དབྱངས་ཅན་སྤྲུལ་བའི་གླེགས་བམ། (པོད་ཅ་པ)

[toc]

དཔར་སྐྲུན་གསལ་བཤད།

༄༅། །བོད་ཀྱི་རིག་གནས་བཅུའི་ཁོངས་སུ་གཏོགས་པའི་ཟློས་གར་ནི། འདས་པའི་དུས་རབས་སུ་བོད་དུ་ཟློས་གར་བསྟན་བཅོས་སམ་འཁྲབ་གཞུང་བརྩམས་ཆོས་གྲགས་ཅན་རབ་དང་རིམ་ཞིག་ཐོན་ཡོད་པ་མ་ཟད། རྒྱ་ཆེའི་སེར་སྐྱ་མི་མང་ནས་བསྔགས་བརྗོད་དང་དགའ་བསུ་ཆེན་པོ་ཐོབ་ཡོད། འོན་ཀྱང༌། ཉེ་བའི་དུས་རབས་ནང༌། བོད་མི་སྤྱི་མཐུན་ལས་དབང་རྐྱེན་གྱིས་བོད་ཀྱི་སྒྱུ་རྩལ་རྩོམ་རིག་གི་ཡ་གྱལ་དུ་གྱུར་པའི་འཁྲབ་སྟོན་རྩོམ་རིག་ཟློས་གར་འཁྲབ་གཞུང་དང་གློག་བརྙན་འཁྲབ་གཞུང་དེ་མི་རིགས་གཞན་དང་བསྡུར་ན་བསྔོགས་ཞིབ་དང་འཕེལ་རྒྱས་དེ་ཙམ་བྱུང་མེད་པས། ཞན་ཆ་དེ་ཁ་སྐོང་སླད་བོད་ཕྱི་ནང་གི་རྩོམ་པ་པོ་མང་པོ་ཞིག་གིས་དམིགས་བསལ་ཐུགས་སྣང་དང་འབད་བརྩོན་བྱས་དང་བྱེད་མུས་སུ་ཡོད།
    མི་རིགས་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་བྱ་བར་རྩོམ་རིག་གི་ཞིང་ས་བསྐྲུན་དགོས་ཤིང༌། རྩོམ་རིག་གི་ཞིང་སར་འཁྲབ་སྟོན་བརྩམས་ཆས་ཕུལ་བྱུང་གི་མེ་ཏོག་ཁྲ་ལམ་མེར་བཞད་དགོས་ན་འཁྲབ་གཞུང་རྩོམ་རིག་ལ་ཕྱོགས་གང་ཐད་ནས་མཐོང་ཆེན་དང་ཤུགས་སྣོན་རྒྱག་རྒྱུ་གལ་འགངས་ཤིན་ཏུ་ཆེ། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱི་གསུང་པོད་ཅ་པ་སྨྱཆོས་རྒྱལ་དཀོན་མཆོག་འབངས་ཀྱི་རྣམ་ཐར་འཁྲབ་གཞུང་ངོ་མཚར་སྒྱུ་མའི་ཟློས་གར་མཐོང་བ་དོན་ལྡན་ཡཅེས་པའི་ཕྱག་དེབ་འདི་ནི། འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་སྐུའི་འཁྲུངས་རབས་ལས་ཆོས་རྒྱལ་དཀོན་མཆོག་འབངས་ཀྱི་རྣམ་ཐར་འཁྲབ་གཞུང་དུ་བཅོས་པའི་འཁྲབ་གཞུང་རྩོམ་རིག་གི་ཁོངས་སུ་གཏོགས་པ་ཞིག་ཡིན་ཞིང༌། གོང་བཀོད་དམིགས་ཡུལ་སྤྱི་དང་ཁྱད་པར་དེང་བཙན་བྱོལ་ནང་འཁྲབ་གཞུང་བརྩམས་ཆས་ཧ་ཅང་མཇལ་དཀོན་པའི་གནས་སྟངས་འོག རྩོམ་པ་པོས་བསྟན་བཅོས་འདི་ལྟ་བུ་ཞིག་མཛད་པར་བསྔགས་བརྗོད་དང་སྦྲགས་པར་སྐྲུན་མཐུན་འགྱུར་བྱས་པ་ཡིན་ན། ཀློག་པ་པོ་སྤྱི་དང་ཁྱད་པར་གཏན་ཉིན་སློབ་གྲྭའི་དགེ་སློབ་ཚང་མས་དཔེ་དེབ་འདིའི་དགེ་བེད་སྤྱོད་ཐུབ་པ་ཞིག་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་ཚན་པས། བོད་རྒྱལ་ལོ་༢༡༣༣ ཕྱི་ལོ་༢༠༠༦ ཟླ་༩ ཚེས་༢༥ ཉིན།

