་གཏོང་རྒྱུ་དང༌། དེ་བཞིན་སྐབས་ཤིག་ལ་ང་ཚོས་བྷེ་ལ་ཀོབ་པ་དང་ཧུན་སུར་ཁུལ་དུ་འོ་མའི་ཐོན་སྐྱེད་ཡག་པོ་ཡོད་པར་བརྟེན་ཕྱུར་བ་དང་མར་སོགས་ཐོན་ལས་བྱེད་ཐུབ་ན་ཡག་པོ་མེད་དམ། ཞེས་བཤད་པ་ཡིན། ངས་བྱེད་ཤེས་ཀྱི་མེད་ཀྱང་ཡར་རྒྱས་གཏོང་རྒྱུར་ཤུགས་རྒྱག་དགོས་པ་འདུག་བསམ་གྱི་ཡོད།
    བར་ལམ་ངོས་རང་གཞིས་ཆགས་ཁག་ལ་འགྲོ་དུས་སྔོན་མ་ལྟར་གྱི་དུས་ཚོད་མེད་ལ་འགྲོ་ཡང་ཐུབ་ཀྱི་མི་འདུག ཡིན་ནའང་དེ་སྔའི་བཟོ་གྲྭ་(Work Shop)དེ་དག་གི་མདུན་དུ་སླེབས་སྐབས་ཁང་པ་གོག་པོ་ཆགས་ནས་ང་ཚོ་བོད་པའི་བཤད་སྲོལ་ལྟར། གྱང་གོག་སང་འགྲོ་གནངས་འགྲོ་དང༌། པུ་ཤུད་སང་ཤི་གནངས་ཤི་ཟེར་བ་ལྟར་བཟོ་གྲྭའི་(Work Shop)ནང་འདྲུད་འཐེན་འཁོར་ལོའི་ཆག་རོ་ཁ་ཤས་དང་བཟོ་གྲྭ་ཡང་ཕུག་རོན་གྱི་ཚང་གསོག་ས་ལྟ་བུ་ཆགས་འདུག་པ་དེ་ལྟར་འཐུས་ཤོར་སོང་བ་ཧ་ཅང་སྐྱོ་པོ་ཡིན། འཐུས་ཤོར་གཏོང་རྒྱུ་རྒྱ་མིས་བཙན་དབང་བཤད་པ་མིན་ལ་རྒྱ་གར་གྱིས་ཀྱང་བཙན་དབང་བཤད་པ་མིན། དེ་ནི་ང་རང་ཚོ་རང་གིས་མ་འཇོན་པའམ་མ་བྱས་པ་ཡིན་པས་ཧ་ཅང་ཐབས་སྐྱོ་པོ་ཡིན།
    ད་ཆ་གཞིས་ཆགས་ནང་མི་སྡོད་མཁན་མི་འདུག་ཟེར་གྱི་ཡོད། མི་སྡོད་ཀྱི་མ་རེད། སློབ་སྦྱོང་ཕྲན་བུ་ཡོད་མཁན་གྱི་མི་ཞིག་ཉིན་གང་རྨོན་གླང་གི་མཇུག་ལ་འགྲོ་རྒྱུ་ཁག་པོ་ཡིན། ཡང་ན་གཞིས་ཆགས་ཀྱི་ཁྱིམ་ཚང་ནང་ཕྲུ་གུ་བཞག་ནས་གྲོང་ཁྱེར་ནང་ལས་ཀ་ཤུགས་ཆེ་ཙམ་བྱེད་ས་དེ་འདྲ་ལ་འགྲོ་ན་ཡག་པོ་ཡོད། མའེ་སོར་ནས་བྷེང་ལོར་ཐག་ཉེ་པོ་ཡིན་སྟབས། བྷེང་ལོར་ནས་ལས་ཀ་རག་གི་རེད་ཅེས་དེ་དུས་གཞོན་པ་བཞི་ཙམ་བྷེང་ལོར་གྱི་རྒྱ་གར་བཟོ་གྲྭ་ཆེན་པོ་ཞིག་གི་ནང་ལས་ཀ་བྱེད་ཀྱི་ཡོད་པ་རེད། གང་ལྟར་ང་ཚོའི་གཞིས་ཆགས་ཁག་གི་ལས་ཀ་དང་སློབ་སྦྱོང་ཐད་ཏན་ཏན་འཐུས་ཤོར་ཕྱིན་འདུག་བསམ་པ་དྲན་གྱི་འདུག སྤྱིར་བཏང་རང་མི་རང་ལས་ཞེས་པ་དེ་གལ་ཆེན་པོ་ཡིན། འོན་ཀྱང་རང་ཉིད་ཀྱི་ཀླད་པ་དང་ཉམས་མྱོང་གིས་འདང་གི་མི་འདུག་ན་མི་གཞན་ལ་འབྲེལ་བ་བྱེད་དགོས།
    དཔེར་ན་ང་ཚོའི་ཉམས་མྱོང་བཤད་ན། ང་ཚོས་གཞིས་ཆགས་སུ་ཐོག་མར་སློབ་གྲྭ་ཁག་བཙུགས། དེ་དུས་ངའི་ངོ་ཤེས་པ། པོ་ལེ་ཤི་མོ་རི་སེ་(Polish Moris) ཞེས་པ་ཞིག་ཡོད། ཁོང་གིས་བུ་ཁྱིམ་འཛུགས་དགོས་པ་དང༌། ཁྱིམ་ཚང་སོ་སོར་ཕ་ཚབ་མ་ཚབ་བཙུགས་ཏེ་ཕྲུ་གུར་ལྟ་རྟོག་བྱེད་བཅུག་ན་ཡག་པོ་ཡོད་ཅེས་བསམ་འཆར་བཤད་བྱུང༌། ཁོང་བསམ་བློ་ཧ་ཅང་རྒྱ་ཆེན་པོ་རེད། ཁོང་གིས་བངྒ་ལ་དེཤ་(West