གངས་ལྗོངས་བརྡ་དག་ཀུན་བཏུས།

[toc]

དཔར་སྐྲུན་ཆེད་བརྗོད།

༄༅། །བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭའི་དགེ་སློབ་རྣམས་ཀྱི་སློབ་སྦྱོང་དང་སློབ་ཁྲིད་ཀྱི་གཞོགས་འདེགས་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་སུ་གཏོང་སླད། འདི་གའི་དམིགས་བསལ་ལས་འཆར་འོག་སྔོན་བྱོན་མཁས་པས་མཛད་པའི་དག་ཡིག་ཁུངས་མ་ཕྱོགས་སྒྲིག་གིས་དག་ཡིག་ཀུན་བཏུས་ཞེས་པ་ཞིག་རྩོམ་སྒྲིག་གི་རྐང་འགན་སྐུ་ཞབས་འབྲས་གཙང་བསྟན་འཛིན་ཐབས་མཁས་ལགས་སུ་བསྐུར་བ་ལྷག་བསམ་ཆེན་པོས་དང་དུ་བླངས་ནས་རྩོམ་སྒྲིག་མཇུག་སྐྱོང་ལེགས་གྲུབ་བྱུང་བར་བསྔགས་བརྗོད་དང༌། ཕྱག་དེབ་འདི་ཉིད་ལ་འབྲེལ་ཐོགས་ཡོད་དོ་ཅོག་གི་རོགས་འདེགས་ལ་ཐུགས་རྗེ་ལེགས་གསོལ་དང་ཆབས་ཅིག གཞི་རིམ་སློབ་གྲྭའི་དགེ་སློབ་རྣམ་པས་བོད་ཀྱི་རྩ་ཆེའི་སྐད་ཡིག་རིག་གནས་སྤྱི་དང་། ཁྱད་པར་བརྡ་དག་སྐོར་ལ་དམིགས་བསལ་ཐུགས་སྣང་ཅི་ཆེ་ཡོང་བའི་འབོད་སྐུལ་བཅས། བོད་གཞུང་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་༢༨ ཉིན་བྲིས།

སྔོན་གླེང༌།

        མཚར་སྡུག་གཟུགས་སྐུར་ཕན་བདེའི་འོད་དཀར་འཛིན། །མཁྱེན་བརྩེའི་གསུང་གི་བདུད་རྩིས་བློ་མུན་སེལ། །
        སྙིང་རྗེའི་ཐུགས་ཀྱིས་འགྲོ་དྲུག་གཡོལ་མེད་གཟིགས། །སྤྱན་རས་གཟིགས་དབང་ཞབས་ལ་མགོ་བོས་འདུད། །
        སྔོན་བྱོན་མཁས་གྲུབ་ལེགས་བཤད་གངྒཱའི་རྒྱུན། །ལེགས་འབབ་གངས་ལྗོངས་རིག་པའི་བཞིན་བཟང་མའི། །
        སྙིང་ནོར་བརྡ་དག་རིན་ཆེན་ལྡེ་མིག་འདི། །གངས་ལྗོངས་བློ་གསར་གཞོན་ནུ་རྣམས་ལ་འབུལ། །
ཞེས་པའི་ཚིགས་སུ་བཅད་པས་མདུན་བསུས་ཏེ་འདི་བརྗོད་པར་བྱ་བ་ནི། བོད་གངས་ཅན་པའི་ཐུན་མོང་མ་ཡིན་པའི་ཁྱད་ནོར། བོད་ཀྱི་ཆོས་དང་རིག་གཞུང་གི་གཞི་མ། གཞུང་ལུགས་རྒྱ་མཚོའི་རྒྱུན་བཟང་ཉམས་པ་མེད་པར་འཛིན་བྱེད་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་སུམ་རྟགས་དག་ཡིག་རྣམས་ལས་དག་ཡིག་གི་སྐོར་རོ།།
