བོད་ཀྱི་བརྡ་སྤྲོད་བློ་གསལ་རིག་པའི་གསང་མཛོད།

དཔར་སྐྲུན་ཆེད་བརྗོད།

༄༅། །ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ལོ་ངོ་མང་པོའི་རིང་བོད་ཀྱི་རིག་གནས་འཁྲིད་སྤེལ་གནང་བ༌དང་ལྷན་ཆོས་རྗེ་ས་པཎ་གྱི་ཡིག་སྦྱོར་འགྲེལ་པ་དང། པྲ་ཏིའི་རྟགས་འཇུག་གི་འགྲེལ་པ། སི་ཏུའི་སུམ་རྟགས་ཀྱི་འཁྲིད་རྒྱུན་ཁག་གི་ཐུན་མོང་མ་ཡིན་པའི་བཞེད་པ་རྣམས་ཁ་གསལ་ཞིང་དོན་ཟབ་པ། དེང་སྐབས་ཀྱི་རང་རེའི་སྤྱི་ཚོགས་སྤྱི་དང་ཁྱད་པར་སློབ་གྲྭ་ཆེ་འབྲིང་ཁག་གི་བསླབ་གཞིའི་རོགས་འདེགས་སུ་མཁོ་གནད་ཆེ་བས། དོ་བདག་རྩོམ་པ་པོའི་ལག་རྗེས་སུ་ངོས་འཛིན་གྱིས་བསྔགས་བརྗོད་དང་ཆབས་ཅིག་དཔར་དུ་བསྐྲུན་ཏེ་གཏན་ཉིན་སློབ་གྲྭ་ཁག་ཏུ་རིན་མེད་འགྲེམས་སྤེལ་བྱས་པ༌འདིས། བོད་ཀྱི་སྐད་ཡིག་འཁྲིད་སྦྱོང་གི་བྱ་བར་ཕན་ཐོགས་མི་དམན་པ་འབྱུང་བའི་རེ་འདུན་བཅས། ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༠ ཟླ་༡ ཚེས་༨ ཉིན།

གླེང་བརྗོད་།

    བོད་མིའི་ཆོས་དང་རིག་གཞུང་ཡོངས་རྫོགས་ཀྱི་གཞི་རྟེན་ནམ། མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་པའི་བླ་སྲོག་བོད་ཀྱི་སྐད་ཡིག་གི་སྒྲོམ་གཞི་འདི་ཉིད། འདས་པའི་མི་ལོ་༡༣༥༠ ལྷག་གི་རིང༌། གསར་བཏོད་དང༌། རྒྱུན་འཛིན། ལེགས་བཅོས་ཀྱིས་སྐད་གསར་བཅད་མཛད་པ་སོགས་ཀྱག་ཀྱོག་ཆེ་བའི་བཞུད་ལམ་རིང་མོ་ཞིག་བརྒྱུད་ཅིང༌། ལྷག་པར་དུ་ལོ་རྒྱུས་ཐོག་ཡོངས་གྲགས་གླང་དར་གྱིས་ནང་བསྟན་བསྣུབས་པའི་ལོ་རྒྱུས་ཀྱི་གོད་ཆག་གིས། བོད་ཀྱི་རིག་གཞུང་སྤྱི་དང་བྱེ་བྲག་བརྡ་སྤྲོད་ཀྱི་གཞུང་ལུགས་ཀྱང་ཁ་འཐོར་བ་དང༌། ཆ་མི་ཚང་བའི་གནས་སུ་གྱུར་བས་འཆད་ཉན་དང༌། ལག་ལེན་ས་བཅད་མ་སྟོང་ཙམ་ཞིག་ལས་མ་ལྷག་ནའང༌། ས་སྐྱ་གོང་མ་ན་རིམ་གྱིས་བོད་ཀྱི་སྲིད་དབང་བཟུང་སྐབས། ལྷག་ལུས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ། ནང་འདྲེན་བཅས་ཀྱི་ཐབས་བྱུས་ལ་བརྟེན་ནས་བོད་ཀྱི་ཐ་སྙད་རིག་གནས་ཀྱི་གོམ་པ་གསར་བ་ཞིག་སྤོ་མགོ་བརྩམས་ཤིང༌། ད་ལྟའི་ཆར་འཛམ་གླིང་ནང་སྙན་གྲགས་ཆེ་བའི་བོད་ཀྱི་ཆོས་བརྒྱུད་ཁག་གི་རྩ་བ་ཡང་འདི་ནས་བཙུགས་ཤིང་རྒྱས་ཏེ། ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་གི་ཁ་ཕྱེ་བ་ཡིན་པས། ས་སྐྱ་གོང་མ་ན་རིམ་གྱི་བཀའ་དྲིན་དང་ཕྱག་རྗེས་ཀྱང་ཕྱི་རབས་པ་ཚོས་དྲན་འོས་པ་ཞིག་ཡིན།
    མ་ཟད། འཇམ་དབྱངས་མི་ཡི་ཟློས་གར་ས་སྐྱ་པན་ཆེན་ཀུན་དགའ་རྒྱལ་མཚན་(ཕྱི་ལོ་༡༡༨༢ ནས་ ༡༢༥༡)རང་ཉིད་ཀྱིས་ཐ་སྙད་རིག་གནས་ཀྱི་སྐོར་ལ་ཕྱག་ལས་གནང་ཞིང༌། སློབ་དཔོན་ཐོན་མིའི་སུམ་རྟགས་གཉིས་ཀྱི་དོན་འགྲེལ་ཚིགས་བཅད་མ་ཡི་གེ་སྦྱོར་བ་ཞེས་པ་གསར་རྩོམ་མཛད་དེ། སུམ་རྟགས་གཉིས་ལ་འགྲེལ་བ་གཞི་མ་གྲུབ་པའི་སྟོང་ཆ་དེ་ཁ་བསྐངས་པ་དང༌། རྩ་བ་མཁན་པོའི་བཞེད་དགོངས་གསལ་བར་མཛད་དེ་འཆད་ཉན་ཡང་གནང་ཡོད་ངེས་ནའང༌། ད་ལྟའི་བར་བསྟན་བཅོས་འདི་ལ་འགྲེལ་བ་མཛད་མཁན་ཞིག་ཕལ་ཆེར་མ་བྱུང་བར་མངོན། ད་ལམ་ཡི་གེ་སྦྱོར་བའི་རྒྱས་འགྲེལ་རྣམ་བཤད་ཐོག་མ་སྨྲ་བའི་རྒྱན་ཞེས་བྱ་བ་འདི་ཉིད། རྩོམ་པ་པོ་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་ནམ་དབྱངས་ཅན་ངག་དབང་དཔལ་འབྱོར་ལགས་ཀྱིས། ཕྱི་ལོ་༡༩༩༧ ལོ་ནས་ད་ལྟའི་བར་ལོ་ངོ་བཅུ་གསུམ་རིང༌། ས་རཱ་མཐོ་སློབ་ནང༌། མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་བཅུ་གཅིག་ཙམ་དང༌། དེ་བཞིན་འབྲིང་རིམ་དགེ་འོས་སྐབས་ལྔ་དང༌། དམའ་རིམ་དགེ་འོས་སྐབས་གསུམ། ཆོས་དགེ་འོས་སྦྱོང་སྐབས་གཅིག གཞུང་ཞབས་འོས་སྦྱོང་སྐབས་དྲུག་དང༌། གཞན་ཡང༌། ཆོས་སྡེ་རྫོང་སར་བཤད་གྲྭ་སོགས་ལ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང༌། དེ་བཞིན་བརྡ་སྤྲོད་སུམ་རྟགས་དག་གསུམ་དང༌། གནས་བརྒྱད་རྩ་འགྲེལ། དབྱངས་ཅན་སྒྲ་མདོ་དང༌། སྙན་ངག་གི་སྐོར་སོགས་ཐ་སྙད་རིག་གནས་འཆད་ཁྲིད་མཛད་དེ། སྔ་ཕྱིར་དཔལ་ལྡན་རང་གཞུང་ཤེས་རིག་དང༌། ཆོས་དོན། གཞུང་ཞབས་འདེམས་ལྷན་སོགས་ཀྱིས་གོ་སྒྲིག་ལམ་སྟོན་ལ་མཁྱེན་ལྷག་བརྩོན་གསུམ་འབུར་དུ་དོད་དེ་སྲི་ཞུ་རྒྱུན་རིང་ཞུས་པའི་ཉམས་མྱོང་རིམ་བསགས་ཀྱིས། གངས་ཅན་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལ་མཐོང་ཐོས་ཀྱི་མཁྱེན་རྒྱ་ཆེ་ཞིང༌། དཔྱད་ཞིབ་ཐུགས་སྣང་ཆེ་ཁར། ཡོངས་གྲགས་བརྡ་སྤྲོད་ཀྱི་གཞུང་གསར་རྙིང་ཙམ་དུ་མ་ཟད། ལེགས་སྦྱར་ཀྱི་སྒྲ་གཞུང་དག་ལ་ཡང་བརྒྱུད་ལྡན་མཁས་པའི་ཁྲིད་རྒྱུན་རྣམ་པར་དག་པའི་མན་ངག་གིས་ཡོངས་སུ་ཕྱུག་ཅིང༌། ཕྱག་ལས་གང་གི་སྐབས་སུ་ཡང་ཧོལ་རྒྱུགས་དང་གཡམ་བཤད་ཀྱི་རྗེས་སུ་མི་འབྲང་བར་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ཀུན་སྤྱོད་བབ་བརླིང་བརྟན་གསུམ་དང་ལྡན་པའི་ཆ་རྐྱེན་གྱི་སྦྱོར་བ་ལ་བརྟེན་ནས། དངོས་གཞི་ཆོས་རྗེ་ས་པན་གྱི་ལྗགས་རྩོམ་ཡི་གེ་སྦྱོར་བ་འདིར་འགྲེལ་བ་དང༌། མཐའ་དཔྱོད་མ་བྱུང་བར་དཔེ་ཁྲོད་དུ་ལུས་པ་ཐུགས་བློས་མ་བཟོད་པ་དང༌། བསྟན་བཅོས་འདི་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་སྦྱོང་སྤྱོད་ལ་ཉེ་བར་མཁོ་བའི་དགེ་མཚན་ཧ་ཅང་ཆེ་ཞིང༌། དམ་པ་གོང་མ་ཚོའི་ཐུགས་རེའི་བཞེད་མཐིལ་ཆུད་མི་ཟ་བའི་བཀའ་དྲིན་བསབ་པ་དང༌། ཆོས་རྗེ་ས་པན་གྱི་བཞེད་དགོངས་མི་ནུབ་ཡུན་གནས་དང༌། སུམ་རྟགས་རྩ་བའི་དགོངས་དོན་གཏིང་ཟབ་ལ། རྒྱ་ཆེ་བའི་གནས་ལུགས་དཔྱིས་ཕྱིན་པ་མཁྱེན་ཅིང་གཞན་ལ་འདོམས་པར་སྨན་པ་དང༌། བོད་ཀྱི་སྐད་ཡིག་འཕེལ་རྒྱས་དང༌། ཞིབ་འཇུག་གི་དཔྱད་གཞིར་སྨན་སླད། རྩ་བའི་གཞུང་གི་ཁོག་འབུབས་ལུགས་དང༌། བློ་ངོར་འདུམ་བདེ་བའི་ཆེད་དུ་ས་བཅད་ཀྱི་དུམ་ཚན་སོ་སོར་བགོས་ཏེ། ཚིག་དོན་མཐར་ཆགས་ཞིབ་འགྲེལ་དང༌། མཐའ་དཔྱོད་པའི་ཚེ་ནའང་སྔོན་བྱོན་མཁས་པའི་བཞེད་སྲོལ་ལ་ཁྲིད་རྒྱུན་དང༌། རྩལ་བཤད་ཀྱི་རིགས་ལམ་ཟུང་དུ་སྦྲེལ་ཅིང༌། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱི་མ་རྐང་དེ། རྒྱ་གར་གྱི་ལེགས་སྦྱར་གྱི་བརྡ་སྤྲོད་གཞུང་ལུགས་ལ་གཞི་བྱས་འདུག་པའི་གནས་ལུགས་མགོ་མཇུག་བར་གསུམ་དང༌། ཕྱོགས་དང་སྒོ་ཀུན་ནས་གསེད་བཀྲོལ་གྱིས། མ་བུ་ངོ་སྤྲོད་འཆད་ཐབས་རྣོ་ངར་ཆེ་བའི་འཇུག་ངོགས་ལས་ཐོན་འདུག་ལ། རྒྱས་འགྲེལ་འདིའི་ནང༌།

  1. ཡི་གེ་སྦྱོར་བའི་སྐྱེ་གནས་སྟོན་པའི་རྣམ་གཞག་ལ་སྔོན་ཆད་འགྲེལ་མཁན་མ་བྱུང་བའི་དབང་གིས་ཤེས་དཀའ་བའི་གནས་སུ་གྱུར་བ་དང༌། དེ་བཞིན་ཡི་གེ་གྲངས་ཀྱིས་བསྟན་པ་མང་དུ་ཡོད་པ་རྣམས་ལ་ཞིབ་འགྲེལ་མཛད་འདུག་པ་དང།
  2. བོད་ཀྱི་བརྡ་སྤྲོད་ཀྱི་རྣམ་གཞག་མིང་ཚིག་ཡི་གེའི་ཚོགས་གསུམ་དུ་བསྡུས་ནས་གསུངས་པས། སུམ་རྟགས་ཀྱི་རྩ་ཚིག་ཀྱང་གོང་འོག་གི་སྡེབ་སྦྱོར་དཀྲུགས་ནས་འཆད་འདུག་པ་ལྟར། དེའི་དོན་རྩ་བའི་མཐིལ་དུ་བཟུང་ནས་ས་བཅད་ཕྱེས་ནས་འཆད་པ་དང༌།
  3. རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ཞལ་གསལ་གསུངས་པ་ལ། མཁས་མཆོག་སི་ཏུ་སོགས་ཀྱིས་དགག་པ་མཛད་པའི་གནས་སུ་གྱུར་ནའང༌། ཞིབ་ཏུ་དཔྱད་ན། ཆོས་རྗེ་ས་པན་གྱི་དགོངས་པ་གཞིར་བཞག་ཐོག ནང་གསེས་རྟགས་ཀྱི་དབྱེ་བའི་སྐབས་སི་ཏུའི་རིགས་ལམ་གྱི་འགྲོས་བཀབ་ན། སྐྱོན་སྟོན་པའི་སྐབས་མི་རྙེད་པར་མ་ཟད། གཞུང་གི་ཁོག་གཅིག་ཏུ་འབབ་པའི་གནས་ལུགས་ཞིབ་ཏུ་གླེང་སྟེ་དཔྱད་གཞིར་བཀོད་འདུག་པ་དང༌།
  4. ཚིག་གི་སྐབས་སུ་དབྱེ་བསྡུ་གཉིས་ཀྱི་སྒོ་ནས་གསུངས་ཡོད་པ་བཞིན་ཞིབ་བཤད་རྒྱས་གླེང་དང༌། དབྱེ་བ་རྣམ་དབྱེའི་སྐོར། བོད་སྔ་རབས་པའི་ལུགས་བཞིན་བཀྲལ་པས། དེང་སྐབས་བོད་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་ཀྱི་ལུགས་དང་ཅུང་ཟད་མི་མཐུན་ནའང༌། རྣམ་དབྱེ་འཆད་དགོས་པའི་དོན་དང༌། རྣམ་དབྱེའི་རང་བཞིན་སོགས་ཇི་བཞིན་བཤད་ཡོད་པར་མ་ཟད། ལེགས་སྦྱར་གྱི་རྣམ་དབྱེ་དང༌། གཅིག་མཚུངས་སུ་བཤད་འདུག་པས་བློ་གསལ་གཟུར་གནས་དོན་གཉེར་ཅན་དག་ལ་དཔྱད་གཞིའི་བློ་སྐྱེད་རེ་འབྱུང་ངེས་པ་དང༌།
