རྩོམ་འབྲིའི་རྨང་གཞིའི་ཤེས་བྱ།

གཞི་རིམ་སློབ་གྲྭའི་སྐད་ཡིག་གཞོགས་འདེགས་ལག་དེབ།

སྔོན་གླེང།

མི་རིགས་ཤིག་ལ་མི་རིགས་ཤིག་གི་སྐད་ཡིག་ཡོད་པ་དང་རྒྱལ་ཁབ་ཅིག་ལ་རྒྱལ་ཁབ་ཅིག་གི་ལ་རྒྱ་ཡོད་པ་རེད། རང་མི་རིགས་ཀྱི་སྐད་ཡིག་ལ་དགའ་ཞེན་གྱིས་སློབ་སྦྱོང་བྱེད་པ་ནི་རྒྱལ་ཁབ་ཀྱི་ལ་རྒྱ་བཟུང་བ་ཡིན། དེ་ནི་རྒྱལ་ཁབ་དང་མི་རིགས་ལ་དགའ་བའི་མཚོན་རྟགས་ཀྱང་ཡིན། མི་རིགས་ཀྱི་སྐད་ཡིག་ཉམས་སོང་ན་རྒྱལ་ཁབ་གཞན་ལག་ཏུ་ཤོར་བ་དང་གཅིག་མཚུངས་ཡིན།
སྐད་ཡིག་ནི་སློབ་འབྲིང་གི་བསླབ་ཚན་ཁྲོད་ཀྱི་གཙོ་བོའི་གྲས་ཡིན་པར་མ་ཟད། སློབ་སྦྱོང་དང་བྱ་བ། འཚོ་བ་བཅས་ཀྱི་ལག་ཆ་རྩ་ཆེན་ཞིག་ཀྱང་ཡིན། དེར་བརྟེན་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་བ་དེ་ནི་སློབ་མ་ཁོ་ནའི་འགན་འཁྲི་ཙམ་མ་ཡིན་པར་སྤྱི་འབངས་རེ་རེའི་རང་ཉིད་ཀྱི་དགོས་མཁོ་ཉག་གཅིག་ཀྱང་ཡིན་ནོ། །
དེ་བས། ང་ཚོས་རྩོམ་ཡིག་འབྲི་སྦྱོང་ལ་ཤུགས་སྣོན་བྱེད་དགོས། རྩོམ་འབྲིའི་བྱ་བ་ནི་མིའི་རིགས་ཀྱིས་ཡིག་ཐོག་གི་སྐད་བརྡ་བེད་སྤྱད་དེ་མདུན་སྐྱོད་བྱས་པའི་གསར་སྐྲུན་རང་བཞིན་གྱི་བསམ་བློའི་འགུལ་སྐྱོད་ཅིག་ཡིན། གནའ་ནས་བཟུང། མིའི་རིགས་ཀྱིས་རང་བྱུང་ཁམས་དང་འཚོ་བའི་ཤེས་རྟོགས་ཀྱི་འབྲས་བུ་དུས་ལྟར་བེད་སྤྱད་ཅིང། ཁྱབ་བརྡལ་དང་ཡུན་གནས་ཡོང་ཐབས་དང་རྩོམ་འབྲིའི་གཞུང་ལུགས་འཚོལ་ཞིབ་ཀྱི་རྒྱུན་མ་ཆད། དེ་མཚུངས་སུ་རྗེས་རབས་པར་ཕུན་སུམ་ཚོགས་པའི་བརྩམས་ཆོས་ཀྱི་ཤུལ་དངོས་བཞག། འདི་ལྟར་བཤད་ཆོག་སྟེ། རྩོོམ་འབྲིའི་བྱ་བ་མེད་ཚེ་ལོ་རྒྱུས་ཡོད་མི་སྲིད་ལ་རྩོམ་ཡིག་ཟེར་བའང་མེད། དེ་བས་ཀྱང་ཤེས་རིག་ལྡན་པའི་དེ་རིང་གི་འཇིག་རྟེན་འདི་ཡོད་མི་སྲིད། དེང་གི་ཆར་རྩོམ་འབྲིའི་རིགས་ལ་རྣམ་པ་མི་འདྲ་བ་གཉིས་ཡོད་པ་སྟེ། མ་དཔེ་རང་བཞིན་གྱི་རྒྱུན་མཁོའི་རྒྱུན་སྤྱོད་ཡིག་རིགས་ཤིག་དང་ཐུན་མིན་མཛེས་དཔྱོད་རང་བཞིན་གྱི་རྩོམ་རིག་གསར་རྩོམ་རིགས་ཤིག་གོ །དེ་བས། རྒྱུན་སྤྱོད་ཡིག་རིགས་དང་རྩོམ་རིག་གསར་རྩོམ་གྱི་རིགས་དབྱེ་ཆེན་པོ་གཉིས་ལ་མ་འདུས་པའི་རྩོམ་འབྲིའི་རིགས་ཤིག་མེད་ཅེས་བརྗོད་ཆོག