Bengal)ཡོད་ས་དེའི་ཐད་ཀྱི་རྒྱ་མཚོ་གཏིང་རིང་པོ་དེ་ཙམ་མེད་པས་དེ་ལ་བཅད་ཅིག་རྒྱག་ཐུབ་ན། ས་ཆ་ཨེ་ཀར་སྟོང་ཕྲག་དང་ཁྲི་ཕྲག་མང་པོ་ཞིག་ཐོན་རྒྱུ་ཡིན་པས། ྋརྒྱལ་བ་རིན་པོ་ཆེས་དེ་ལྟར་འཆར་གཞི་ཞིག་བཟོས་ནས་རྒྱ་གར་གཞུང་ལ་ཕུལ་བ་ཡིན་ན་ཡག་པོ་ཡོང་གི་རེད་ཅེས་བརྗོད་བྱུང༌། བསམ་བློ་དེ་རླབས་ཆེན་རེད་འདུག ཁྱེད་རང་ཚོ་ཁོང་ཐུག་མྱོང་མཁན་ཡོད་དམ། ཕྱི་ཚུལ་ལ་བལྟས་ན་ཁ་ཐབས་དེ་ཙམ་མེད་པ་དཔུང་པ་ཀྱོག་ཀྱོག་ཅིག་ཡོད། ནང་བསམ་བློ་ཧ་ཅང་རྒྱ་ཆེན་པོ་གཏོང་ཐུབ་མཁན་ཞིག་རེད། གང་ལྟར་ང་ཚོས་བུ་ཁྱིམ་འཛུགས་རྒྱུའི་བློ་གྲོས་དང་ལམ་སྟོན་ཁོང་གིས་བྱས་ནས་བྱུང་བ་ཡིན།
གཞིས་ཆགས་ལ་ཆ་བཞག་ན་ཁྱེད་རང་ཚོའི་ནང་པ་ཕ་ལོ་ཏི་ངོ་ཤེས་མཁན་ཡོད་དམ། འཇུ་ཆེན་ཐུབ་བསྟན་གྱིས་ངོ་ཤེས་ཀྱི་ཡོད་འགྲོ། ལོ་ཏིས་ཞོགས་པ་སྔ་པོ་ང་ཚོ་བོད་པ་ཚོ་གཉིད་དཀྲོགས་ནས་ཞིང་ལས་བྱེད་པར་འདེད་ཀྱི་ཡོད་ཟེར་གྱི་འདུག ལོ་ཏི་ནི་སུད་སི་རྒྱ་གྲམ་དམར་པོ་བཙུགས་པའི་མི་ཞིག་ཡིན། ཤ་ཚ་རྣམ་དག་དང་ཁ་ཡང་གཟེར་པོ་ཡོད་པ་དེས་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་དག་ནི་ང་རང་གི་དོན་དངོས་ཉམས་མྱོང་བརྗོད་པ་ཡིན།
    ད་ཆ་ང་རང་ཚོ་འགྲིག་བསྡད་ཡོད། ང་ཚོར་བཙན་བྱོལ་གྲོས་ཚོགས་དང༌། བཙན་བྱོལ་སྲིད་གཞུང༌། ཁྲིམས་ཞིབ་ཁང་བཅས་ཡོད་འགྲིག་བསྡད་ཡོད་བསམས་ན། མགོ་རུལ་སྣ་བས་མ་ཚོར་བ་ཡོང་ཉེན་ཡོད། ཤེས་སོང་ངམ། ད་ཤུགས་ཤིག་མ་བརྒྱབ་ན། ཁྱེད་རང་ཚོ་མང་པོ་ཞིག་གིས་ྋརྒྱལ་བ་རིན་པོ་ཆེར་ཡིད་ཆེས་ཡོད་ཅེས་རྟག་པར་ཤོད་ཀྱི་ཡོད། ད་ཆ་ཡིད་ཆེས་བྱེད་སའི་མི་འདི་ལོ་བདུན་ཅུ་དོན་གསུམ་ལ་སླེབས་ཡོད་པ་དང༌། ད་ནས་ལོ་བཅུ་ཕྱིན་ན་བརྒྱད་ཅུ་གྱ་གསུམ་ལ་སླེབ་རྒྱུ་དང༌། ལོ་ཉི་ཤུ་ཕྱིན་ན་དགུ་བཅུ་གོ་གསུམ་ལ་སླེབ་རྒྱུ་ཡིན། འདས་པའི་ལོ་ཉི་ཤུ་ནི་ང་ཚོར་ཁག་མེད། ང་ཚོ་འཐོམ་སངས་རྒྱུ་དང༌། ངོ་ཤེས་པ་ས་དང་གནམ་ལས་མེད། ཡིན་ནའང་ང་ཚོས་མུན་ནག་འདོམ་འཇལ་ལྟ་བུའི་ངང་ནས་གཞི་རྩ་ཞིག་བཙུགས་ཡོད། དེ་རྗེས་ཀྱི་ལོ་སུམ་ཅུའི་ནང་ང་ཚོ་ཏན་ཏན་འཐུས་ཤོར་ཕྱིན་ཡོད། ད་འགྱོད་པ་སྐྱེས་ཀྱང་བྱ་ཐབས་མེད། འབྱུང་འགྱུར་གྱི་ལོ་ཉི་ཤུའི་ནང་ང་ཚོས་གྲུབ་འབྲས་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་བྱེད་མ་ཐུབ་ན་མགོ་ལོག་ཆེན་པོ་བཙལ་རྒྱུའི་ཉེན་ཁ་ཡོད། བོད་རྒྱ་ཆེའི་མི་མང་གི་རེ་བའི་མིག་འབུར་ལྟ་ས་ང་ཚོས་ཀོ་ཐག་གློད་དེ། ཞབས་འདྲེན་ཆ་ཚང་ཞུས་ན། དེ་ནི་ཧ་ཅང་ཐབས་སྐྱོ་པོ་ཡིན། ངས་ཁྱེད་རང་ཚོར་བཤད་རྒྱུ་གཙོ་བོ་འདི་ཡིན། ང་རང་ཚོའི་ཤེས་ཚད་ཀྱིས་མ་འདང་བས་མ་འཇོན་པ་དང་མ་ཤེས་པ་ཡོད་ན་དེ་རིགས་ལ་རྒྱ་གར་བ་དང༌། ཕྱི་རྒྱལ་གྱི་མི་ཤེས་ཡོན་ཡོད་པ་གླས་ཏེ་སྐད་ཆ་བྱས་ན་ཡག་པོ་ཡོད།
