ཀུན་སྤྱོད་ལག་དེབ།

[toc]

སྔོན་གླེང༌།

༄༅། །ཕྱི་ལོ་ ༢༠༡༠ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༧༥ ཕེབས་པའི་ལོ་འཁོར་གཅིག་ནང་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་རྣམས་ནས་ྋརྒྱལ་བའི་བཀའ་དྲིན་རྗེས་དྲན་དང༌། མཛད་འཕྲིན་ཞབས་འདེགས། སྐུ་ཚེ་ཚེ་སྒྲུབ་དང་བཀའ་བཞིན་སྒྲུབ་པའི་མཆོད་པ་བཅས་ཀྱི་ལས་རིམ་རྣམ་མང་སྤེལ་རྒྱུར་གཏན་འཁེལ་བྱུང་ཡོད་པ་དང༌། ཤེས་རིག་ལས་ཁུངས་ནས་དེ་ལྟའི་ལས་རིམ་སྤེལ་རྒྱུའི་ཁྲོད་དུ། སློབ་གྲྭའི་སློབ་ཕྲུག་རྣམས་དང་དགེ་རྒན་ལས་བྱེད་བཅས་ནས་རྒྱུན་དུ་ཉམས་ལེན་དང་སྲུང་སྡོམ་ཆེད། བོད་ཀྱི་སྲོལ་རྒྱུན་དང་དེང་རབས་གོང་མའི་ལེགས་བྱང་ནས་ཉེ་བར་བཏུས་པའི་མིའི་བཟང་སྤྱོད་དང་ཁོར་ཡུག་སྲུང་སྐྱོབ་ལས་བརྩམས་པའི་བསླབ་བྱ་བརྒྱ་རྩ་གཅིག་ཙམ་ཡོད་པའི་ལག་དེབ་ཅིག་རྩོམ་སྤེལ་ཞུ་རྒྱུར་འཆར་འབུལ་བཀའ་འཁྲོལ་བྱུང་ཡོད་པ་ལྟར། ད་ལམ་དུས་རབས་ཉེར་གཅིག་པའི་ཀུན་སྤྱོད་ལག་དེབ་ཅེས་པ་འདི་རྩོམ་སྤེལ་ཞུས་པ་ཡིན།

དགོས་དོན།

   རང་རེའི་སློབ་གྲྭ་ཁག་གི་ཆེད་ཀུན་སྤྱོད་ལག་དེབ་འདི་འདྲ་ཞིག་རྩོམ་སྤེལ་བྱེད་དགོས་དོན་ནི།
   དང་པོ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་འཛམ་གླིང་སྐྱེ་འགྲོ་སྤྱིའི་བདེ་ཐབས་སུ་བཀའ་སློབ་ཇི་སྙེད་ཅིག་བསྩལ་ཡོད་པའི་སྤྱི་སྡོམ་ལྟ་བུར། མིའི་བཟང་སྤྱོད་གོང་སྤེལ་དང༌། ཆོས་ལུགས་ནང་ཁུལ་མཐུན་འབྲེལ་གོང་སྤེལ། འཛམ་གླིང་གོ་ལ་ཧྲིལ་པོའི་ཁོར་ཡུག་སྲུང་སྐྱོབ། འཚེ་བ་མེད་པའི་ལྟ་སྤྱོད་གོང་སྤེལ་བཅས་ཀྱི་སྐོར་འཛམ་གླིང་ཡུལ་གྲུ་གང་ས་དང་ཕྱི་ནང་དད་སློབ་ཡོངས་ལ་དུས་ཀུན་ཏུ་གདམས་དང་འདོམས་བཞིན་ཡོད་པ་རྣམས། རང་ཅག་བོད་འབངས་སྤྱི་དང་ལྷག་པར་སློབ་གྲྭའི་སློབ་ཕྲུག་དང་དགེ་ལས་ཡོངས་ནས་མེ་ཏོག་ཆུང་ཡང་མཆོད་རྫས་ཀྱི་ཚུལ་དུ་ྋརྒྱལ་བའི་མཛད་འཕྲིན་ལ་ཞབས་འདེགས་དང་བཀའ་བཞིན་སྒྲུབ་པའི་མཆོད་པའི་ཕུང་པོར་དམིགས་ཏེ་ཉམས་ལེན་དང་སྲུང་སྡོམ་ཞུ་སླད་དང༌།
   གཉིས་པ། ཉེ་བའི་ལོ་རབས་འགའ་ཤས་ནང་སློབ་གྲྭ་ཁག་གི་ཀུན་སྤྱོད་སློབ་གསོའི་གནས་བབ་ཉམས་ཆགས་ངང་ཡོད་པ་སླར་གསོའི་ཆེད་དུ་ཕྱིའི་སྒྲིག་ཁྲིམས་གཅིག་པུའི་སྒོ་ནས་མིན་པར་ནང་བསམ་པའི་སྒོ་ནས་སྲུང་སྡོམ་བྱེད་པའི་སློབ་གསོའི་ལེགས་བྱང་སྤེལ་ཐབས།
   གསུམ་པ། ཤེས་ཡོན་གྱི་མིང་དོན་གཞན་བསླབ་པ་ཞེས་པའི་སྐབས་སུ་བསླབ་པ་གསུམ་དུ་གྲངས་ངེས་པའི་རྒྱུ་མཚན་དང་མཚུངས་པར། ཤེས་ཡོན་གྱི་འབྲས་བུ་རྒྱས་པ་ལའང་སེམས་རྣལ་དུ་འཇོག་པའི་ཏིང་ངེ་འཛིན་གྱི་བསླབ་པ་དང་རྗེས་སུ་མཐུན་པའི་ཡོན་ཏན་དང༌། ཤེས་བྱའི་གནས་ལུགས་ལ་ཡང་དག་པར་དཔྱོད་པའི་ཤེས་རབ་ཀྱི་ཡོན་ཏན། ཡོན་ཏན་དེ་གཉིས་ཀྱི་རྟེན་གཞིར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་ཉམས་ལེན་ངེས་ཅན་ཞིག་བཅས་ངེས་པར་ཚང་དགོས་པས། ཤེས་ཡོན་གྱི་གཞི་རྟེན་དུ་མི་ཆོས་གཙོ་བོར་བཟུང་བའི་སྡོམ་ཁྲིམས་ཀྱི་རྣམ་གཞག་ཅིག་ཕྱོགས་བསྡེབས་བྱེད་སླད་བཅས་ཡིན།

བསྡུས་དོན་ས་བཅད།

   དུས་རབས་ཉེར་གཅིག་པའི་ཀུན་སྤྱོད་ལག་དེབ་ཀྱི་བརྗོད་བྱ་དངོས་གཞི་ཀུན་སྤྱོད་ཀྱི་བསླབ་བྱའི་རྣམ་གྲངས་བསྟན་པ་ལ་གསུམ། སྒོ་གསུམ་སོ་སོའི་ཀུན་སྤྱོད་ཀྱི་རྣམ་གྲངས་བསྟན་པ་དང༌། སྤྱི་ཚོགས་ལ་བརྟེན་པའི་ཀུན་སྤྱོད་ཀྱི་རྣམ་གྲངས་བསྟན་པ། ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་པའི་ཀུན་སྤྱོད་ཀྱི་རྣམ་གྲངས་ཅུང་ཟད་ཕྱེ་སྟེ་བསྟན་པ་བཅས་གསུམ་མོ། །

དང་པོ། སྒོ་གསུམ་སོ་སོའི་ཀུན་སྤྱོད་ཀྱི་རྣམ་གྲངས་བསྟན་པ།

ལུས་ཀྱི་ཀུན་སྤྱོད།

༡༽     སྲོག་ཆགས་མི་གསོད་པ།
༢༽     གཞན་གྱི་ནོར་རྐུ་འཕྲོག་མི་བྱེད་པ།
༣༽     ལོག་གཡེམ་གྱི་རིགས་མི་བྱེད་པ།
༤༽     མིའམ་དུད་འགྲོ་བཀོལ་སྤྱོད་མི་བྱེད་པ།
༥༽     རྒན་པས་གཞོན་པར་བརྡུང་བརྡེག་མི་བྱེད་པ།
༦༽    གཞན་དང་འཁྲུག་འཛིང་མི་བྱེད་པ།
༧༽     སྤྱི་རྒྱུ་ལྐོག་ཟ་མི་བྱེད་པ།
༨༽     སྤྱི་པའི་རྒྱུ་ནོར་གཏོར་བཤིག་མི་བྱེད་པ།
༩༽     ཆང་དང་ཨ་རག་གི་རིགས་མི་འཐུང་བ།
༡༠༽     མྱོས་རྫས་ཀྱི་རིགས་ནམ་ཡང་ལོངས་སྤྱོད་མི་བྱེད་པ།
༡༡༽     ཐ་མ་ཁའི་དུ་བ་དང་ཟ་རྫས་སྣ་ཐ་བཅས་ལ་མི་སྤྱོད་པ།
༡༢༽     ཚུལ་དང་མི་མཐུན་པའི་གྱོན་ཆས་རིགས་མི་གྱོན་པ།
༡༣༽     རྒྱུ་ངོམ་བྱེད་པའི་རྒྱན་ཆའི་རིགས་མི་འདོགས་པ།
༡༤༽     གཅན་གཟན་གྱི་པགས་པའི་ཞྭ་མོ་དང་གྱོན་ཆས་མི་གྱོན་པ།

ངག་གི་ཀུན་སྤྱོད།

༡༽     རྫུན་གྱི་རིགས་མི་སྨྲ་བ།
༢༽     ཕྲ་མའི་གཏམ་མི་སྨྲ་བ།
༣༽     ཚིག་རྩུབ་རིགས་མི་སྨྲ་བ།
༤༽     ངག་འཁྱལ་རིགས་མི་སྨྲ་བ།
༥༽     འཁྲིག་ཚིག་རིགས་མི་སྨྲ་བ།
༦༽     གཞན་ལ་མིང་ངན་མི་འདོགས་པ།
༧༽    གཞན་ལ་འཕྱ་སྨོད་མི་བྱེད་པ།
༨༽     གཞན་ལ་དམོད་མོ་མི་འདེབས་པ།
༩༽     དགོས་པ་མེད་པར་མནའ་མི་སྐྱེལ་བ།
༡༠༽     རྒན་པས་གཞོན་པར་འཇིགས་སྐུལ་མི་བྱེད་པ།

ཡིད་ཀྱི་ཀུན་སྤྱོད།

༡༽    གཞན་གྱི་རྒྱུ་ནོར་ལ་བརྣབ་སེམས་མི་བྱེད་པ།
༢༽     གཞན་ལ་གནོད་སེམས་མི་བྱེད་པ།
༣༽     མ་ཤེས་པའི་བདེན་པའི་དོན་ལ་ལོག་པར་མི་ལྟ་བ།
༤༽     གང་ལའང་ཆགས་ཞེན་དྲག་པོ་མི་བྱེད་པ།
༥༽     གང་ལའང་ཁོང་ཁྲོ་དང་ཞེ་སྡང་མི་བྱེད་པ།
༦༽     ཡོན་ཏན་སོགས་གཞན་ལས་ལྷག་པའི་ང་རྒྱལ་མི་བྱེད་པ།
༧༽     གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་མི་བྱེད་པ།
༨༽     འགལ་ཟླ་ཅན་ལ་འཁོན་འཛིན་མི་བྱེད་པ།
༩༽     རྣམ་པ་ཀུན་ཏུ་གཡོ་སྒྱུ་མི་བྱེད་པ།
༡༠༽     ངོ་ཚ་དང་ཁྲེལ་མེད་པ་མི་བྱེད་པ།
༡༡༽     ལེ་ལོ་དང་རྣམ་གཡེང་མི་བྱེད་པ།
༡༢༽     གཞན་ལ་འཚེ་བའི་བསམ་པ་འདོར་བ།
༡༣༽     རང་དོན་ཁོ་ན་སེམས་པའི་བསམ་པ་འདོར་བ།