  5. སློབ་དཔོན་ཐོན་མིའི་སུམ་རྟགས་གཉིས་ལ་བོད་ཀྱི་བརྡ་སྤྲོད་ཀྱི་གནད་འགག་ཕྱོགས་དང༌། སྒོ་ཐམས་ཅད་ནས་ཚང་ཡོད་མེད་དང༌། ད་དུང་ཁ་སྐོང་གང་དག་དགོས་མིན་ཐད། བསམ་ཚུལ་དང་མཐོང་ཕྱོགས་གང་ཡོད་དེང་རབས་བརྡ་སྤྲོད་མཁས་པའི་ལུགས་དང་སྦྲགས་ནས་གསལ་བཤད་གང་འཚམ་བྱས་འདུག་པ་དང༌།
  6. ཕྱིས་ཀྱི་མཁས་པ་ཁག་གཅིག་གིས་སུམ་རྟགས་ཀྱི་རྩ་བ་སློབ་དཔོན་ཐོན་མིའི་མིན་ལུགས་དང༌། དེ་ནི་ས་པན་གྱི་ཡི་གེ་སྦྱོར་བ་འདི་ཉིད་ལས་ལོགས་སུ་མེད་ལུགས་འདོད་མཁན་ཡོད་པ་ལ། འགྲེལ་པ་འདིར་སུམ་རྟགས་གཉིས་ཀྱི་རྩ་བ་གོང་འོག་དཀྲུགས་པ་ལ་དགོས་པ་ཡོད་ལུགས་རྩ་བའི་མཐིལ་དུ་བཟུང་ནས་འཆད་ཅིང༌། ཐོན་མིའི་རྩ་ཚིག་དང༌། བཤད་སྦྱར་ལྟ་བུའི་ཚིགས་སུ་བཅད་པའི་དོན་གཉིས་མི་འདྲ་བའི་ཆ་ཡོད་པའང་གསལ་བཤད་མཛད་གང་ཐུབ་བྱས་འདུག

    གཞན་ཡང༌། ཚིག་གི་སྡེབ་སྦྱོར་ལེགས་ཉེས་དང༌། ཚིག་གི་ལོ་མ་ཅུང་ཟད་སྟུག་ཆེས་ནས་དོན་གྱི་འབྲས་བུ་བསྒྲིབས་པ་དང༌། སྔ་ཕྱི་མཁས་པའི་གཞུང་ལུགས་ཀྱི་དངོས་ཤུགས་བསྟན་དོན་དང༌། དྲང་ངེས་ཀྱི་ཚིག་ལ་དཔྱོད་པའི་ཚེ་རིགས་ལམ་གྱི་རྣོ་རྟུལ་སོ་མཚམས་སོགས། བློ་དཀྱེལ་ཡངས་པའི་གཟུར་གནས་ཤེས་ལྡན་དག་གིས་ལུང་རིགས་ཀྱི་རྐྱ་བར་ནས་དྲངས་ཏེ༑ དཔྱད་དགོས་པའི་གནད་དོན་ཡང་ཁ་ཤས་ཡོད་སྲིད་པ་དང༌། གང་ལྟར། 《བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་བཞེད་སྲོལ་ཐུན་མིན་མཁས་མཆོག་སི་ཏུའི་དགོངས་པ་རབ་གསལ་》དང༌། 《ཡི་གེ་སྦྱོར་བའི་རྣམ་བཤད་སྨྲ་བའི་རྒྱན་》ཞེས་བྱ་བའི་ལེགས་བཤད་འདི་གཉིས་ཀྱིས། སློབ་དཔོན་ཐོན་མི་དང༌། ཆོས་རྗེ་ས་པན། མཁས་མཆོག་སི་ཏུ་གཙུག་ལག་ཆོས་ཀྱི་འབྱུང་གནས་འཕྲིན་ལས་ཀུན་ཁྱབ་ཡེ་ཤེས་སྡེ་སོགས་ཀྱི་དགོངས་པ་མི་ཉམས་གོང་འཕེལ་དང༌། གནད་ལ་ཕིགས་པའི་ལུང་དང་རིགས་པའི་བྱེ་བྲག་རབ་ཏུ་གསལ་བས། ཐེ་ཚོམ་གྱི་དྲ་བ་གཅོད་ནུས་པ་དང༌། ལྟ་ཚུལ་དང་མཐོང་ཐོས་སྔར་མ་གྲགས་པ་དག་གིས། གསར་བ་ལ་དགའ་བ་དག་གི་ཡིད་དབང་འཕྲོག་པར་བྱེད་པ། བློ་ངོར་གཟུང་བདེ་བ་དང༌། རིགས་པའི་རྣམ་འགྱུར་རྣོན་པོར་འཇུག་པས། དག་བཤེར་ཡིད་རྟོན་འཕེར་བ་མང་དག་ཅིག་གིས། བརྡ་སྤྲོད་ཀྱི་དཀའ་གནད་དག་ལ་མ་རྟོགས་པ་དང་ལོག་པར་འཇུག་པའི་བློ་ཡི་བཙན་རྫོང་རང་བཞིན་གྱིས་གཞིག་ནུས་པ་སོགས། ཁྱད་ཆོས་དུ་མས་ཕྱུག་པའི་རྨད་དུ་བྱུང་བའི་ལེགས་བཤད་འདི་ཉིད་སློབ་གཞི་དང༌།  ཞིབ་འཇུག་གི་དཔྱད་གཞིར་གདོན་མི་ཟ་བར་ཕན་ངེས་པས་གཟུར་གནས། བློ་ལྡན། དོན་གཉེར། སྐལ་བ་ལྡན་པ་དག་གི་ངག་གི་དགའ་སྟོན་དུ་ཅིས་ཀྱང་ཆེ་བས་རྗེས་སུ་ཡི་རང་བར་འོས་སོ། །
    རྩོམ་པ་པོའི་ལྷག་བསམ་རྣམ་པར་དག་པས་ཚུལ་འདིར་འབད་པ་ལས་བྱུང་བའི་རྣམ་དཀར་ལེགས་བྱས་ཀྱི་ཕུང་པོ་ཇི་སྙེད་ཅིག་བསགས་པའི་མཐུ་ལ་བརྟེན་ནས་བོད་ཀྱི་བརྡ་སྤྲོད་རིག་པའི་འཕྲིན་ལས་ཡུན་དུ་གནས་ཤིང་ཀུན་ལ་ཁྱབ་ཅིང༌། འགྲོ་ཀུན་སོ་སོར་ཡང་དག་རིག་བཞིའི་དཔལ་ཡོན་ལ་ལོངས་སྤྱོད་པའི་རྒྱུར་འགྱུར་བའི་སྨོན་འདུན་བཅས།
    སེར་བྱེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་སམ། མིང་གཞན་རྒྱལ་བའི་མྱུ་གུར་འབོད་པས་བོད་རྒྱལ་ལོ་༢༡༣༦ རབ་བྱུང་རི་ཟླའི་བགྲང་བྱ་བཅུ་བདུན་པ་ས་གླང་ལོའི་བོད་ཟླ་༡༡ པའི་ཚེས་༡༩  ཉིན་ལེགས་པར་སྦྱར་བ་དགེ་ལེགས་འཕེལ།
 

དེབ་ཀྱི་དཀར་ཆག

  1. ཡི་གེའི་སྦྱོར་བའི་རྩ་བ་བཞུགས་སོ། །
  2. བོད་ཀྱི་བརྡ་སྤྲོད་པ་ཡི་གེའི་སྦྱོར་བའི་འགྲེལ་བ་སྨྲ་རྒྱན་ཞེས་བྱ་བ་བཞུགས་སོ། ། ཐོག་མའི་དགེ་བ་ཀླད་ཀྱི་དོན། མཚན་དོན། མཆོད་བརྗོད། རྩོམ་པར་དམ་བཅའ་བ།
  3. བར་དུ་དགེ་བ་གཞུང་གི་དོན། མདོར་བསྟན་པ། རྒྱས་པར་བཤད་པ། དབྱངས་གསལ་བསྟན་པ། སྐྱེ་གནས་བཤད་པ། བྱུང་བའི་ཡི་གེ་བཤད་པ། མིང་གཞིའི་ཡི་གེའི་རྟགས་ཀྱི་དབྱེ་བ་བཤད་པ།