    ཉེ་ཆར་ངོས་རང་ལྡི་ལིར་སྨན་བཅོས་ཀྱིས་བོད་ཁྱིམ་གཞོན་ནུའི་སྡོད་གནས་སུ་སྡོད་དུས་བསམ་བློ་འཁོར་བ་ཁོང་ཚོར་བརྗོད་ཡོད། སློབ་ཕྲུག་ཚོ་དགོང་མོ་རང་སྦྱོང་བྱས་ནས་སྡོད་ཀྱི་ཡོད་པ་དང༌། ཉིན་མོ་རང་རང་གི་མཐོ་སློབ་འདྲ་མིན་སོ་སོར་འགྲོ་གི་ཡོད། གུང་གསེང་གི་སྐབས་སུ་བོད་ཁྱིམ་ནས་ལྡི་ལིའི་ཁུལ་སློབ་གྲྭ་ཆེན་མོའི་དགེ་རྒན་རྒན་ཡོལ་(Professor Retired)ཕྱིན་པ་དེ་འདྲ་བཙལ་ནས་བདུན་ཕྲག་གཅིག་ལ་ཐེངས་གཅིག་གཉིས་དུས་ཡུན་ཆུ་ཚོད་ཁ་ཤས་བོད་ཁྱིམ་སྡོད་ཁང་དུ་སྐད་བཏང་ནས་སློབ་ཕྲུག་ཚོར་སློབ་ཁྲིད་བྱེད་པ་དང༌། སློབ་ཕྲུག་ཚོས་ཀྱང་དོགས་གཅོད་བྱེད་པ་དེ་འདྲའི་ལས་རིམ་ཞིག་ང་ཚོས་བྱེད་མ་ཐུབ་པ་གང་ཡང་མེད། ཅེས་བརྗོད་པ་ཡིན། དེ་ལྟར་ང་ཚོས་འགུལ་བསྐྱོད་རྒྱག་དགོས་པ་ལས་འགུལ་བསྐྱོད་མ་བརྒྱབ་པར་བསྡད་ན་འགྲིག་གི་མི་འདུག་ཅེས་ངོས་ནས་བརྗོད་རྒྱུ་གཙོ་བོ་གཅིག་དེ་ཡིན། ཁྱེད་ཚོའི་སེམས་ལ་འཇོག་དགོས།

གོང་གི་བཀའ་མ་སྒུག་པར་ས་གནས་སོ་སོ་ནས་གསར་གཏོད་བྱེད་དགོས།

    ད་རེས་ང་ཚོའི་ལོ་འཁོར་ལས་བསྡོམས་ཀྱི་ཚོགས་ཆེན་ལྟ་བུ་བྱུང་འདུག ཚོགས་འདུ་དེར་ཐོག་མ་ནས་ངས་བོད་གངས་ཅན་ལྗོངས་ཀྱི་སྤྱི་འབངས་གཅིག་གྱུར་ཐོག་ནས་འདྲ་མཉམ་དང༌། ཁུར་མཉམ་ལེན། ཕྱར་བ་གྲུ་འདེགས་བཅས་ཀྱིས་ཐོག་ནས་གོ་བསྡུར་བྱེད་རྒྱུའི་རེ་བ་བྱས་པ་ཡིན། གནས་ཚུལ་ཞིབ་ཕྲ་ཤེས་མ་བྱུང་ཡང༌། ཕལ་ཆེར་གོ་བསྡུར་ཡག་པོ་བྱུང་ཡོད་འདུག ད་རེས་ཀྱི་ཚོགས་ཆེན་འདི་དམིགས་ས་བོད་རྒྱ་འབྲེལ་ལམ་སྐོར་ལ་དམིགས་པ་ཡིན་ཡང༌། དངོས་གཞི་ཚོགས་འདུའི་ཐོག་རང་རང་གི་མཐོང་ཚུལ་དང་ཉམས་མྱོང་ནས་ཤེས་ཡོན་གྱི་སྐོར་དང༌། འཕྲོད་བསྟེན་གྱི་སྐོར་སོགས་ང་ཚོའི་ལས་རིགས་ཚང་མའི་ནང་ཡར་རྒྱས་གཏོང་དགོས་པ་དང༌། འདི་དང་འདི་འཐུས་ཤོར་འགྲོ་གི་འདུག་ཅེས་བསམ་འཆར་དང་རེ་འདུན་འདོན་པ་སོགས་གང་འཚམ་ཡོང་གི་འདུག་ཅེས་ངས་གོ་བྱུང། དེ་སྔའི་ལོ་འཁོར་ལས་བསྡོམས་ཀྱི་ཚོགས་ཆེན་ལྟ་བུ་བྱུང་འདུག དེས་ན་ཚོགས་འདུ་འདི་འདྲ་རབ་བྱུང་ན་ལོ་རེ་དང་དེ་མིན་ལོ་གནངས་འཆར་འཚོགས་ཐུབ་ན་ཡག་པོ་མེད་དམ་བསམ་པ་དྲན་བྱུང༌།
    ཕྱི་རྒྱལ་ཁག་ནས་ཡོང་མཁན་ཚོས་བློ་གྲོས་ག་རེ་འདོན་རྒྱུ་ཡོད་དང༌། དགེ་སྐྱོན་ག་རེ་བཤད་རྒྱུ་ཡོད། ད་དུང་རབ་བྱུང་ན་ཁྱེད་རང་ཚོ་ཉམས་མྱོང་ཕྲན་བུ་ཡོད་པ་ཚོ་རྒྱ་གར་ནང་དུས་ཚོད་ཟླ་བ་ཁ་ཤས་བཏང་ནས་ལས་ཀ་བྱས་ན་ཡག་པོ་ཡོད། དཔེར་ན་ད་རེས་ཁྱེད་རང་ཚོ་འདོད་པ་ཁེངས་པ་བྱུང་ངམ། དེ་ལྟར་དུས་དུས་ལ་ཚོགས་ན། ཚང་མའི་སེམས་ནང་ལ་འཁུར་དང་དོ་སྣང་གསར་པ་ཞིག་སླེབས་པ་དང༌། གནས་ཚུལ་མང་པོ་ཞིག་རྟོགས་ཏེ་སྤྱི་དོན་ཕྱར་བ་གྲུ་འདེགས་དང༌། ཁུར་མཉམ་ལེན་བྱ་རྒྱུར་ཕན་ཐོགས་ཡོད། དེ་མིན་ཁ་བྲལ་ནས་བསྡད། དུས་དུས་ལ་བཀའ་ཤག་དང་སྤྱི་འཐུས་ཀྱི་མི་དེ་འདྲ་འཁྱུག་ཙམ་ཡོང་ནས་ཐུག་ཀྱང་དེ་འདྲ་ཞིག་ཡིན། ཁྱེད་རང་ཚོ་འདིར་འཛོམས་ཏེ་ཉི་མ་བསྟུད་ནས་གོ་བསྡུར་བྱས་ན་བསམ་བློའི་ནང་འཁུར་དང་དོ་སྣང་ཆེ་རུ་འགྲོ་རྒྱུར་བརྟེན་དེ་འདྲ་བྱས་ན་ཡག་པོ་མེད་དམ་བསམ་པ་བྱུང༌།
    རྡོ་དོན་སྙིང་པོ་ང་ཚོའི་གཞིས་ཆགས་ཁག་གི་མི་ལ་དཔལ་འབྱོར་མེད་ན་བྱེད་རྒྱུ་གང་ཡང་མེད་སྟབས། དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་གཞིས་ཆགས་ཁག་གི་ལས་འགན་ཡིན། དེ་དག་སྲ་ཐག་ཐག་ཡོང་བ་དང༌། མུ་མཐུད་ཡར་རྒྱས་ཡོང་ཐབས་ལ་ག་རེ་བྱེད་རྒྱུ་འདུག་བསམ་བློ་གཏོང་དགོས། ས་གནས་སོ་སོ་ནས་གསར་གཏོད་(Initiative)བྱེད་རྒྱུ་གལ་ཆེན་པོ་ཡིན། གོང་ནས་བཀའ་ལྟ་བུ་ཞིག་མ་འབྱོར་བར་འགུལ་བསྐྱོད་མ་བརྒྱབ་པར་བསྡད་རྒྱུ་མེད། ས་གནས་ས་ཐོག་གི་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་འགུལ་བསྐྱོད་བྱ་རྒྱུ་གང་འདུག་དང༌། གསར་གཏོད་བྱེད་རྒྱུ་གང་འདུག བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་དབུས་ནས་སྟངས་འཛིན་(Centralised)ལྟ་བུ་བྱས་པ་ཡིན་ན་གནས་ཚུལ་ཆ་ཚང་མི་ཤེས་ལ་ཚང་མར་ཁྱབ་ཀྱང་མི་ཐུབ། ས་གནས་སོ་སོ་ནས་ཁྱེད་རང་ཚོས་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་བསམ་བློ་བཏང་སྟེ་བྱས་ན་ཡག་པོ་ཡོད། བསམ་འཆར་བཤད་ཆོག་གི་རེད། གཞིས་ཆགས་ཁག་སྲ་ཐག་ཐག་དང་ཚགས་ཚུད་ཡར་རྒྱས་གཏོང་ཐབས་ལ་བསམ་བློ་གཏོང་དགོས། དེ་ལྟར་གཞིས་ཆགས་སྐོར་དང་ཤེས་ཡོན་སྐོར་བཅས་དེ་གཉིས་བཤད་རྒྱུ་གཙོ་བོ་ཡིན། ཁྱེད་རང་ཚོར་བཤད་ཡོད། དེ་མིན་གཞན་གལ་ཆེ་བ་གང་ཡང་མེད།

འབྲེལ་མོལ་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་གཅིག་པུར་བསམ་བློ་མ་བཏང་བར་རྒྱ་རིགས་མི་མང་ལ་འབྲེལ་མོལ་བྱེད་ཐུབ་ཐབས་ཀྱི་བསམ་བློ་གཏོང་དགོས།