བོད་ཀྱི་དག་ཡིག་གི་གཞུང་ནི་སྔོན་བྱོན་མཁས་དབང་སྐར་ཚོགས་ལྟ་བུས་རང་རང་གི་དགོས་པ་དང་རྣམ་དཔྱོད་ལ་བརྟེན་ནས་གཞུང་ཚད་དང་རྣམ་པ་འདྲ་མིན་ཅི་རིགས་ཤིག་རང་ཅག་རྗེས་རབས་པ་ཚོར་ཤུལ་ནོར་དུ་བཞག་སྟེ་ལོ་ངོ་སྟོང་ཕྲག་ལྷག་རིང་རྒྱུན་འཛིན་དར་སྤེལ་བྱུང་ཡོད་ནའང༌། དེང་བོད་མི་སྤྱི་མཐུན་གྱི་ལས་དབང་ཆག་འཇིག་ཛ་དྲག་པའི་སྐབས་འདིར། དག་གཞུང་གི་འཁྲིད་རྒྱུན་དང་དཔེ་རྒྱུན་ཡང་ཆད་ཐོར་སྣ་ཚོགས་འབྱུང་མུས་ཡིན། དེ་ཡང༌།
དེང་སང་བྱིས་པའི་སྐྱེ་བོ་རྣམས། །བརྡ་དག་འདི་ཀོ་ལུང་རིགས་ཀྱི། །
དཔྱད་གཞི་ཆུང་ཞིང་ཚེགས་མེད་དུ། །ཤེས་སྙམ་འཁྲུལ་པས་མགོ་བོ་རྨོངས། །
    ཞེས་གསུངས་པ་ལྟར། འདས་པའི་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཡིག་ཆ་དུས་ད་ལྟའང་ཚེགས་མེད་དུ་འབྲི་ཀློག་ཐུབ་པའི་སྲིད་ན་འགྲན་ཟླ་བྲལ་བའི་རང་རེའི་བོད་ཀྱི་སྐད་ཡིག་འདི་ཉིད། ཕྱི་ནང་གི་རྐྱེན་ངན་སྣ་ཚོགས་དབང་གིས་འཛམ་གླིང་ནང་སྤྱོད་ཁྱབ་ཆེ་ཆུང་དང་ཚད་འཕེར་ཡིན་མིན་ཕར་ཞོག བོད་མི་རང་གི་འཚོ་བའི་དགོས་མཁོ་ཡང་ཆ་ཚང་སྒྲུབ་མི་ཐུབ་པའི་གནས་སུ་གྱར་ཡོད། དེ་ཡང་ངག་སྒྲོན་ལས།
ཡི་གེའི་སྦྱོར་བ་ལ་འཁྲུལ་ན། །དོན་རྣམས་འཁྲུལ་བ་སྨོས་ཅི་དགོས། །
འདི་ནི་གསུང་རབ་མ་ལུས་པའི། །ཕྱི་མོར་ཤེས་པའི་མཁས་མང་གི །
གཞུང་ལ་བརྟེན་ནས་བདག་གིས་ཀྱང༌། །འདི་ཉིད་ཁོ་ནར་ནན་ཏན་བྱས། །
ཞེས་རང་རེའི་ཕ་ནོར་ཆོས་རིག་གི་གཞུང་ལུགས་སྤྱི་མི་ཉམས་པར་གནས་ཤིང༌། རྒྱུན་འཛིན་དགོས་ན། དེའི་ཕྱི་མོ་བརྡ་དག་གཞུང་ལ་གཅེས་འཛིན་དང་དར་སྤེལ་ཐུབ་མིན་ལ་རག་ལས་ཤིང༌། འདི་དར་སྤེལ་གཏོང་བའི་བརྒྱུད་ལམ་མམ་ཐབས་ཤེས་ཀྱང༌།
སེམས་ལ་བསམ་ཚད་ཁ་ལ་ཨེ་སླེབས་ལྟོས། །ཁ་ལ་སླེབས་ཚད་ལག་ལ་ཨེ་སླེབས་ལྟོས། །
ལག་ལ་འབྱོར་ཚད་དཀར་འཇམ་ཤོག་བུའི་སྟེང༌། །འབེབས་ལ་བརྩོན་དང་སྐལ་ལྡན་རིགས་ཀྱི་བུ། །