གཉིས་པ། སྤྱི་ཚོགས་ལ་བརྟེན་པའི་ཀུན་སྤྱོད་ཀྱི་རྣམ་གྲངས།

༡༽    དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་གུས་པས་མཆོད་པ།
༢༽    ཚེ་འདི་དང་གཏན་དུ་ཕན་པའི་དམ་པའི་ཆོས་སྒྲུབ་པ།
༣༽    ཕ་མ་ལ་དྲིན་གཟོ་བའི་བསྙེན་བཀུར་ཆེ་བ།
༤༽    ཡོན་ཏན་ཅན་ལ་མཆོག་ཏུ་མཐོང་ནས་གོང་དུ་བཀུར་བ།
༥༽    རྒན་རབས་དང་བྱས་པ་ཅན་ལ་སྲི་ཞུ་ཕུ་དུད་བྱེད་པ།
༦༽    ཉེ་དུ་དང་མཛའ་བཤེས་ལ་གཞུང་བཟང་ཞིང་ཕྱི་ཐག་རིང་བ།
༧༽     ཡུལ་མི་ཁྱིམ་མཚེས་ལ་འགྲོགས་མཁས་ཀྱིས་ཕན་པ་སྒྲུབ་པ།
༨༽    གཞན་གྱིས་ཅི་ཟེར་ལ་མི་ཉན་པར་ཡིད་དྲང་ཞིང་བརྟན་པ།
༩༽    ཡ་རབས་ཀྱི་རྗེས་སུ་འབྲང་ཞིང་འགྱུར་ལྡོག་མེད་པ།
༡༠༽    ཟས་ནོར་ལ་ཚོད་འཛིན་ཅིང་ལོག་པའི་འཚོ་བ་མི་སྒྲུབ་པ།
༡༡༽    སྔོན་གྱི་དྲིན་ཅན་རྩད་གཅོད་ཅིང་དྲིན་དྲན་བྱེད་པ།
༡༢༽    བུ་ལོན་དུས་སུ་འཇལ་ཞིང་འཚོ་ཐབས་ལ་གཡོ་སྒྱུ་མི་བྱེད་པ།
༡༣༽    ཀུན་ལ་སེམས་སྙོམས་ཤིང་གཞན་གྱི་དཔལ་ཡོན་ལ་ཕྲག་དོག་མི་བྱེད་པ།
༡༤༽    གཡོ་སྒྱུ་ཅན་དང་གྲོགས་ངན་པའི་ངག་ལ་མི་ཉན་ཞིང་རང་ཚུགས་འཛིན་པ།
༡༥༽    ངག་འཇམ་ཞིང་དགོས་མེད་ཀྱི་སྨྲ་བ་མི་མང་བ།
༡༦༽    བྱ་བ་གང་ལའང་ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ།
༡༧༽     སྤྱི་དོན་སྲི་ཞུ་བསྒྲུབ་པར་ལྷག་བསམ་གྱི་འགན་འཁུར་ཆེ་བ།
༡༨༽     ཡུལ་ཁྲིམས་དང་འགལ་བའི་བྱ་སྤྱོད་རིགས་མི་བྱེད་པ།
༡༩༽     སྤྱི་ཚོགས་ཀྱི་དུག་ངན་ལྐོག་བརྔན་རུལ་སུངས་མི་བྱེད་པ།
༢༠༽     རིགས་རུས་དང་ཆོས་ལུགས་ལུང་ཚན་སོགས་རིས་སུ་མི་གཅོད་པ།
༢༡༽     དབང་པོ་སྐྱོན་ཅན་དང་ཉམ་ཐག་རྣམས་ལ་ལྷག་པར་བྱམས་པ།
༢༢༽     བོད་ཀྱི་སྣོད་བཅུད་ཆགས་འཇིག་ལ་ཐུག་པའི་དུས་སུ་རང་མགོ་གང་ཐོན་མི་བྱེད་པ།
༢༣༽     བོད་ཀྱི་སྲོལ་རྒྱུན་གྱི་ཁྱད་ནོར་གཞན་ཕན་དང་བྱམས་བརྩེའི་བསླབ་བྱ་རྣམས་ལ་སློབ་པ།
༢༤༽    ལྷག་བསམ་དང་རྣམ་དཔྱོད་ཟུང་སྦྲེལ་གྱིས་བོད་ཀྱི་བདེན་དོན་མཐའ་སྐྱེལ་བྱེད་པ།
༢༥༽    འཇིག་རྟེན་སྤྱི་ཡོངས་ཀྱི་དོན་ཆེན་ཁུར་དུ་འཁྱེར་བའི་ལྷག་བསམ་རྒྱ་ཆེར་སྤེལ་བ།

གསུམ་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཀུན་སྤྱོད་རྣམ་གྲངས་བསྟན་པ།