    ད་རེས་ཚོགས་འདུའི་སྐོར་ངོས་ནས་ཞིབ་ཕྲ་ཤོད་རྒྱུ་གང་ཡང་མེད། ང་རང་ད་ལྟ་བར་གནས་སུ་བསྡད་ཡོད། ཁ་སང་མགོ་སྟོད་བརྗོད་པ་ལྟར། ང་ཚོས་ལམ་སང་ཐག་གཅོད་བྱེད་ཐུབ་པ་ཡོང་རྒྱུ་མིན། སྔོན་ལ་ཁ་ཚ་དགོས་གཏུགས་ལྡི་ལིར་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན་ཞིང༌། ཁོང་ཚོས་དགོངས་འཆར་དང་སློབ་སྟོན་གང་ཞིག་གནང་གི་འདུག སྤྱིར་ང་ཚོའི་སྤྱི་འཐུས་རྣམ་པ་དང༌། བཀའ་བློན་ཚོས་འཛིན་སྐྱོང་གནང་གི་ཡོད། ཉམས་ཞིབ་(Research)འདང་ངེས་ཤིག་བྱེད་ཐུབ་ཀྱི་ཡོད་ན་དེ་རང་དང༌། གལ་ཏེ་འདང་ངེས་བྱེད་ཐུབ་ཀྱི་མེད་ན་ཉམས་ཞིབ་བྱེད་མཁན་སྲ་ཐག་ཐག་ཅིག་བྱུང་ན་ཡག་པོ་མེད་དམ། བསམ་བློ་གཏོང་དགོས།
    ལམ་སང་ཐག་གཅོད་མ་བྱས་པར་རིམ་པས་གོ་བསྡུར་བྱ་རྒྱུ་དང༌། རྒྱ་ཕྱོགས་ནས་གང་འདྲ་བྱེད་ཀྱི་འདུག མང་ཆེ་བ་སྤྱི་ཡོངས་ཀྱི་མཐོང་ཚུལ་ལ་ད་ལྟ་ང་ཚོས་དབུ་མའི་ལམ་ཞེས་མིང་བཏགས་ཏེ་ཡོད་པ་འདི་དོན་སྙིང་རང་སྲིད་རང་སྐྱོང་གཙང་མ་ཞིག་ཡོང་བའི་ཆེད་དུ་ཡིན།  དེ་ཡང་རྒྱ་ནག་གི་རྩ་ཁྲིམས་ནང་བཀོད་ཡོད་པ་དང༌། དེ་བཞིན་མི་རིགས་ཀྱི་ཐོབ་ཐང་ཡིག་ཆའི་ནང་དུ་ཡང་བཀོད་ཡོད་པ་རེད། ང་ཚོས་ད་ལྟ་འབད་རྩོལ་བྱེད་བཞིན་པ་འདིར་མང་བས་རྒྱབ་སྐྱོར་གནང་བ་དང༌། མོས་མཐུན་ཡོད་པའི་རྣམ་འགྱུར་ཐོན་པར་ངོས་རང་དགའ་པོ་བྱུང༌།
    དེའི་ཐད་ངོས་ནས་ཁྱེད་རང་ཚོར་གསལ་བཤད་བྱེད་དགོས་པ་ཞིག་ལ། ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་ཞེས་པའི་བསམ་བློ་འདི་ཏིང་ཞའོ་ཕིང་དང་ང་ཚོ་སྐད་ཆ་བྱུང་ནས་བསམ་བློ་བྱུང་བ་ཞིག་མིན། ཕྱི་ལོ་༡༩༧༤ ལོར་སྐབས་དེར་ཚོགས་གཙོ་གཞོན་པ་ཚེ་དབང་འཕྲིན་ལས་དང༌། དབང་རྡོར་ལགས། ས་སྐྱ་ལགས། ཚེ་དབང་རྟ་མགྲིན། རྒྱལ་ཕྱག་ལགས། བློ་བཟང་ཆོས་ལྡན། ཉི་མ་བཟང་པོ་ལགས་བཅས་ཡོད། དེ་དུས་ངོས་རང་སུད་སིར་སྨན་བཅོས་ལ་སོང་བས་ཚེ་དབང་འཕྲིན་ལས་ལགས་སེམས་ཁྲལ་གྱིས་གྲོངས་འདུག ངོས་ནས་གསལ་པོ་དྲན་གྱི་འདུག ང་ཚོ་སྐད་ཆ་བྱུང་དུས་རྒྱ་ནག་ལ་རིག་གནས་གསར་བརྗེ་བྱེད་པའི་སྐབས་རེད། འོན་ཀྱང་ང་ཚོས་སྔ་ཕྱི་མ་གཏོགས་རྒྱ་ནག་གཞུང་དང་སྐད་ཆ་བཤད་རྒྱུའི་དུས་ཤིག་ཡོང་རྒྱུ་དང༌། དེ་འདྲའི་སྐབས་སུ་རང་བཙན་གྱི་སྐད་ཆ་བཤད་ན་འགྲིག་ཐབས་མེད་པས་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་བྱུང་ན་ང་ཚོས་དེར་བསམ་བློ་གཏོང་རྒྱུ་ཡོད་པ་ཡིན་ཞེས་གོ་བསྡུར་བྱས་པར་ཧ་ཅང་ཡག་པོ་འདུག་ཅེས་བརྗོད་པ་བཅས་ང་ཚོའི་བསམ་བློའི་ནང་དེ་དུས་ནས་བང་རིམ་བསྒྲིགས་ཏེ་ཡོད། དེ་དུས་དབུ་མའི་ལམ་གྱི་ཐ་སྙད་སྦྱར་མེད།