  4. སྔོན་འཇུག་ཡི་གེ་བཤད་པ།  སྔོན་འཇུག་ཡི་གེའི་རྟགས་ཀྱི་དབྱེ་བ་བཤད་པ།  སྔོན་འཇུག་རྟགས་ཀྱི་འཇུག་ཚུལ་བཤད་པ། མདོར་བསྟན་པ།  རྒྱས་པར་བཤད་པ། འཇུག་པ་བཤད་པ། མི་འཇུག་པ་བཤད་པ། ཇི་ལྟར་འཇུག་པ་བཤད་པ།
  5. ཅིའི་ཕྱིར་འཇུག་པ་བཤད་པ། བདག་གཞན་ངོ་སྤྲོད། བྱ་བྱེད་ཐ་མི་དད་པའི་ལས་ཚིག་ངོ་སྤྲོད། དུས་གསུམ་ངོ་སྤྲོད།  བྱ་བྱེད་ལས་གསུམ་ངོ་སྤྲོད།  སྐུལ་ཚིག 
  6. སྔོན་འཇུག་བ་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ།  མ་ནིང་ག་ད་གཉིས་དགོས་པ་ཅིའི་ཕྱིར་འཇུག་པ།  འ་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ།  མ་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ། 
  7. རྗེས་འཇུག་ཡི་གེ་བཤད་པ།  རྗེས་འཇུག་ཡི་གེ་ངོས་བཟུང་བ།  རྗེས་འཇུག་ཡི་གེ་རྟགས་ཀྱི་དབྱེ་བ་བཤད་པ།  རྗེས་འཇུག་ཡི་གེ་རྟགས་ཀྱི་འཇུག་པ་བཤད་པ།  མདོར་བསྟན་པ།  རྒྱས་པར་བཤད་པ། གང་ལ་འཇུག་པ་དང་གང་གིས་འཇུག་པ་ཐུན་མོང་དུ་བཤད་པ།  ཇི་ལྟར་འཇུག་པ་བཤད་པ།  མདོར་བསྟན་པ།   རྒྱས་པར་བཤད་པ།   སྒྲ་ཡི་འཇུག་ཚུལ་བཤད་པ།
  8. དོན་གྱི་འཇུག་ཚུལ་བཤད་པ།  ཕྲད་འདྲེན་ཚུལ་བཤད་པ།   སླར་བསྡུ།  ལ་དོན་བཤད་པ།  ལ་དོན་གྱི་འཇུག་ཡུལ་བཤད་པ།  ལས་སུ་བྱ་བ།  དགོས་ཆེད། གནས་གཞི།  དེ་ཉིད།  ཚེ་སྐབས།  ན་སྒྲའི་འཇུག་ཡུལ།  ལ་སྒྲའི་འཇུག་ཡུལ།  སྐབས་དོན་ལ་དཔྱད་པ།
  9. ཨི་ལྡན་གྱི་ཕྲད་བཤད་པ། འབྲེལ་སྒྲ་བཤད་པ།  བྱེད་སྒྲའི་ཕྲད་བཤད་པ།  རྒྱན་སྡུད་བཤད་པ།  ལྷག་བཅས་བཤད་པ།  ཞར་བྱུང་དོན་གཞན་བཤད་པ།  འབྱེད་སྡུད་བཤད་པ།   འབྱུང་ཁུངས་བཤད་པ།  འབོད་སྒྲ་བཤད་པ།
  10. ནི་སྒྲ་བཤད་པ།  དང་སྒྲ་བཤད་པ།  སྤྱི་སྒྲ་བཤད་པ།  བདག་སྒྲ་བཤད་པ།  དགག་སྒྲ་བཤད་པ།   དེ་སྒྲ་བཤད་པ།  ཉིད་སྒྲ་བཤད་པ། དེ་ཉིད་ཀྱི་སྒྲ་བཤད་པ།  གལ་ཏེ་ནའི་སྒྲ་བཤད་པ། 