སྔོན་གླེང༌།

    ༄།ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང།
    །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།

    ཞེས་པའི་བྱིན་ཅན་བསྟོད་ཕྱག་གིས་སྔུན་བསུས་ཏེ། བདག་ཅག་ཁ་བ་གངས་ཅན་པའི་མགོན་པོ། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ཉིད་འཇིག་རྟེན་གྱི་ཁམས་འདིར་རྒྱལ་བློན་སེམས་དཔའ་དུ་མའི་ཚུལ་དུ་སྤྲུལ་ནས་སེམས་ཅན་སྤྱི་དང་སྒོས་བོད་གངས་ཅན་པ་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་སྐུའི་སྐྱེ་བ་ངོ་མཚར་ཚར་དུ་དངར་བ་ཞིག་ཡོད་པ་ལས། འདིར་ཆོས་རྒྱལ་དཀོན་མཆོག་འབངས་ཀྱི་སྐུའི་སྐྱེ་བ་བཞེས་པའི་རྣམ་ཐར་ྋཇོ་བོ་རྗེ་དཔལ་མར་མེ་མཛད་དམ་ཨ་ཏི་ཤས་གསུངས་པ་ཅུང་སྟབས་བདེ་གོ་བདེའི་འཁྲབ་གཞུང་དུ་བཅོས་པའང་ལས་སྨོན་བཟང་པོའི་མཚམས་སྦྱོར་དུས་ནས་དུས་སུ་སྨིན་པའི་སླད་དུའོ།
    དེ་ཡང༌། ཆེན་པོ་ཧོར་གྱི་ྋསྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་འཇམ་དཔལ་རྣམ་གྲོལ་མཆོག་གིས་འདི་འདྲ་ཞིག་དགོས་གལ་ཆེ་བའི་རྩོམ་བསྐུལ་གནང་བའི་བཀའི་སྙུ་གུ་སྙིམ་པར་ཐོགས་ཏེ། རྣམ་ཐར་ལས་ལུག་རྫི་ཁྱེའུ་དེ་ཉིད་བུ་མོ་མེ་ཏོག་མ་ཞེས་པ་ཞིག་ལ་བསྒྱུར་བ་ཙམ་ལས་བྱུང་རིམ་དངོས་ལ་རྟོག་བཟོ་གང་ཡང་མེད་པར་སྲས་མོ་ཀུན་ཏུ་བཟང་མོས་གཙོས་འཇིག་རྟེན་པའི་ཆོས་དང་ཆོས་མིན་གྱི་སྤྱོད་ཚུལ་གཙོ་བོར་སྟོན་པ་སོགས་ཐབས་ཀྱི་ཕྱོགས་ཀྱི་ལེའུ་གཅིག་དང། རྒྱལ་བུ་དཀོན་མཆོག་འབངས་ཀྱི་ཐུན་མིན་མཛད་པ་གསང་སྔགས་ཀྱི་ཉེ་ལམ་ཤེས་རབ་ཀྱི་ཕྱོགས་ལེའུ་གཅིག་སྟེ། སྟོད་ཆ་སྨད་ཆ་གཉིས་སུ་བྱས་ཤིང། དེ་རེ་རེ་ལའང་ནང་གསེས་འཁྲབ་ཚན་ཁག་འགར་བྱས་ཏེ། གློག་བརྙན་ཟློས་གར་འཁྲབ་གཞུང་གི་རྣམ་པར་གཟིགས་འབུལ་ཞུ་བའི་ཚུལ་དུ་བྲིས་ཡོད་ན་ཡང། གཏམ་བརྗོད་འཁྲབ་གཞུང་གི་ཚུལ་དུ་ཡང་འཁྲབ་མི་ཆོག་པ་མེད་པས་འཁྲབ་མཁན་སོ་སོའི་མཐུན་རྐྱེན་དང་འཇོན་ཐང་ལ་ལྟོས་ནས་འཁྲབ་པར་རིགས་སོ།
    འདི་དང་ལྷན་དུ་གཏམ་བརྗོད་ཟློས་གར་ཐུང་ངུ་གསུམ་ཡང་ཟུར་དུ་བཀོད་ཡོད་པ་སུ་ཞིག་གིས་འཁྲབ་སྟོན་གནང་ཡང་དགའ་བསུ་ཡོད།
རང་གཞུང་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་མཐུན་རྐྱེན་སྦྱར་ཏེ་དཔར་སྐྲུན་དང་འགྲེམས་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ།