    དེ་རྗེས་༡༩༧༩ ལོར་ཏིང་ཞའོ་ཕིང་གིས་རྒྱ་ལོ་དོན་གྲུབ་ལ་ཐུག་གི་ཡིན། ཞེས་བརྗོད་པའི་གནས་ཚུལ་འབྱོར་དུས་ང་ཚོའི་ངོས་ནས་གྲ་སྒྲིག་ཆ་ཚང་བྱས་ཟིན་པར་བརྟེན། ངོས་ནས་ཧ་ཅང་ཡག་པོ་འདུག འགྲོ་རྐྱང་གྱིས། གང་བཤད་ཀྱི་འདུག་ཡག་པོ་ཉན་ཤོག ཅེས་བརྗོད་པ་ཡིན། ང་ཚོའི་ངོས་ནས་བསམ་བློ་གཏོང་སྟངས་འདི་འདྲ་ཡིན། ད་རེས་ཁྱེད་རང་ཚོར་གསལ་བཤད་བྱེད་འདོད་བྱུང༌། ཁྱེད་རང་ཚོའི་ཡིག་ཆ་འགའ་ཤས་ནང་ཏིང་ཞའོ་ཕིང་གིས་རང་བཙན་མ་གཏོགས་གཞན་གང་ཡིན་ཡང་སྐད་ཆ་བཤད་ན་འགྲིག་གི་རེད། ཅེས་བརྗོད་པའི་རྗེས་སུ་གཞི་ནས་ང་ཚོས་དབུ་མའི་ལམ་འདི་བྱུང་བ་ལྟ་བུ་ཐོན་ཡོང་གི་འདུག དེ་ལྟར་མ་རེད་ཤེས་སོང་ངམ།
    དེ་ནས་ང་ཚོས་ཌལ་ལོག་(Dialogue)ཅེས་གྲོས་མོལ་གྱི་སྐད་ཆ་བཤད་ཡུལ་དེ་ཕྱོགས་གཉིས་ལ་བསམ་བློ་གཏོང་དགོས་ཤིང༌། གཅིག་ནི་རྒྱ་ནག་གཞུང་ཡིན། དེའི་ཐོག་ནས་དཀའ་ངལ་འཕྲད་དེ་ཡོད། (Dialogue)གཞན་དེ་ནི་རྒྱ་ནག་གི་མི་མང་ཚོ་ཡིན། ཁ་སྔོན་ངས་ཨ་རིའི་ནང་བཤད་པ་ཡིན།  ངོས་རང་རྒྱ་ནག་གཞུང་ལ་ང་ཡིད་ཆེས་སྲབ་ཏུ་སྲབ་ཏུ་འགྲོ་གི་འདུག ཡིན་ནའང་རྒྱ་ནག་མི་མང་ལ་ཡིད་ཆེས་བརླག་མེད། རྒྱ་ནག་མི་མང་ནི་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་དང༌། ཤེས་ཡོན་ལྡན་པའི་མི་རིགས་ཤིག ཁ་ཡོད་ལག་ཡོད་བྱེད་མཁན་གྱི་མི་རིགས་ཤིག ཨིན་ཇིའི་སྐད་ནང་རེལ་ལིསེ་ཊིག་(Realistic) ཅེས་དངོས་གནས་དྲང་གནས་བྱེད་མཁན་ཞིག་བཅས་ཡིན་པས། རྒྱ་ནག་མི་མང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད་ཡོད།
    ན་ནིང་ལོར་ཁེ་ཎ་ཌར་བོད་རིགས་དང་རྒྱ་རིགས་གཞོན་ནུ་ཁ་ཤས་མཉམ་དུ་ཐུག་པ་ཡིན། ཁོང་ཚོར། ཁྱེད་རང་ཚོས་བོད་རྒྱ་མཉམ་སྦྲེལ་གྱི་ཚོགས་པ་ཆུང་ཆུང་ཞིག་བཙུགས་འདུག་པ་ཧ་ཅང་ཡག་པོ་བྱུང་འདུག མ་འོངས་པར་རྒྱ་སྐྱེད་གཏོང་ཐུབ་ན་དེ་བས་ཡག་པོ་ཡོང་གི་རེད་ཅེས་བརྗོད་པ་ཡིན། དེ་དུས་བོད་ནང་དོན་རྐྱེན་ཡོང་རྒྱུ་རེད། དེ་ནས་བར་སྐབས་ཀྱི་གནས་ཚུལ་འདི་བྱུང་རྗེས་ལྷག་པར་དུ་བོད་རྒྱ་མཛའ་འབྲེལ་ཚོགས་པ་འཛུགས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོར་རེ་བ་བྱུང་བ་ཞིག་ལ་ཕྱི་ཟླ་༣ ཚེས་༡༠ ཉིན་གྱི་དོན་རྐྱེན་དེ་བྱུང་རྗེས་རྒྱ་རིགས་མཁས་དབང་རྩོམ་པ་པོ་ཚོས་གཅིག་མཇུག་གཉིས་མཐུད་དུ་རྩོམ་ཡིག་མང་པོ་སྤེལ་འདུག་པ་དེ་ཚོའི་ནང་རྒྱ་ནག་དབུས་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་བྱས་པ་དང༌། ང་ཚོས་བརྗོད་པ་རྣམས་རྒྱུ་མཚན་ལྡན་པ་རེད། ཅེས་འཁོད་འདུག