གད་སྙིགས་གང་སར་མི་འཕེན་པ།

༡༽     གད་སྙིགས་རྣམས་གད་སྙིགས་བླུག་སྣོད་སོ་སོར་མ་འདྲེས་པར་འཕེན་པ།
༢༽     སྙིགས་སྣོད་མ་འཕྲད་བར་དུ་གད་སྙིགས་ཇི་ཡོད་རང་གི་ལག་ཁུག་སོགས་ནང་ཉར་བ།
༣༽     གཞན་གྱིས་གད་སྙིགས་འཕངས་པ་དངོས་སུ་མཐོང་ཚེ་བོས་ཏེ་ར་སྤྲོད་སློབ་གསོ་བྱེད་པ།
༤༽     གཞན་གྱིས་འཕངས་པའི་གད་སྙིགས་རང་ལ་འཕྲད་ཚེ་བསྒྲུགས་ཏེ་བླུག་སྣོད་དུ་འཕེན་པ།
༥༽     ཕྲུ་གུ་ཆུང་དུས་ནས་གད་སྙིགས་འཕེན་ཕྱོགས་ཀྱི་གོམས་གཤིས་འཇགས་སུ་བཅུག་རྒྱུ།
༦༽     རྒན་པ་རྣམས་ཀྱིས་སློབ་སྟོན་གཅིག་པུ་མིན་པར་དངོས་སུ་མིག་དཔེ་སྟོན་ཐུབ་པ་དགོས་རྒྱུ།
༧༽     གད་སྙིགས་འཕེན་ཕྱོགས་ཀྱི་སྒྲིག་ཁྲིམས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལྟར་བཟོ་གཏོད་དགོས་རྒྱུ།

འབྱུང་ཁམས་སྦག་བཙོག་མི་བྱེད་པ།

༡༽     བཙོག་གཅིན་གང་སར་མི་གཏོང་བ།
༢༽     ཁ་ལུད་དང་སྣབས་ལུད་གང་སར་མི་འདོར་བ།
༣༽     སྐྲ་དང་སེན་མོ་གང་སར་མི་འདོར་བ།
༤༽     རུལ་དྲི་ཅན་གྱི་ཟས་སྙིགས་གང་སར་མི་འདོར་བ།
༥༽     དུག་རྫས་ཅན་གྱི་གད་སྙིགས་གང་སར་མི་འདོར་བ།
༦༽     མཚོ་དང་གཙང་ཆུ་ཁྲོན་པ་བཅས་ལ་སྦག་བཙོག་མི་གཏོང་བ།
༧༽     ཞིང་ཁ་ལ་རྫས་ལུད་ཀྱི་རིགས་མི་འདེབས་པ།
༨༽     སྟོན་ཐོག་དང་སྔོ་ཚལ་ཤིང་འབྲས་བཅས་ལ་འབུ་དུག་མི་གཏོར་བ།
༩༽     བཙོག་ཆུ་དང་བཟོ་གྲྭའི་ཆུ་སྙིགས་རིགས་གཙང་ཆུའི་ནང་མི་གཏོང་བ།
༡༠༽     རླུང་ཁམས་ལ་གནོད་པའི་དུ་རླངས་ཀྱི་རིགས་བར་སྣང་དུ་མི་གཏོང་བ།
༡༡༽     འགྱིག་རྫས་སོགས་ཀྱི་གད་སྙིགས་རིགས་མེར་སྲེག་མི་བྱེད་པ།