ཞེས་གསུངས་པ་ལྟར། དག་ཆའི་སྟེང་ནས་གོ་བ་ལེན་དགོས་པར་བརྟེན། རྩོམ་ཡིག་དང་གཞུང་ཡིག་འབྲི་སྐབས་ཙམ་མ་ཡིན་པར། དུས་རྒྱུན་ཕན་ཚུན་སྐད་ཆ་ཤོད་རེས་སྐབས་སུའང་སུམ་རྟགས་དག་གསུམ་གྱི་གཞུང་དང་མ་འགལ་བར་བྱ་དགོས་པ་ནི། སྔར་ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་སྐུ་དུས་སུ་ཆོས་རིག་རྒྱ་གར་སྐད་ནས་བསྒྱུར་སྐབས་རྩ་དོན་ཆེན་པོ་གསུམ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ།
༡།    བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་དགོས་པ།
༢།    ཆོས་ཀྱི་གཞུང་ལས་འབྱུང་བའི་བརྗོད་བྱའི་དོན་དང་འགལ་མི་རུང་བ།
༣།    བོད་མི་རང་ངོས་ནས་གོ་བ་ལེན་ཐུབ་པ།
བཅས་དགོས་ཚུལ་གཏན་ལ་ཕབ་འདུག་ནའང༌། དེང་སྐབས་བོད་ཡིག་ཕྲན་ཤེས་དང་ལྷག་པར་རྩོམ་ཐན་ཐུན་རེ་འབྲི་ཤེས་མཁན་གཞོན་དར་མི་ཉུང་བ་ཞིག་གིས་ཕྱིའི་སྐད་ཡིག་གི་ཚིག་གཤིས་དང་བརྡ་མིང་ལ་ལད་ཟློས་དང་འདྲ་བཤུས་ཀྱིས་ཁྱད་པར་ཡིག་སྒྱུར་སྐབས་སུ་བོད་ཀྱི་སྐད་ཡིག་ཐོག་བཙན་བཟོ་དང་བཙན་སྦྱོར་བྱེད་རྐྱང་བྱེད་པ་འདིས། བོད་ཀྱི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆེན་པོ་སྟེ། བརྡ་སྤྲོད་ཀྱི་རྒྱ་ལས་མ་འདའ་བར་དུས་དང་རྣམ་པ་ཀུན་ཏུ་གོ་འཕེར་བའི་ཁྱད་ཆོས་ཉམས་བརླག་ཏུ་སོང་འདུག་པ་ནི། འདས་པའི་ལོ་ངོ་ལྔ་བཅུའི་སྔ་རོལ་དང་ད་ལྟའི་བོད་ཡིག་གི་བརྗོད་པ་གཉིས་གཤིབས་བསྡུར་བྱས་ན་གསལ་པོར་མཐོང་ཐུབ།
དེར་བརྟེན། བོད་ཀྱི་སྐད་ཡིག་འདི་ཉིད་མི་ཉམས་རྒྱུན་འཛིན་བྱ་དགོས་ན། ཐོག་མར་བོད་མི་ཡོངས་དང་ཁྱད་པར་བློ་གསར་གཞོན་ནུ་རྣམས་ཀྱིས་སྔོན་བྱོན་མཁས་པས་མཛད་པའི་བརྡ་དག་གི་གཞུང་ཚད་ལྡན་ཁག་ལ་སྦྱངས་པ་མི་དམན་པ་བྱ་རྒྱུ་གལ་འགངས་ཧ་ཅང་ཆེ་ནའང༌། སྔོན་བྱོན་མཁས་པའི་གསུང་རྩོམ་མང་པོ་ཞིག་ས་ཁུལ་དང་གནས་སྟངས་མི་འདྲ་བའི་བོད་མི་ཁག་ཅིག་ལའང་དམིགས་བསལ་འོས་ཤིང་འཚམས་པའི་གནས་སྟངས་ཀྱང་མཆིས་པས། བོད་མི་ཡོངས་ཀྱིས་དག་ཡིག་ཚད་ལྡན་གཅིག་རང་སློབ་གཉེར་བྱ་བའི་དགོས་པ་ཡང་མེད་སྟབས། དེའི་ཕྱིར་བོད་ཕྱི་ནང་གི་བསླབ་གཞི་ཕལ་ཆེ་བའི་ནང་སྲོལ་རྒྱུན་དག་ཡིག་དུ་མ་ཞིག་བདམས་བཀོད་དང༌། དག་ཡིག་གྲགས་ཅན་ཁག་ཅིག་དཔར་སྐྲུན་གྱིས་ཚོང་འགྲེམས་ཀྱང་བྱེད་ཀྱིན་ཡོད་པ་བཅས། སློབ་དེབ་དང་ཚོང་དེབ་ཁག་ཕལ་ཆེ་བ་རང་རང་གི་འདོད་ཕྱོགས་དཔར་འགྲེམས་བྱས་པའི་རྐྱེན་གྱིས་གསར་སྐྱེས་དོན་གཉེར་ཅན་རྣམས་ཀྱིས་མཐའ་ཡས་རྒྱ་མཚོ་ལྟ་བུའི་བོད་ཀྱི་བརྡ་དག་གི་སྤྱི་ཁོག་འཐུས་ཚང་ཞིག་རྒྱུས་ལོན་བྱ་དཀའ་བ། ཁྱད་པར་དེང་སྐབས་བོད་མིའི་སྤྱི་ཚོགས་བྱིངས་དང་ཁྱད་པར་སློབ་གྲྭ་ཆེ་འབྲིང་གི་དགེ་སློབ་རྣམས་ཀྱི་ཡིག་སྦྱོར་དག་ཆ་སློབ་གཉེར་སྐབས་རང་རེའི་ཕ་མེས་བཀའ་དྲིན་ཅན་རྣམས་ཀྱི་མཛད་རྗེས་ཆུད་གཟོས་སུ་མི་གཏོང་བ་དང༌། བོད་ཡིག་གི་དག་ཆ་འབྲི་སྟངས་དུས་ཐོག་མ་ཉིད་ནས་ཚད་ལྡན་ཞིག་འབྱུང་གལ་ཆེ་བར་བརྟེན། དཔལ་ལྡན་ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་སྐུ་ཞབས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྔོན་བྱོན་མཁས་པས་མཛད་པའི་དག་ཡིག་གི་གཞུང་རྣམས་སྡེབས་གཅིག་ཏུ་ཕྱོགས་བཏུས་ཀྱིས་དཔར་འགྲེམས་ཞུས་ན་དགེ་ཕན་ཆེ་བའི་བཀའ་སྐུལ་དང་ལས་རིམ་འཆར་གཞི་ལམ་སྟོན་ཞིབ་ཕྲ་གནང་བ་དགའ་གུས་ཆེན་པོས་དང་དུ་བླངས་ནས་རང་འཁྲིའི་སློབ་ཁྲིད་ཀྱི་བར་གསེང་དུས་ཚོད་རྣམས་སྤྱད་དེ་རྩོམ་སྒྲིག་ལ་ཞུགས་པ་ཡིན།
དག་ཡིག་ཀུན་བཏུས་འདི་ཉིད་ཕྱོགས་སྒྲིག་སྐབས་གཤམ་གསལ་དོན་གནད་ཁག་ལ་ཐུགས་སྣང་ཡོང་བ་ཞུ།
༡།    དག་ཡིག་ཀུན་བཏུས་འདིའི་ཁོངས་སུ་བོད་ཀྱི་སྲོལ་རྒྱུན་དག་ཡིག་ཁུངས་མ་ལག་སོན་བྱུང་ཚད་འགོད་ཐབས་བྱ་རྒྱུ་རྩ་བའི་དམིགས་འབེན་ཡིན་ཡང༌། ལོ་ངོ་གཅིག་གི་ལས་ཞོར་གྱི་དུས་ཡུན་རིང་དཔྱད་གཞི་འཚོལ་ཞིབ་དང་བསྡུ་རུབ་གང་ནུས་བྱས་ཀྱང་དག་ཡིག་ཁུངས་མ་ཁག་ཅིག་ད་བར་ལག་སོན་མ་བྱུང་བས། དཔྱོད་ལྡན་ལྷག་བློ་ཅན་རྣམས་ནས་མཁོ་འདོན་བྱུང་ན་དཔར་ཐེངས་རྗེས་མར་ཁ་སྐོང་ཆོག་པ་ཞུ། ལག་སོན་མ་བྱུང་བའི་དག་ཡིག་དེ་དག་ནི།

  1. སྙེ་ཐང་པ་གྲགས་པ་སེངྒེའི་དག་ཡིག་གངྒཱའི་ཆུ་རྒྱུན།
  2. ན་ག་ཨརྱ་མངྒལའི་འབྲི་ཀློག་མུན་སེལ།
  3. སྟག་ལུང་པའི་དག་ཡིག
  4. འབྲུག་པ་པདྨ་དཀར་པོས་མཛད་པའི་པད་དཀར་ཆུན་པོ།
  5. བྲ་ཏི་རིན་ཆེན་དོན་གྲུབ་ཀྱི་བྱིས་པ་དག་ཡིག
  6. བྲ་ཏི་རིན་ཆེན་དོན་གྲུབ་ཀྱི་ཡི་གེ་ཉུང་ངུར་བརྗོད་པ་རྨད་བྱུང་དོན་གྱི་བདུད་རྩིའི་རོ་འཛིན།
  7. གཙང་ནགས་ཕུག་པ་ཐུགས་རྗེ་སེངྒེའི་བདུད་རྩིའི་ཆུ་རྒྱུན།
  8. རྗེ་བྱམས་པ་གླིང་པའི་དག་ཡིག་སྨྲ་རྒྱན།
  9. སྟག་སྟོན་གཞོན་ནུ་དཔལ་གྱི་འོད་ཟེར་བརྒྱ་པ།
  10. བུ་སྟོན་སེངྒེའི་འོད་ཟེར་གྱི་སྒྲ་དོན་རྒྱ་མཚོའི་མེ་ལོང༌།
  11. བསམ་སྡིངས་པ་ཀུན་བསམ་གྱི་འཁྲུལ་སྤོང༌།
  12. སྔགས་བན་གྲུབ་པས་མཛད་པའི་ཡི་གེའི་བཤད་པ་རིག་པའི་སྒོ་འབྱེད།
  13. སྣར་ཐང་ལོ་ཙཱ་བའི་དག་ཡིག

བཅས་ལག་སོན་མ་བྱུང་བས་ཕྱིས་སུ་རྙེད་སོན་བྱུང་ཚེ་ཁ་སྐོང་གིས་དཔར་སྐྲུན་ཞུ་འཆར་ཡིན།
༢།    ཡང་དཔེ་དེབ་འདིར་འཁོད་པའི་དག་ཡིག་ཁག་ཅིག་གི་རྩོམ་པ་པོ་སུ་ཡིན་དང༌། རྩོམ་པ་པོ་ཁག་ཅིག་གི་ལོ་རྒྱུས་རྣམ་ཐར་ལག་སོན་མ་བྱུང་བ་མཇུག་མཆན་དུ་ཞིབ་འཁོད་ལྟར་ན། ཕྱིས་སུ་བརྩད་ཆོད་བྱུང་ཚེ་ཁ་སྐོང་ཞུ་རྒྱུ་ཡིན།
༣།    དག་ཡིག་ཁག་ཅིག་དཔར་སྐྲུན་བྱེད་མཁན་དང་ལོ་དུས་མི་འདྲ་བའི་དབང་གིས་དཔར་མ་སོ་སོའི་དག་ཆ་འགོད་སྟངས་མི་འདྲ་བ་འབྱུང་བ་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་བ་འབྱུང་མུས་ཁག་གུག་རྟགས་ནང་བཀོད་པ་དང༌། མཇུག་མཆན་ནང་དཔར་མ་གང་ལ་ཁུངས་གཏུགས་ཡོད་མེད་གསལ་འདོན་བྱས་ཡོད།
༤།    ངག་སྒྲོན་སོགས་དག་ཡིག་ཁག་ཅིག་ལ་འགྲེལ་པ་སྣ་ཚོགས་ཤིག་ཡོད་ནའང༌། འགྲེལ་པ་བཀོད་ཚེ་ཡིག་ཚོགས་ཆེ་བས་དེབ་གཅིག་ཏུ་སྒྲིལ་དཀའ་བས། འགྲེལ་པ་ཁག་དགོས་གལ་བྱུང་ཚེ་དེབ་ཁུངས་ངོ་སྤྲོད་ཞུས་པ་ཁག་ནས་འཚོལ་ཞིབ་བྱ་འཐུས།
སྔོན་བྱོན་མཁས་པས་མཛད་པའི་དག་ཡིག་ཀུན་བཏུས་འདི་འདྲ་ཞིག་ཕྱོགས་སྒྲིག་ཞུ་སྐབས་དཔར་རྩ་འཚོལ་བསྡུ་དང༌། ཞུ་དག འཇུག་སྒྲིག