  11. སྔོན་འཇུག་མེད་པའི་དུས་གསུམ་ལ་འཇུག་པའི་ལས་ཚིག་གི་དཔེར་མཚོན་ཁག་ཅིག ཞར་བྱུང་བརྩེགས་འདོགས་ཀྱི་ཡི་གེ་སོགས་བཤད་པ།  སྤང་བླང་གི་ཚུལ་བསྟན་པ།  ཚིགས་བཅད་འགྲོལ་ཚུལ་བསྟན་པ།  ཅིའི་ཕྱིར་འཇུག་པ་བཤད་པ།  མདོར་བསྟན་པ།  རྒྱས་པར་བཤད་པ།  མིང་བཤད་པ།   མིང་གི་དབྱེ་བ་སྤྱིར་བཤད་པ།  མིང་གི་དབྱེ་བ་བྱེ་བྲག་ཏུ་བཤད་པ།  དངོས་མིང་གསུམ་བཤད་པ།  བཏགས་མིང་ལྔ་བཤད་པ། ཚིག་བཤད་པ། རྣམ་དབྱེ་བཤད་པ།
  12. བསྡུ་བ་བཤད་པ། མདོར་བསྟན་པ།  རྒྱས་པར་བཤད་པ། འབྲུ་མང་པོའི་བསྡུ་བ།  ཚིག་བསྡུ་བ།  བྱེ་བྲག་བསྡུ་བ།  ཡན་ལག་བསྡུ་བ།  གཞི་བསྡུ་བ། གཞི་གཅིག་ཏུ་བསྡུ་བ། སྐྱེས་བུའི་བསྡུ་བ།  ཟླས་བསྡུ་བ། མཐའ་མར་དགེ་བ་མཇུག་གི་དོན་བཤད་པ།  ཡི་གེ་སྤྱིའི་དགོས་པ་ལྡོག་ཕྱོགས་ནས་བསྟན་པ།  སྨོན་པའི་མཚམས་སྦྱོར་བ།  མཇུག་རྩོམ། 
  13. བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་བཞེད་སྲོལ་ཐུན་མིན་སི་ཏུའི་དགོངས་པ་རབ་གསལ་ཞེས་བྱ་བ་བཞུགས་སོ། ། 

རྩོམ་པ་པོ་ངོ་སྤྲོད།

    གུས་པའི་མིང་ལ་བསོད་ནམས་རྒྱལ་མཚན་ནམ་དབྱངས་ཅན་ངག་དབང་དཔལ་འབྱོར་ཟེར་ཞིང། ཕྱི་ལོ་༡༩༧༣ ལོའི་ཕྱི་ཟླ་༢ པའི་ཚེས་༢༢ ཉིན་སྐྱེས། རིམ་པར་གཞི་རིམ་གྱི་སློབ་གཉེར་བྱས། དེ་ནས་ནར་སོན་སྐབས་མདོ་སྨད་རིག་པའི་འབྱུང་གནས་དྷི་ཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་སྒོར་ཞུགས་ཏེ། བསྡུས་གྲྭ་དང་རིགས་ལམ་སོགས་ལ་སློབ་གཉེར་བྱས་པ་དང། གཞན་རང་ཡུལ་གྱི་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ལ་སློབ་གཉེར་བྱས། ཕྱོགས་མཚུངས་ཕྱི་ལོ་༡༩༩༣ ལོར་རྒྱ་གར་ལ་བྲོས་བྱོལ་དུ་སླེབས་ནས་གསོག་སྒར་སློབ་གྲྭར་ལོ་ངོ་གཅིག་ལྷག་རིང་ལ་དབྱིན་ཡིག་སྦྱངས་པ་དང། དེ་རྗེས་ས་རཱ་མཐོ་སློབ་ཏུ་ལོ་གཉིས་རིང་དགེ་འོས་སྦྱོང་བརྡར་བྱས་པ་ནས་བཟུང་ད་བར་འདི་ག་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གྱི་མིང་ཙམ་བཟུང་ནས་དགེ་རྒན་བྱས་པ་ལགས།

མདུན་ཤོག