འབྱུང་ཁམས་སྲུང་སྐྱོབ་ཀྱི་གོ་རྟོགས་དང་ལས་འགུལ་སྤེལ་རྒྱུ།

༡༽     ཞིང་ས་གྲོང་སྡེར་བསྒྱུར་རྒྱུའི་ལས་གཞི་འགོག་ཐབས་བྱེད་པ།
༢༽     ནགས་ཚལ་བཟོ་གྲྭར་བསྒྱུར་རྒྱུའི་ལས་གཞི་འགོག་ཐབས་བྱེད་པ།
༣༽     ནགས་ཚལ་གཅོད་བྲེག་གི་ལས་གཞི་འགོག་ཐབས་བྱེད་པ།
༤༽     ཤིང་ནགས་མེར་སྲེག་གི་རྒྱུ་རྐྱེན་རིགས་འགོག་ཐབས་བྱེད་པ།
༥༽     ཚོད་འཛིན་མེད་པའི་གཏེར་ཁ་སྔོག་འདོན་འགོག་ཐབས་བྱེད་པ།
༦༽     སྲོག་ཆགས་གཞན་གྱི་རང་བྱུང་གི་གནས་སྐྱོབ་ཐབས་བྱེད་པ།
༧༽     གཙང་ཆུ་ཁག་གློག་འདོན་དང་ཉ་ཞིང་སོགས་ཀྱི་ཆེད་སྒེར་སྤྱོད་བྱེད་པ་འགོག་པ།
༨༽     ཆུ་མགོའི་གངས་རི་རྣམས་བག་མེད་རྩེད་འཇོའི་ཁྲོམ་རར་བསྒྱུར་རྒྱུ་འགོག་པ།
༩༽     བོད་ཀྱི་འབྱུང་ཁམས་ཁོར་ཡུག་རྣམས་རྒྱ་མིའི་གང་འདོད་ལྟར་བྱེད་པ་འགོག་པ།
༡༠༽     བཟོ་གྲྭ་ཁག་གིས་བར་སྣང་དུ་དུ་རླངས་ཚོད་མེད་གཏོང་བ་འགོག་ཐབས་བྱེད་པ།
༡༡༽     གྲང་གློག་གི་འཕྲུལ་ཆས་རིགས་བེད་སྤྱོད་གང་ཉུང་དགོས་པའི་ལས་འགུལ་སྤེལ་བ།
༡༢༽     ཁོར་ཡུག་ལ་མི་གནོད་པའི་གྲང་གློག་བཟོ་འདོན་གྱི་འཕྲུལ་རིག་གསར་པ་བཙལ་ཐབས་བྱེད་པ།
༡༣༽     སྣུམ་འཁོར་སོགས་བཟོ་གྲྭ་ཁག་གི་ཐོན་རྫས་ལ་ཚོད་འཛིན་དགོས་པའི་ལས་འགུལ་སྤེལ་བ།
༡༤༽     ཁོར་ཡུག་ལ་གནོད་པའི་ཐོན་རྫས་རིགས་སྤོང་བའི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ།
༡༥༽     རྡོ་སྣུམ་དང་རྡོ་སོལ་གློག་བཅས་ཀྱི་ནུས་པར་བརྟེན་པའི་འཕྲུལ་ཆས་རྣམས་ཟད་དུ་མེད་པའི་ནུས་པའི་གཏེར་ཆེན་ཉི་འོད་དང་རླུང་གི་ནུས་ཤུགས་ཐོག་སྤོ་སྒྱུར་བྱེད་པའི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ།
༡༦༽     བག་མེད་ལོངས་སྤྱོད་ཀྱི་ལྟ་ངན་གདོང་ལེན་བྱེད་པའི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ།
༡༧༽     གོ་ལའི་ཁོར་ཡུག་དང༌། འཛམ་གླིང་གི་ཞི་བདེ། མིའི་ཀུན་སྤྱོད། སེམས་ཀྱི་བདེ་སྐྱིད། ལུས་ཀྱི་འཕྲོད་བསྟེན་བཅས་ཐམས་ཅད་ཉམས་དམས་སུ་གཏོང་མཁན་གྱི་བྱེད་གཏེ་ཕུང་ནག་དངོས་ནི། མིའི་འདོད་རྔམ་བདུད་ཀྱི་ལས་གཟུགས་སུ་ཤར་བ། མ་རྩའི་རིང་ལུགས་སུ་གྲགས་པའི་དཔལ་འབྱོར་དང་འཚོ་བའི་ལྟ་བའམ་ལམ་ལུགས་དེ་ཉིད་ཡིན་པར་ར་འཕྲོད་གསལ་པོ་འབྱུང་བཞིན་ཡོད་ན། གླིང་འདིའི་སྣོད་བཅུད་གཉིས་བསྐྱབ་པར་འདོད་པའི་སྐྱེས་བུའམ་སྐྱེས་བུའི་སྡེ་ཞིག་ཡོད་ཚེ། གོང་དུ་སྨྲས་མ་ཐག་པའི་འཚོ་བའི་ལམ་ལུགས་དེ་དོ་ཟླར་བཟུང་སྟེ་དེ་ལས་རྣམ་པར་རྒྱལ་བ་ཞིག་བྱེད་དགོས་པས། དེ་ལྟར་བྱེད་རྒྱུའི་སེམས་བསྐྱེད་དང་དམ་བཅའ་བརྟན་པོ་འཇོག་རྒྱུ།