དེ་ནི་བར་སྐབས་ངོས་ནས་རྒྱ་མི་མཁས་པ་གང་འཚམ་ཐུག་པ་ཁོང་ཚོ་ཡང་ཁ་གཅིག་གྲགས་རེད། ཁོང་ཚོའི་གྲས་ནས་ཁ་ཤས་ཀྱིས་ྋརྒྱལ་བ་རིན་པོ་ཆེས་རྒྱ་ནག་མང་གཙོའི་ལས་འགུལ་གྱི་འགོ་ཁྲིད་བྱེད་རོགས། ཞེས་བརྗོད་ཀྱི་འདུག ངས་འགོ་ཁྲིད་ཡོང་གི་མ་རེད་ཅེས་བརྗོད་པ་ཡིན། ཁོང་ཚོའི་བསམ་པར་རྒྱལ་བ་རིན་པོ་ཆེས་འགོ་ཁྲིད་བྱས་ན་དངོས་གྲུབ་ཆེན་པོ་ཞིག་རག་མི་ཡོང་ངམ་བསམ་གྱི་མེད་དམ། ང་ནི་ལག་པ་སྟོང་པ་ཡིན། དངོས་གྲུབ་སྤྲད་རྒྱུ་གང་ཡང་མེད། གང་ལྟར་ཁོང་ཚོས་ང་ཚོ་བོད་པར་ཚུར་བློ་ལྟ་གི་འདུག
    ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་(Tiananmen)གནས་ཚུལ་བྱུང་རྗེས་ལས་འགུལ་ནང་ཞུགས་མཁན་གྱི་སློབ་ཕྲུག་མང་པོ་ཞིག་ངོས་དང་ཐུག་འཕྲད་བྱུང༌། ང་ཚོ་དང་སེམས་ཐག་ཉེ་པོ་བྱས་ནས་བོད་པའི་ལས་འགུལ་དེ་དོན་གྱི་ཆ་ནས་མང་གཙོ་དང་རང་དབང་གི་འཐབ་རྩོད་ཡིན་པས། ང་ཚོ་དང་གཅིག་པ་རེད་ཅེས་བརྗོད་ནས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེ་ནི་ང་ཚོའི་བློ་ལ་འཇོག་དགོས་པ་ཡིན། གཞུང་བརྗེ་འགྲོ་ཞིང༌། དཔེར་ན་རྒྱ་ནག་གཞུང་ལ་ཆ་བཞག་ན་མའོ་ཙེ་ཏུང་གི་དུས་སྐབས་གཅིག་དང༌། ཏིང་ཞའོ་ཕིང་གི་དུས་སྐབས་གཅིག ཅང་ཙེ་མིང་གི་དུས་སྐབས་གཅིག ད་ལྟ་ཧུའུ་ཅིང་ཐའོ་ཡི་དུས་སྐབས་གཅིག་བཅས་དུས་སྐབས་བཞི་ཙམ་བྱུང་བ་དེའི་རིང་འགྱུར་བ་ཆེན་པོ་ཕྱིན་ཡོད། དཔེར་ན་ཆེ་ས་གུང་ཁྲན་ཏང་ཟེར་བའི་སྒྲིག་འཛུགས་དེ་རྩ་བ་མ་ཁེ་སི་རིང་ལུགས་ལ་བརྟེན་ནས་ཆགས་པ་དང༌། སྤྱི་ཚོགས་རིང་ལུགས་པ་རེད། ཡིན་ནའང་ཏིང་ཞའོ་ཕིང་གི་སྐབས་ནས་བཟུང་ཞི་མི་དཀར་ནག་ལ་ཁྱད་པར་མི་འདུག ཙི་ཙི་གཟུང་ཐུབ་ན་འགྲིག ཅེས་བརྗོད་ནས་མ་རྩའི་རིང་ལུགས་ཀྱི་ལམ་ལ་ཕྱིན་ཡོད། ཁ་ས་རང་རྒྱ་མི་ཁ་ཤས་ཐུག་པ་ཁོང་ཚོ་དང་སྐད་ཆ་བྱུང༌། ཏིང་ཞའོ་ཕིང་གི་རྗེས་ནས་རྒྱ་ནག་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད། གལ་ཏེ་མའོ་ཙེ་ཏུང་བསྐྱར་དུ་སླེབས་པ་ཡིན་ན་ཁྱེད་རང་ཚོ་ཚང་མ་གཡས་ཕྱོགས་པ་རེད། ཅེས་སྐྱོན་བརྗོད་བྱས་ནས་ཕྱིར་འབུད་བྱ་རྒྱུ་རེད་ཅེས་བརྗོད་པ་ཡིན། གང་ལྟར་ཧ་ཅང་འགྱུར་བ་ཆེན་པོ་ཕྱིན་ཡོད། ཤེས་སོང་ངམ།