    །དད་དང་ལྷག་བསམ་དར་གྱིས་ལྕིབས་པ་ཡི། །སྒྱུ་མའི་རྣམ་ཐར་སྒྱུ་རྩལ་གླེགས་བམ་འདིར།
    །བྱིས་བློས་བྱས་པའི་དྲི་མ་གང་མཆིས་རྣམས།  །རང་ལ་འགོས་ཤིང་དགེ་བ་གཞན་ལ་བསྒོའོ།

རྩོམ་སྒྲིག་པས། ༢༠༠༦།༨།༢༨།

དེབ་ཀྱི་དཀར་ཆག

སྟོད་ཆ།
སྲིད་པ་སྒྱུ་མའི་ལྟད་མོ།
།ཀུན་ཏུ་བཟང་མོ་བར་ཆད་རླུང་གིས་ཁུར།
།ས་མཐའ་ཉུལ་ནས་བདེན་མཐའི་བདེ་བ་རྙེད།
།སྤྲུལ་བའིསྲས་ཀྱིས་སྣ་ཚོགས་སྤྲུལ་བ་ཡིས།
།ལས་ཅན་རྣམས་ལ་ལས་འབྲས་བདེན་པ་བསྟན།
འཁྲབ་ཚན་དང་པོ།
།ཀུན་ཏུ་བཟང་མོའི་འཁྲུངས་སྐར་ལ།
།ཀུན་ནས་དགའ་བའི་དགའ་སྟོན་མཛད།
འཁྲབ་ཚན་གཉིས་པ།
།བྲན་མོ་ཟུང་གི་ཕྲག་དོག་གཡོ་ཇུས་ཀྱིས།
།ཀུན་ཏུ་བཟང་མོའི་གསེར་གཞོང་ཆུ་ལ་བོར།
འཁྲབ་ཚན་གསུམ་པ།
།རྒྱལ་པོ་ཡབ་ཡུམ་མྱ་ངན་ཁུར་དང་བཅས།
།ཀུན་ཏུ་བཟང་མོ་ལྕེབས་སྙམ་འདས་མཆོད་བསྒྲུབས།
འཁྲབ་ཚན་བཞི་བ།
།ཀུན་ཏུ་བཟང་མོ་བཤུལ་རིང་ཐང་སྟོང་དུ།
།བདེ་སྤྱོད་རྒྱལ་བུར་མཇལ་ནས་བཙུན་མོར་བསུས།
འཁྲབ་ཚན་ལྔ་པ།
།བདེ་སྤྱོད་རྒྱལ་པོར་དབུ་བསྐོར་གནང།
།རྨོ་མོ་ནོར་དགའ་མ་མར་བླངས།
འཁྲབ་ཚན་དྲུག་པ།
།སྤྲུལ་པའི་ཁྱེ་འུ་བལྟམས་པ་ཐེམ་འོག་སྦས།
།ཁྱི་གུའི་རོ་ཞིག་སྐྱེས་པའི་གཏམ་ངན་བསྒྲགས།
འཁྲབ་ཚན་བདུན་པ།
།སྤྲུལ་པའི་སྲས་ཀྱིས་སྣ་ཚོགས་ཆོ་འཕྲུལ་བསྟན།
།ལུག་རྫི་བུ་མོས་གསང་བའི་ཕྱག་རོགས་ཞུས།
འཁྲབ་ཚན་བརྒྱད་པ།
།སྤྲུལ་པའི་ཕོ་བྲང་ནང་དུ་ཡབ་ཡུམ་བསུས།
།གཡོག་མོ་གསུམ་པོ་བདེ་བ་ཅན་དུ་བསྒྲལ།
འཁྲབ་ཚན་དགུ་པ།
།བེ་ཏའི་ཡུལ་དུ་བཀྲ་ཤིས་གཏམ་བཟང་བསྒྲགས།
།ཀུན་ཏུ་བཟང་མོ་ཡབ་ཡུམ་གཉིས་དང་མཇལ།

