ཞེ་སའི་རྣམ་འབྱེད།

༄༅། །དེབ་འདི་ཆོས་སྲིད་གཉིས་ཀྱི་མངའ་བདག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ། སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གྲུ་འཛིན་གཉིས་པའི་གཞལ་མེད་ཁང། ཕོ་བྲང་པོ་ཏ་ལར་རབ་བྱུང་༡༦ པའི་ལྕགས་འབྲུག་ཟླ་བ་༡ ཚེས་༡༤ ཕྱི་ལོ་༡༩༤༠ ལོར་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་གསེར་ཁྲིར་མངའ་གསོལ་ཞུས་ཏེ། ལོ་དྲུག་ཅུ་དང། གང་ཉིད་ནས་རབ་བྱུང་༡༦ པའི་ལྕགས་སྟག་༡༩༥༠ ལོར་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་ལོ་ལྔ་བཅུ་འཁོར་བའི་དུས་སྟོན་སྲུང་བརྩི་དང། གང་གི་བཀའ་དྲིན་རྗེས་དྲན་ཆེད་པར་འགྲེམས་ཞུས་པའོ། །

རྩོམ་པ་པོ། ཚེ་དབང་རྟ་མགྲིན།
གློག་ཀླད་དུ་འཇུག་སྒྲིག་པ། བསོད་ནམས་གཡུ་སྒྲོན།

ཆེད་བརྗོད།

༄༅། །འདི་ག་ལས་ཁུངས་ནས་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་ཕན་ངེས་ཀྱི་དེབ་རིགས་གསར་རྩོམ་དང། ཕབ་སྒྱུར་གྱིས་དཔར་འགྲེམས་གནང་མུས་ཁོངས། ད་ལམ་སྒང་ཏོག་ཏུ་བཅའ་བཞུགས་མཁྱེན་ཡངས་ཚེ་དབང་རྟ་མགྲིན་ལགས་ཀྱིས་བརྩམས་པའི་ཞེ་སའི་རྣམ་འབྱེད་ཚིགས་བཅད་མ་དང། དབྱིན་བོད་ཤན་སྦྱར་གྱི་ཞེ་སའི་ཚིག་མཛོད་གཉིས་པར་སྐྲུན་ཐུབ་པར་དགའ་བ་ཆེ།
    དེ་ཡང་ཞེ་སའི་རྣམ་འབྱེད་དང། ཞེ་སའི་ཚིག་མཛོད་གཉིས་དེ་སྔོན་ནས་པར་སྐྲུན་བྱས་ཡོད་ཀྱང། ལོ་མང་སོང་དབང་གིས་དཔར་གྲངས་ཆ་ཚང་འགྲེམས་ཚོང་ཟིན་ཐོག་གཏན་ཉིན་སློབ་གྲྭ་ཁག་གི་འགན་ཡོད་མི་སྣས་དེབ་འདི་ཡང་བསྐྱར་པར་སྐྲུན་བྱས་ལེགས་ཀྱི་བསམ་འཆར་རིམ་པ་འབྱོར་བ་ལྟར། དོ་བདག་རྩོམ་པ་པོ་ལ་མོལ་བསྡུར་བྱས་སྙིང། རྩོམ་པ་པོས་པར་ཐེངས་གཉིས་པ་འདི་ནས་པར་སྐྲུན་བྱས་ཆོག་པའི་མོས་མཐུན་བྱུང་བ་ལྟར་པར་སྐྲུན་བྱས།
    སྔོན་ཡོད་པར་རྩ་ལྕགས་པར་ཡིན་སྟབས། འདི་གའི་ལས་བྱེད་ཆུང་ཚེ་རིང་ལ་ལས་བྲེལ་ཆེ་ཡང་འཕྲུལ་ཡིག་ཏུ་འཇུག་སྒྲིག་དང་ཞུ་དག་གི་འགན་ཁུར་དཀྲིས་པ་ལྟར། སྔ་དགོང་ལས་ཞོར་དུ་པར་རྩ་འཇུག་སྒྲིག་དང། རྩོམ་པ་པོ་དང་གྲོས་བསྡུར་གྱིས་ལེགས་བཅོས་དང་ཞེ་ཚིག་ཁ་སྣོན་ཡང་གང་ཙམ་བྱས་པ་སོགས་ལས་དོན་སྤུས་དག་བྱས་འདུག་པར་མ་ཟད། ཞེ་སའི་ངོ་བོ་དང། དབྱེ་བ། ག་དུས་དར་མིན། སྤྱོད་གོ་སོགས་ཀྱི་སྐོར་ལ་ཉམས་ཞིབ་ཀྱིས་དཔྱད་རྩོམ་ཞིག་ཀྱང་བྲིས་འདུག་པར་བརྟེན། འདི་དག་ཕྱོགས་གཅིག་ཏུ་བསྒྲིགས་ན། བོད་ཀྱི་ཞེ་སའི་སྐོར་དཔྱིས་ཕྱིན་པ་ཤེས་རྒྱུར་དགེ་མཚན་ཆེ་སྟབས་དེབ་འདིའི་མཇུག་ཏུ་དཔྱད་རྩོམ་དེ་ཡང་མཉམ་དུ་བཀོད་ཡོད།
    དེབ་འདིར་བརྟེན་ནས་སློབ་གྲྭ་ཁག་སློབ་ཕྲུག་ཚོའི་སྒོ་གསུམ་གྱི་སྤྱོད་ལམ་སྤྱི་དང། ལྷག་པར་ཡ་རབས་གུས་ཞབས་ཀྱི་རྣམ་པ་མཚོན་པའི་གཏམ་བརྗོད་བྱེད་ཕྱོགས་ཐད་དམིགས་བསལ་ཕན་འབྲས་འབྱུང་རེ་དང། རྩོམ་པ་པོ་ཚེ་དབང་རྟ་མགྲིན་ལགས་དང། ཆུང་ཚེ་རིང་གཉིས་ལ་ལེགས་གཟོའི་བསྔགས་བརྗོད་ཞུ་རྒྱུ་བཅས། བོད་གཞུང་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༠༡ ཟླ་༨ ཚེས་༡༨ ལ།།