ཇུས་འགོད། བར་མཆན། རྩོམ་པ་པོའི་རྣམ་ཐར་འཚོལ་ཞིབ་དང་ངོ་སྤྲོད་སོགས་ལས་གཞི་དུ་མ་ཞིག་ཡོད་པ་རྩོམ་སྒྲིག་པ་ཁོ་ནའི་འབད་བརྩོན་ལ་བརྟེན་ནས་ལེགས་སྒྲུབ་ཐུབ་པ་ཞིག་མིན་པར། དཔྱད་གཞི་དང་མཐུན་རྐྱེན། དུས་ཡུན། ཤེས་ཚད་སོགས་ཕྱོགས་དུ་མ་ཞིག་ལ་རག་ལུས་ཡོད་གཤིས། དག་ཡིག་འདི་ཉིད་ཕྱོགས་སྒྲིག་གི་དུས་སྐབས་སོ་སོར་ནོར་སྐྱོན་ཅི་བྱུང་རྒྱ་ཆེའི་ཀློག་མཁན་རྣམས་ཀྱི་སྤྱན་ལམ་དུ་དགོངས་སེལ་དང་སྦྲགས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་སྐྱོང་ཡོང་བའི་རེ་སྐུལ་དང་བཅས། རྩོམ་སྒྲིག་པས། ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་༢༨ ཉིན་བཞུགས་སྒར་དྷ་རམ་ས་ལར་བྲིས།

དེབ་ཀྱི་དཀར་ཆག

དག་ཡིག་ཉེར་མཁོ་བསྡུས་པ།  (རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ།)
ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ།  (སློབ་དཔོན་བསོད་ནམས་རྩེ་མོ།)
དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།  (ས་པཎ་ཀུན་དགའ་རྒྱལ་མཚན།)
དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་རྒྱས་པ།  (ས་པཎ་ཀུན་དགའ་རྒྱལ་མཚན།)
དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ།  (ས་པཎ་ཀུན་དགའ་རྒྱལ་མཚན།)
བརྡ་ཡི་བྱེ་བྲག་གསལ་བྱེད།   (པཎ་ཆེན་ཤཱཀྱ་མཆོག་ལྡན།)
བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ།   (ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ།)
བོད་ཀྱི་སྐད་ལས་གསར་རྙིང་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང༌།   (སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས།)
བོད་ཀྱི་བརྡ་སྤྲོད་ངག་སྒྲོན།   (དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོ།)
བོད་ཀྱི་བརྡའི་རྣམ་གཞག་ཉུང་ངུར་བསྡུས་པ་སྨྲ་བའི་སྒྲོན་མེ།    (བྲ་ཏི་རིན་ཆེན་དོན་གྲུབ།)
དག་ཡིག་མཁས་པ་དགའ་སྐྱེད།    (དབྱངས་ཅན་རོལ་པའི་འོ་མཚོ།)
དག་ཡིག་ཚིག་གསལ་སྒྲོན་མེ།    (ཅོ་ནེ་གྲགས་པ་བཤད་སྒྲུབ།)
དག་ཡིག་བློ་གསར་གཞོན་ནུ་དགའ་བྱེད།   (ཅོ་ནེ་གྲགས་པ་བཤད་སྒྲུབ།)