ཆུའི་བེད་སྤྱོད་ཚུལ་མཐུན་བྱེད་པ།

༡༽     འཚོ་བ་དང་འཕྲོད་བསྟེན་གྱི་དགོས་མཁོ་ལས་ལྷག་པར་མི་སྤྱོད་པ།
༢༽     སོ་ལ་སོ་འཁྲུད་བརྡར་བཞིན་པ་ལྟ་བུའི་དུས་སུ་ཆུ་གློད་དེ་མི་འཇོག་པ།
༣༽     སྣོད་དང་གྱོན་ཆས་ལ་འདག་རྫས་བརྡར་བཞིན་པའི་དུས་སུ་ཆུ་གློད་དེ་མི་འཇོག་པ།
༤༽     ཆུ་ཐིགས་འཛག་པའི་ཆུ་ཀ་ལ་དང་ཆུ་མཛོད་སོགས་འཕྲལ་དུ་བཟོ་བཅོས་བྱེད་པ།
༥༽     སྤྱི་སྤྱོད་ཁྲུས་ཁང་སོགས་སུ་ཆུ་འཛག་པ་མཐོང་ཚེ་དོ་དམ་པར་བརྡ་ལན་བྱེད་པ།
༦༽     ཀ་ལ་ནས་ཆུ་བཏུང་ཟིན་རྗེས་ཆུ་སྒོ་ལེགས་པོ་བྱས་ཏེ་འགོག་དགོས་པ།
༧༽     ཆུ་འཛག་པའི་ཀ་ལ་གང་དུ་མཐོང་ཡང་རང་གིས་འགོག་དགོས་པ།
༨༽     སྤྱི་པའི་ཆུ་མཛོད་འཕྲུལ་ཆས་ལ་རྒྱུན་དུ་ལྟ་སྲུང་ལེགས་པོ་བྱེད་པ།
༩༽     སྤྱི་ཆུ་བག་མེད་ལོངས་སྤྱོད་བྱེད་མཁན་རྣམས་ལ་སློབ་སྟོན་དང་ཉེས་ཆད་འགེལ་བ།
༡༠༽     ཚལ་ཞིང་དང་ལྡུམ་ར་སོགས་ལ་འཐུང་ཆུ་བེད་སྤྱོད་མི་དགོས་པ་གཙོ་འདོན་བྱེད་པ།
༡༡༽     ཆར་ཆུ་གསོག་འཇོག་དང་མཁོ་སྤྱོད་བྱེད་པའི་ལས་གཞི་ལག་བསྟར་བྱེད་པ།

གློག་གི་བེད་སྤྱོད་ཚུལ་མཐུན་བྱེད་པ།

༡༽     ཉི་མའི་གུང་ལ་གློག་བེད་སྤྱོད་མི་དགོས་པ་གཙོ་འདོན་བྱེད་པ།
༢༽     བཟའ་བཏུང་གཡོ་བྱེད་དུ་གློག་བེད་སྤྱོད་མི་དགོས་པ་གཙོ་འདོན་བྱེད་པ།
༣༽     ནང་དང་ལས་ཁུངས་གང་སར་གློག་འགྲོ་ཆུང་བའི་ཤེལ་ཏོག་རིགས་བེད་སྤྱོད་བྱེད་པ།
༤༽     དགུན་དུས་ཚ་དྲོད་ཆེ་ལ་གློག་འགྲོ་ཆུང་བའི་གློག་ཐབ་ཐོན་གསར་རིགས་ཉོ་སྒྲུབ་བྱེད་པ།
༥༽     ནང་དང་ལས་ཁུངས་ནས་ཐོན་སྐབས་གློག་ཚང་མ་གསོད་རྒྱུའི་གོམས་གཤིས་བཟོ་བ།
༦༽     ཕྱོགས་འགྲོའི་སྐབས་ནང་གི་གློག་ཚང་མ་གསོད་རྒྱུ་མ་ལུས་པ་ངེས་པར་བྱེད་པ།
༧༽     གློག་གྲོན་དང་མེ་ཟོན་གཉིས་ཀའི་ཆེད་ལོ་དུས་རྒྱས་བཅད་ཀྱིས་གློག་སྐུད་དང་གློག་སྒམ་བརྗེ་སྒྱུར་བྱེད་པ།
༨༽     གློག་གྲོན་ཆེ་བའི་གློག་ཆས་དང་འཕྲུལ་ཆས་རྙིང་གོག་རིགས་གཙང་སེལ་བྱེད་པ།
༩༽     གློག་འགྲོ་ཆེ་ལ་མིག་ལ་གནོད་པའི་འོད་ཤུགས་ཆེ་བའི་ཤེལ་ཏོག་སོགས་བེད་སྤྱོད་མི་བྱེད་པ།
༡༠༽     བརྙན་འཕྲིན་དང་ཀམ་པཱའུ་ཊར་བེད་སྤྱོད་མི་བྱེད་པའི་དུས་སུའང་དེ་དག་སྤར་ཏེ་མི་འཇོག་པ།