དཀར་ཆག

དཔར་ཐེངས་དང་པོའི་གླེང་བརྗོད།
དཔར་ཐེངས་གཉིས་པའི་གླེང་བརྗོད།
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༡)
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༢)
ཞེ་སའི་ཚིག་མཛོད།(༡)
ཞེ་སའི་ཚིག་མཛོད།(༢)
ཞེ་སའི་ཚིག་མཛོད།(༣)
བོད་ཀྱི་ཞེ་ས། (ཆུང་ཚེ་རིང)

རྩོམ་པ་པོ་ངོ་སྤྲོད།

༄༅། །རྩོམ་པ་པོ་གཏིང་སྐྱེས་རྨུག་པ་འབར་རོའི་ཚེ་དབང་རྟ་མགྲིན་ལགས་ནི། ཆུང་དུས་ཕ་མ་གྲོངས་པའི་ད་ཕྲུག་ཅིག་ཡིན་པས་ལམ་བཟོ་རྒྱུགས་པ་སོགས་ཀྱི་དཀའ་སྡུག་སྣེ་མང་མྱངས་རྗེས། ཕྱི་ལོ་༡༩༦༣ ལོར་རྡོར་གླིང་བོད་གཞུང་སློབ་གྲྭར་འཛུལ་ཞུགས་བྱས། ཕྱི་ལོ་༡༩༧༢ ལོར་སློབ་གྲྭ་ལེགས་ཐོན་གྱིས་རྒྱ་གར་གཞུང་གི་སློབ་གྲོན་འོག་ལོ་དེར་རྡོར་གླིང་སེན་འཇོ་སེབ་མཐོ་སློབ་ཏུ་འཛུལ་བ་བཞིན་སློབ་ཕྲུག་ཕུལ་བྱུང་གི་དམིགས་བསལ་ལག་འཁྱེར་དང་བཅས་ཕྱི་ལོ་༡༩༧༥ ལོར་མཐོ་སློབ་ཐོན་རྗེས་རྡོར་གླིང་སོ་ན་རྡ་སློབ་གྲྭར་སློབ་དགེ་ལོ་ཕྱེད་ཙམ་དང། རྡོར་གླིང་རང་འཚོའི་བཟོ་གྲྭར་ཕྱག་ལས་ཟླ་བ་དགུ་གནང་ཞིང། ཕྱི་ལོ་༡༩༧༦ ལོར་འབྲས་གཞུང་དྲིལ་བསྒྲགས་ལས་ཁུངས་ནང་འབྲས་ལྗོངས་བྱ་མ་རྟའི་རྩོམ་སྒྲིག་པའི་འགན་ཁུར་བཞེས་པ་བཞིན་ད་བར་མུ་མཐུད་གནང་མུས་ཐོག ད་ཆ་ལས་ཁུངས་དེ་གའི་ནང་ཟུང་འབྲེལ་དྲུང་ཆེའི་འགན་ཁུར་བཞེས་མུས་ཡིན། ལས་ཞོར་དུ་༡༩༨༡ ལོར་ལྡི་ལི་གསར་པར་ཡོད་པའི་(Indian Institute of Mass Communication) ཞེས་པའི་གསར་འགོད་སློབ་གཉེར་ཁང་ནང་ལོ་གཅིག་རིང་(Post-Graduate Diploma Course in Journalism) ཞེས་པའི་གསར་འགོད་སློབ་གཉེར་གནང།