དག་ཡིག་མཁས་པའི་འབྱུང་གནས་ལས་བརྡ་གསར་རྙིང་གི་སྐོར།    (ལྕང་སྐྱ་རོལ་པའི་རྡོ་རྗེ།)
ཡི་གེའི་ཐོབ་ཐང་ཉེར་མཁོ་རབ་གསལ།   (ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ།)
དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པ།   (ཨ་ལག་ཤ་ངག་དབང་བསྟན་དར།)
བོད་ཀྱི་བརྡའི་བྱེ་བྲག་སོ་སོར་ཕྱེ་བ་དག་བྱེད་གསལ་བའི་མེ་ལོང༌།  (དངུལ་ཆུ་ངག་དབང་རྡོ་རྗེ།)
མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་དག་ཡིག་དང་བརྡ་གསར་རྙིང་།   (རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ།)
བོད་ཀྱི་བརྡ་ལ་བརྟེན་ནས་གསུང་རབ་ལ་འཇུག་པའི་སྒོ་ཤེས་བྱ་རབ་གསལ།   (དཔའ་རིས་འཇིགས་མེད་དམ་ཆོས།)
བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད།   (དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ།)
དག་ཡིག་རྣམས་ཀྱི་ཟུར་འདེབས་ལེགས་བཤད་མཁས་པ་དགྱེས་བྱེད་བདུད་རྩིའི་མཆོད་སྤྲིན་རྣམ་དག   (དགེ་འདུན་ཤེས་རབ།)
འཇུ་མི་ཕམ་པའི་ས་མཐའི་རྣམ་དབྱེ།    (འཇུ་མི་ཕམ་པ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།)
སྒྲ་རིག་ནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས།   (དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ།)
བོད་ཀྱི་བརྡ་དག་ཀུན་ལས་བཏུས་པ་གང་འདོད་བཀླགས་པས་གྲུབ་པ།   (འབི་ལུང་བླ་མ་ངག་དབང་ཡོན་ཏན།)
བོད་ཀྱི་བརྡ་སྤྲོད་པའི་སྔོན་འགྲོའི་ཡི་གེ་ཀློག་ཚུལ་གྱི་རྣམ་གཞག་ཤེས་བྱའི་སྒོ་འབྱེད།   (བདུད་འཇོམས་སྤྲུལ་སྐུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།)
དག་ཡིག་མདོར་བསྡུས་པད་དཀར་ཆུན་པོ་བྱིས་པ་དགའ་བའི་རྣ་རྒྱན།   (བདུད་འཇོམས་སྤྲུལ་སྐུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།)
བོད་ཀྱི་བརྡ་དག་རིག་པའི་གནས་ལ་འཇུག་པའི་སྒོ།   (ཚེ་ཏན་ཞབས་དྲུང་དབྱངས་ལྡན་རིག་པའི་འདོད་འཇོ།)