དངོས་རྫས་གཞན་བེད་སྤྱོད་ཚུལ་མཐུན་བྱེད་པ།

༡༽     ཚོགས་འདུ་དང་སྤྲོ་སྐྱིད་འདུ་འཛོམས་སོགས་སུ་ལན་གཅིག་བེད་སྤྱོད་ཅན་གྱི་འགྱིག་རྫས་ཀྱི་སྡེར་མ་དང་ཕོར་པ་སོགས་ཉོ་སྤྱོད་མི་བྱེད་པ།
༢༽    ཤོག་བུ་བེད་སྤྱོད་ཉུང་དུ་གཏོང་རྒྱུའི་ཐབས་ལམ་ཇི་ཡོད་ལག་བསྟར་བྱེད་པ།
༣༽    ཟིན་བྲིས་དང་འདྲ་བཤུས་རིགས་ཤོག་བུ་གསར་པའི་སྟེང་མི་བཟོ་བ།
༤༽    ཡིག་ཆ་ཁག་འཕྲུལ་དཔར་བྱེད་སྐབས་ཤོག་བུའི་མདུན་རྒྱབ་གཉིས་ཀ་བེད་སྤྱོད་བྱེད་པ།
༥༽    ནང་ཁུལ་ཡིག་འབྲེལ་བྱ་སྒོ་ཚང་མ་ལ་ཡིག་སྐོགས་གསར་པ་བེད་སྤྱོད་མི་བྱེད་པ།
༦༽    ཤོག་བུ་མི་དགོས་པའི་གནས་འབྲེལ་བྱ་ཐབས་ཁག་གི་ལག་ལེན་དར་སྤེལ་གཏོང་བ།
༧༽    ཚོགས་འདུ་ཁག་ཏུ་དོན་མེད་ཡིག་ཆས་མང་པོ་འགྲེམས་སྤེལ་མི་བྱེད་པ།
༨༽    ཡུལ་ཁྲིམས་ལྟར་འགྱིག་ཤོག་གི་ཐུམ་ཁུག་རིགས་ལེན་སྤྲོད་སྤྱོད་གསུམ་མི་བྱེད་པ།

མཇུག་བྱང༌།

ཤེས་རིག་ལས་ཁུངས་ནས་སློབ་གྲྭའི་ཀུན་སྤྱོད་ལག་དེབ་འདི་འདྲ་ཞིག་རྩོམ་སྤེལ་ཞུ་རྒྱུ་ཞུས་སྐབས། ཐོག་མའི་བསམ་དོན་ལྟར་བྱས་ན་ལག་དེབ་ཀྱི་མ་ཕྱིའི་ཟིན་བྲིས་ཤིག་སློབ་གྲྭའི་དགེ་འཐུས་ཁག་ཅིག་དང༌། སློབ་གྲྭའི་སྤྱི་ཁྱབ་ལས་ཁུངས་ཁག ཤེས་མྱོང་ཅན་གྱི་མཁས་པ་ཁག་ཅིག བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་བཅས་ལ་སྔོན་འགྲེམས་ཐུབ་རེ་བྱས་ཀྱང༌། ལས་འཆར་གྱི་དུས་ཚིགས་ཉེ་བར་གཏུགས་ཟིན་པའི་རྒྱུ་མཚན་ལ་བརྟེན་ནས། སློབ་གྲྭའི་ཀུན་སྤྱོད་ལག་དེབ་ཀྱི་འདོན་ཐེངས་དང་པོ་འདི་བཞིན་ལག་དེབ་འདི་འདྲ་ཞིག་དགོས་པའི་ཐོག་མའི་བསམ་དོན་ཇི་བཞིན་ཤེས་རིག་ལས་ཁུངས་རང་གིས་རྩོམ་སྒྲིག་གཏན་འབེབས་བྱས་ཤིང༌། ཕྱིས་སྣོན་འཕྲི་ལེགས་བཅོས་བྱ་སྒོ་གང་མཆིས་ལག་དེབ་ཀྱི་འདོན་ཐེངས་གཉིས་པའི་སྐབས་བཟོ་བཅོས་ཆོག་རྒྱུ་ཡིན་ན། བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གིས་གཙོས་འབྲེལ་ཡོད་ཚོགས་སྒེར་ཡོངས་ནས་དགོངས་འཆར་ཇི་ཡོད་ལྷུག་སྩོལ་ཆོག་རྒྱུ་བཅས། བོད་གཞུང་ཤེས་རིག་ལས་ཁུངས་ནས། བོད་རྒྱལ་ལོ་ ༢༡༣༧ ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༩ ཉིན་སྤེལ།།  །།

མདུན་ཤོག