    ཕྱི་ལོ་༡༩༨༢ ལོར་རྒྱལ་སྲས་ལག་ལེན་སོ་བདུན་མ་དབྱིན་སྐད་དུ་བསྒྱུར། ཕྱི་ལོ་༡༩༨༥ ལོར་སྟོད་གངས་རིན་པོ་ཆེ་དང། མཚོ་མ་ཕམ་གྱི་གནས་ཡིག་དབྱིན་སྐད་དུ་བསྒྱུར། དྷ་ས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འབོད་སྐུལ་འོག་ཕྱི་ལོ་༡༩༩༣ ལོར་བོད་ནང་ལོ་བདུན་དང། ཕྱི་ལོ་༡༩༩༤ ལོར་ཨི་ཊ་ལིའི་བོད་དོན་མཁས་དབང་ལུ་སི་ཨ་ནོ་པེ་ཀྲེག་གིས་བརྩམས་པའི་ས་སྐྱའི་དུས་ཀྱི་བོད་ཀྱི་རྒྱལ་རབས་དེབ་<<Central Tibet & the Mongols. Yuan-Sa-Skya period of Tibetan History>>ཞེས་པ་དང། ཕྱི་ལོ་༡༩༩༥ ལོར་ཧན་སེ་ཨེན་ཌར་སེན་གྱིས་བརྩམས་པའི་བྱིས་པའི་སྒྲུང་དེབ་<<Hans Andersen’s Fairy Tales>> ཞེས་པ་བཅས་དབྱིན་སྐད་ནས་བོད་སྐད་དུ་བསྒྱུར།
    གཞན་ཡང་ཁོང་ནི་དབྱིན་བོད་གཉིས་ཀའི་ནང་སྙན་ངག་འབྲི་མཁན་ཞིག་ཡིན་པས། བོད་ཡིག་ཐོག་བྲིས་པའི་སྙན་རྩོམ་རྣམས་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བོད་ཡིག་གསར་ཤོག་དང་དུས་དེབ་སྣ་ཚོགས་ནང་ཐོན་བཞིན་ཡོད་ཁར། དབྱིན་སྐད་ནང་གསར་རྩོམ་གནང་བའི་སྙན་ངག་གྲངས་༡༠༠ ལྷག་ཡོད་ཁོངས་ནས་ཚན་པ་གཅིག་ཨོ་ས་ཊཱ་ལི་ཡ་ནས་པར་སྐྲུན་གནང་འཆར་ཡོད་པས། ཁོང་ནི་བོད་གཞུང་སློབ་གྲྭ་ནས་ཐོན་པའི་སློབ་མའི་ཁོངས་ནས་དབྱིན་སྐང་ནང་སྙན་རྩོམ་འབྲི་མཁན་ཐོག་མའི་གྲས་ཡིན། དེ་བཞིན་ཕྱི་ལོ་༡༩༩༩ ལོར་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་དམིགས་བསལ་ཐུགས་སྣང་དང། རེ་སྐུལ་འོག་བོད་ཀྱི་ཕུལ་བྱུང་བུད་མེད་ཕྲེང་རིང་ལྕམ་སྐུ་རིན་ཆེན་སྒྲོལ་མ་ལགས་དེ་ཉིད་ཀྱིས་མཛད་པའི་རང་རྣམ་བོད་ཀྱི་བུ་མོ་<<Daughter of Tibet>>ཞེས་པ་དབྱིན་སྐད་ནས་བོད་སྐད་དུ་ཕབ་བསྒྱུར་གནང་ཡོད་པ་དེ། དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་གནང་ཡོད་པ་བཅས།

མདུན་ཤོག