དག་ཡིག་གསལ་བའི་སྒྲོན་མེ།
བརྡ་གསར་རྙིང་གི་རྣམ་གཞག་ལེགས་པར་སྟོན་པ་གསར་བུའི་ཉེར་མཁོ།  (རྗེ་དྲུང་ལྷུན་གྲུབ་བློ་ལྡན།)
སློབ་ཆུང་དག་ཡིག   (བོད་རང་སྐྱོང་ལྗོངས་སློབ་གཞི་རྩོམ་སྒྱུར་ཁང་ནས་རྩོམ་སྒྲིག་བྱས།)
བོད་ཀྱི་བརྡ་དག་བྱིས་པའི་ལམ་མཁན།   (བསྟན་འཛིན་རྣམ་རྒྱལ།)
དཔར་སྐྲུན་མཇུག་བྱང༌། 

དཔར་བྱང་སྨོན་ཚིག

རྣམ་གྲོལ་ཞི་བའི་རྒྱ་མཚོར་རོ་གཅིག་ཏུ། །གཞོལ་བའི་མཐའ་ཡས་ཆོས་ཚུལ་དལ་འབབ་ཀླུང༌། །
ཚིག་གི་གཟེགས་མ་རེས་ཀྱང་དུག་གསུམ་གྱི། །དྲི་མ་ཡོངས་འཁྲུད་ལེགསས་བཤད་བདུད་རྩི་འདི། །
དཔར་དུ་བསྐྲུན་པའི་རྣམ་དཀར་ཕུང་པོའི་མཐུས། །ཡང་དག་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱ། །
གདངས་ཏེ་རྒྱུད་ལྔའི་འགྲོ་བ་མ་ལུས་པ། །ངེས་ལེགས་ནོར་བུའི་མཛོད་ལ་དབང་འབྱོར་ཤོག །

    ཅེས་པ་འདི་ཡང་དེང་དུས་ཡིད་སྲུབས་ཀྱི་རྒྱུད་བརླམས་པའི་ཀླ་ཀློའི་སྡིག་སྤྱོད་མི་བཟད་པས་གངས་ལྗོངས་ཆོས་ལྡན་གྱི་ཞིང་དུ་ཐུབ་པའི་བསྟན་པ་རིན་པོ་ཆེ་ཉིན་མོའི་སྣང་བ་ལྟར་འབར་བ་དེ་ནི་མིང་གི་ལྷག་མ་ཙམ་དུ་ཉམ་ཉེས་པར་བྱས། ཕྱོགས་དང་ཕྱོགས་ན་རྡུལ་ཕྲན་གྱི་མཚོན་ཆ་སོགས་གདུག་པའི་གནོད་འཚེ་གྱ་གྱུའི་སྦྱོར་བ་ནི་ཉིན་རེ་བཞིན་དར་བ་སོགས་སྒོ་ཀུན་ནས་ལྔ་བདོའི་རྒུད་ཚོགས་མཚོ་ལྟར་བརྡོལ་བ་འདི་དག་ལྷག་མེད་དུ་ཞི་ཞིང༌། བྱང་ཕྱོགས་བོད་ཁ་བ་ཅན་དུ་བསྟན་པའི་མེ་རོ་སླར་ཡང་སྔར་བཞིན་གསོས་ཏེ་རྒྱ་གར་འཕགས་པའི་ལྗོངས་འདིར་ཡང་ཐུབ་པའི་བཞེད་དགོངས་དྲི་མ་མེད་པ་དར་རྒྱས་སུ་འཕེལ་སླད་དང༌། འཛམ་གླིང་ཡངས་པའི་ཁྱོན་ལ་འཚེ་མེད་ཞི་བའི་ལམ་སྟོན་རྣམ་འདྲེན་ཤཱཀྱ་སེངྒེའི་རིང་ལུགས་སྒོ་ཀུན་ནས་རྒྱས་པ་སོགས་འཕྲལ་ཡུན་ལེགས་ཚོགས་དུ་མའི་ཆེད་དུ་དམིགས། ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་དཔར་དུ་བསྐྲུན་དང་བསྐྲུན་འགྱུར་གང་ལའང་སྦྱར་ཆོག་པའི་དགེ་བསྔོའི་སྨོན་ཚིག་ཏུ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་སྦྱར་བའོ།། །།

མདུན་ཤོག