སྨད་ཆ།
ཐར་བའི་གྲོང་མཆོག
  །རྫུ་འཕྲུལ་སྟོབས་ཀྱིས་ཨུ་རྒྱན་ཡུལ་དུ་གཤེགས།
  །མཁའ་འགྲོ་གསང་བ་ཡེ་ཤེས་གླིང་འདིར་བསུས།
  །མ་འོངས་ལུང་བསྟན་ཆོས་ཀྱི་དགའ་སྟོན་བསྒྲུབས།
 །སྐྱེ་དགུ་རྣམས་ལ་བདེ་སྐྱིད་དཔྱིད་དུ་བཞད།
འཁྲབ་ཚན་བཅུ་བ།
།རྫུ་འཕྲུལ་རླུང་རྟའི་བང་རྩལ་གྱིས།
།བཅུ་གཉིས་ལོ་ལམ་ཉིན་འགས་བགྲོད།
འཁྲབ་ཚན་བཅུ་གཅིག་པ།
།སྲིན་གཡག་ཁམ་པའི་སྙིང་བཏོན་ནས།
།ཤེས་རབ་ཡེ་ཤེས་དབང་མཆོག་ཐོབ།
འཁྲབ་ཚན་བཅུ་གཉིས་པ།
།སྲིན་ཡུལ་ལང་ཀའི་འཆི་ལམ་བསྙེགས།
།མི་སྙིང་བཅུ་དྲུག་མཁའ་འགྲོ་མཇལ།
འཁྲབ་ཚན་བཅུ་གསུམ་པ།
།བླ་མ་དྲི་མ་མེད་དང་མཇལ།
།དུས་གསུམ་དགེ་བའི་ལུང་བསྟན་ཐོབ།
འཁྲབ་ཚན་བཅུ་བཞི་བ།
།གསང་བ་ཡེ་ཤེས་གསང་བས་མཇལ།
།ལུང་བསྟན་རྡོ་རྗེའི་གླུ་གར་མཛད།
འཁྲབ་ཚན་བཅོ་ལྔ་པ།
།བདེ་སྤྱོད་རྒྱལ་པོའི་ཕོ་བྲང་དུ།
།གསང་བ་ཆེན་པོའི་ཚོགས་འཁོར་བསྐོར།
ཟུར་བཀོད།
གཏམ་བརྗོད་ཟློས་གར་ཁག་གསུམ།

རྩོམ་པ་པོ།

     ཆབ་བྲག་ལྷ་མོ་སྐྱབས་སམ། སྨྱུག་མིང་དུ་ཆབ་བྲག་ཕོ་ཉ་ཟེར། ཁོང་ནི་ཕྱི་ལོ་༡༩༦༣ བོད་ཤར་ཕྱོགས་ཀྱི་ཨ་མདོའི་ཆོལ་ཁར་སྐྱེས་ཤིང། ཕྱི་ལོ་༡༩༨༩ ལོ་ནས་བོད་གཞིས་བྱེས་གཉིས་སུ་སློབ་གྲྭ་གང་མང་ཞིག་གི་ནང་བོད་ཡིག་དགེ་རྒན་ཕྱག་ལས་གནང་བ་དང། ད་ལྟའང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་གྱི་ཕྱག་ལས་གནང་བཞིན་བཞུགས། ཁོང་ནི་བོད་མི་མང་མདོ་སྨད་སྤྱི་འཐུས་དང། རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ། <<རྩམ་པ་>>རྩོམ་རིག་དུས་དེབ་ཀྱི་རྩོམ་སྒྲིག་པ་བཅས་ཀྱི་ཐུགས་འགན་ཡང་བཞེས་བཞིན་ཡོད།

མདུན་ཤོག