    ངོས་ཀྱི་ངོ་ཤེས་པ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཞིག་ཡོད། མིང་བརྗོད་དགོས་དོན་མི་འདུག འཛམ་གླིང་ཐོག་སྙན་གྲགས་ཡོད་པ་ཞིག་རེད། ཁོང་བསམ་བློ་རྒྱ་ཆེན་པོ་གཏོང་ཐུབ་མཁན་དང་གནས་ཚུལ་ཡང་ཞིབ་ཕྲ་ཤེས་མཁན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་པ་ཞིག་རེད། དེར་བརྟེན་ཁོང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱ་ནག་ལ་དགའ་པོ་ཡོད། ཟླ་བ་ཁ་ཤས་གོང་ངོས་གཉིས་ཐུག་བྱུང༌། སྐབས་དེར་ངས་ཁོང་ལ་རྒྱ་ནག་སྤྱི་ཚོགས་རིང་ལུགས་རེད་དམ་མ་རེད་ཅེས་སྐད་ཆ་དྲིས་པར་ཁོང་གིས་ཐེ་ཚོམ་མེད་པར་སྤྱི་ཚོགས་རིང་ལུགས་མ་རེད། མ་རྩའི་རིང་ལུགས་དང༌། གཅིག་སྡུད་རིང་ལུགས་རེད། ཅེས་བརྗོད་བྱུང༌། དེར་བརྟེན་སྤྱི་ཚོགས་རིང་ལུགས་བཞག་ནས་མ་རྩའི་རིང་ལུགས་ཀྱི་ལམ་ལ་འགྲོ་དགོས་དོན་དཔལ་འབྱོར་གྱི་དཀའ་ངལ་སོགས་དངོས་ཡོད་གནས་ཚུལ་ལ་བརྟེན་ནས་བྱུང་བ་རེད། འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད།
    ད་ལྟ་གཅིག་སྡུད་བྱེད་པ་དེ་ཁྱི་ཁ་རུས་བཟུང་ལྟ་བུ་བྱས་ནས་བསྡད་ཡོད། དེར་བརྟེན་འདས་པའི་ལོ་དྲུག་ཅུར་ཉེ་བའི་རིང་འགྱུར་བ་ཆེན་པོ་ཕྱིན་ཡོད། གཞུང་གི་འགྲོ་སྟངས་འགྱུར་བ་འགྲོ་བ་དང༌། རྒྱ་ནག་མི་མང་ལ་འགྱུར་བ་འགྲོ་རྒྱུ་མེད། ང་རང་ཚོ་བོད་པ་འདོད་རུང་མ་འདོད་རུང་ཕ་རོལ་ན་རྒྱ་ནག་དང་ཚུར་རོལ་ན་རྒྱ་གར་བྱས་ཏེ་དེའི་བར་ནས་བསྡད་རྒྱུ་ཡིན། དེར་བརྟེན་ང་ཚོས་ཌལ་ལོག(Dialogue) འབྲེལ་མོལ་ཞེས་བརྗོད་དུས་ཐད་ཀར་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་ཁ་ཤས་དེ་གཅིག་པུར་བསམ་བློ་མ་བཏང་བར་ང་ཚོས་རྒྱ་རིགས་མི་མང་ལ་འབྲེལ་མོལ་(Dialogue)བྱེད་ཐུབ་ཐབས་ཀྱི་བསམ་བློ་གཏོང་དགོས་པ་ཡིན། ད་ལྟ་རྒྱབ་སྐྱོར་ཡག་ཐག་ཆོད་ཡོད། ད་དུང་ཡང་དེ་དག་དང་གྲོགས་འདྲིས་བྱས་ནས་དངོས་ཡོད་གནས་ཚུལ་གང་ཡིན་དང༌། བོད་ཀྱི་རྒྱལ་རབས་ལོ་རྒྱུས་གང་འདྲ་ཡིན། དེ་དག་ང་ཚོས་འཁྱོག་བཤད་དང་སྒྲོ་འདོགས་མ་བྱས་པར་དངོས་ཡོད་གནས་ཚུལ་དྲང་པོ་བཤད་རྒྱུ་གལ་ཆེན་པོ་ཡིན། དེར་བརྟེན་ང་ཚོས་འབྲེལ་མོལ་(Dialogue)ཞེས་བརྗོད་དུས་རྒྱ་ཆེ་ས་ནས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། ལྷག་པར་ཕྱི་ལོ་ ༡༩༧༤ ལོ་ནས་ང་ཚོའི་བསམ་བློ་གཏོང་སྟངས་འདི་རྒྱ་རིགས་ཁྱོན་ཡོངས་ཀྱིས་ཤེས་པ་བྱེད་རྒྱུ་གནད་འགག་ཆེན་པོ་ཡིན། ཤེས་སོང་ངམ། དེ་དག་ཁྱེད་རང་ཚོའི་སེམས་ལ་འཇོག་དགོས་ཞེས་བརྗོད་འདོད་བྱུང༌། དེ་མིན་ཞུ་རྒྱུ་མེད། བཀྲིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སྩལ་ཡོད།

མདུན་ཤོག