དེར་བརྟེན། འདི་ནས་བཙན་བྱོལ་བོད་ཀྱི་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་ལྟར་གཞི་རིམ་བོད་སྐད་ཡིག་གི་སློབ་དེབ་ཀྱི་གཞོགས་འདེགས་ལག་དེབ་ཅིག་བསྒྲིགས་པ་ཡིན། དེབ་ཆུང་འདིར་དགོས་མཁོ་ལྟར་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག དགག་སྒྲུབ་རྩོམ་ཡིག་དང་དེ་དག་བར་གྱི་ཁྱད་པར། གཞན་ཡང་སྙན་ངག་དང་བརྩམས་སྒྲུང། དེ་བཞིན་རྩོམ་ལུས་དབྱེ་སྟངས་བཅས་ཀྱི་འབྲེལ་ཡོད་ཤེས་བྱ་མི་ཉུང་བ་རེ་བཀོད་ཡོད། འདིའི་དམིགས་ཡུལ་ནི་དུས་རབས་དང་མི་རིགས་ཀྱི་དགོས་མཁོ་དང་འཚམས་པའི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་བསྐྱེད་སྲིང་བྱ་རྒྱུ་དང། ཁྱད་པར་དུ་བློ་གསལ་ན་ཆུང་སློབ་མ་དག་གི་སྒྱུ་རྩལ་དང་སྒྱུ་རྩལ་མ་ཡིན་པའི་རྩོམ་འབྲིའི་བྱ་བར་རྨང་གཞི་བརྟན་པོ་ཞིག་འདིང་བའི་ཆེད་དུ་ཡིན།
འོན་ཀྱང། ཕྲན་ཀྱི་ཤེས་ཡོན་དང་ཉམས་མྱོང་ལ་ཚད་ཡོད་པས། དེབ་འདིའི་སྒྲིག་སྟངས་དང་རྩོམ་ཡིག་གི་ཚིག་དོན་གྱི་ཆ་ལ་སོགས་པའི་ཐད་ནས་ཆད་ལྷག་མི་ཉུང་བ་ཞིག་ཤོར་སྲིད་པས་དཔྱོད་ལྡན་རྣམ་པས་དགོངས་འཆར་ལྷུག་སྩོལ་གནང་བར་མཁྱེན། རྩོམ་སྒྲིག་པས། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༥ བཟང་པོར་ཕུལ།  བཞུགས་སྒར་དྷ་ས་ནས།

དཀར་ཆག

རྩོམ་ཡིག་གི་གོ་དོན།
གསལ་བཤད་རྩོམ་ཡིག
ཇི་བཞིན་བརྗོད་པའི་རྩོམ་ཡིག
དགག་སྒྲུབ་རྩོམ་ཡིག
རྩོམ་ལུས།
སྙན་ངག
བརྩམས་སྒྲུང།

སྤྱིའི་འགན་འཁུར། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་པ། འཇམ་དབྱངས།
ཇུས་འགོད། འཇམ་དབྱངས།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
དགེ་འདུན་དོན་ཡོད།

འདོན་ཐེངས་དང་པོ ༢༠༡༣ ལོ།
དཔར་ཐེངས་དང་པོར་དེབ་གྲངས་ ༡༠༠༠ དཔར།

ཤེས་ཡོན་ལྷན་ཚོགས་ཀྱིས་འགྲེམས་སྤེལ་བྱས།

Special Acknowledgement

Funded by Danish Government, through Centre for International Cooperation in Education (CICE) – Copenhagen, Denmark

མདུན་ཤོག