དཔལ་ལྡན་ཚོགས་གཙོ་མཆོག་གིས་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༩ རེས་གཟའ་ཉི་མའི་ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བདུན་པའི་ཐོག་འཛུལ་ཞུགས་གནང་མཁན་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༢༨ ཀྱི་སྣེ་ཁྲིད་དགེ་རྒན་ ༢༨ དང་འཛིན་རིམ་བཅུ་པའི་སློབ་ཕྲུག་ ༢༦༩ ཙམ་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་གསུང་བཤད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་དོན། ང་ཚོ་མང་གཙོའི་ལམ་ལུགས་ཐོག་ལ་འགྲོ་རྒྱུ་དེ། རྩ་བའི་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དུས་ཡུན་སྐབས་ནས་མང་གཙོའི་ལམ་ལུགས་ཐོག་ལ་བསྒྱུར་རྒྱུའི་འབད་བརྩོན་གནང་ཡོད་ཀྱང་། དགོངས་དོན་ཇི་བཞིན་གྲུབ་ཐུབ་མེད་པ་དང་། དེ་རྗེས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་པ་ནས་བཟུང་སྟེ། བོད་རང་གི་ནང་ལ་ལེགས་བཅོས་ཚོགས་ཆུང་བཙུགས་པ་སོགས་མང་གཙོའི་ལམ་ལུགས་ཐོག་ལ་བསྒྱུར་རྒྱུའི་འབད་བརྩོན་རིམ་པ་གནང་ཡང་། ཕྱི་ནང་གི་བར་ཆད་རྐྱེན་པས་དགོངས་པ་ཇི་བཞིན་ལག་ལེན་བསྟར་ཐུབ་མེད། དེ་འདྲ་སོང་ཙང་ང་ཚོའི་མང་གཙོའི་ལམ་ལུགས་དེ་བཙན་བྱོལ་ལ་གྱར་ཚར་བའི་རྗེས་ལ་གསར་དུ་བཙུགས་དགོས་པའི་གནས་བབ་ཅིག་ཆགས་པ་རེད། ང་ཚོའི་མང་གཙོའི་ལམ་ལུགས་ཐོག་ལ་མང་གཙོའི་ཀ་བ་གསུམ་ཡོད་པ་ནི། འཛིན་སྐྱོང་བཀའ་ཤག་དང་། ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་བཅས་གསུམ་ཡིན། དེ་གསུམ་གྱི་ནང་ནས་དང་པོ་འཛིན་སྐྱོང་བཀའ་ཤག་དབུ་བཙུགས་པ་དང་། དེ་ཡང་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༥ ཉིན་ཀ་སྦུག་ལ་ཡོད་པའི་གཞུང་ཞབས་རྣམས་མ་སུ་རིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཞུར་བཅར་བ་དང་། དེའི་སྐབས་༧གོང་ས་མཆོག་གིས་འབྱུང་འགྱུར་ང་ཚོའི་སྒྲིག་འཛུགས་དེ་ཆོས་སྲིད་གཉིས་ལྡན་མང་གཙོའི་སྒྲིག་འཛུགས་ཤིག་དགོས་ཀྱི་རེད། དེ་འདྲ་ཡིན་ཙང་། དེ་འདྲ་བ་ཞིག་བཟོ་རྒྱུའི་ཆེད་ཁྱེད་རང་ཚོས་ལས་ཁུངས་ཆ་བགོས་ཇི་ལྟར་གནང་དགོས་མིན་སོགས་གོ་བསྡུར་བྱེད་དགོས་ཞེས་བཀའ་སློབ་ཕེབས་པ་ལྟར། ༧གོང་ས་མཆོག་ལྷན་རྒྱས་སུ་ཡོད་པའི་གཞུང་ཞབས་པ་རྣམ་པ་དང་། ཀ་སྦུག་ནས་ཚུར་ཕེབས་པའི་གཞུང་ཞབས་རྣམས་ནས་གོ་བསྡུར་སྦྱངས་བཤད་གནང་སྟེ། ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༩ ཉིན་ཡར་ལས་དོན་སྙན་ཞུ་ཞིག་ཕུལ་གནང་བ་རེད། དེ་ནས་ཆོས་དོན་ལྷན་ཁང་དང་། ནང་སྲིད་ལྷན་ཁང་། འདུ་འགོད་ལྷན་ཁང་། ཕྱི་སྲིད་ལྷན་ཁང་བཅས་ལས་ཁུངས་ཆེ་ཁག་བཞི་དང་། ལྡི་ལི་དོན་གཅོད་བཅས་བཙུགས་ཏེ། དེ་ཚོ་སོ་སོའི་ཐོག་འགན་འཁྱེར་མཁན་བཀའ་བློན་བསྐོ་གཞག་གནང་ཡོད་པ་རེད། བྱས་ཙང་འཛིན་སྐྱོང་བཀའ་ཤག་དེ་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༩ ཉིན་བཙན་བྱོལ་དུ་གསར་དུ་བཙུགས་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐུ་ཚབ་གྲངས་ ༢༧ ཙམ་ཞིག་གིས་༧གོང་ས་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་པ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་བཞག་པ་རེད། མགོན་པོ་ཕྱག་དྲུག་པ་དང་། དམག་ཟོར་རྒྱལ་མོ་རེ་མ་ཏི། བསྟན་སྲུང་དམ་ཅན་རྒྱ་མཚོ་བཅས་དཔང་དུ་བཞག་པའི་ཐོག་ནས་དེ་སྔ་བོད་ནང་ང་ཚོས་མིང་འདྲ་མིན་བཏགས་ནས་ནང་ཁུལ་རྡོག་རྩ་གཅིག་ཏུ་བསྒྲིལ་མ་ཐུབ་པར་བརྟེན་ནས། ད་ལྟའི་གནས་བབ་དེ་འདྲ་ཞིག་ཆགས་སོང་། ད་ནས་བཟུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་གནང་རོགས་གནང་། ང་ཚོ་ཆོལ་གསུམ་ཆོས་ལུགས་དང་བཅས་པ་ལྕགས་ཀྱི་གོང་བུ་ལྟར་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དབུ་འོག་དཔུང་འདེགས་ཞུ་གི་ཡིན་ཞེས་ཞུས་ཡོད་པ་དང་། དེའི་སྐབས་༧གོང་ས་མཆོག་གིས་ལྕགས་ཀྱི་གོང་བུ་དེ་འཁྱགས་པའི་གོང་བུ་ལྟ་བུ་མ་ཆགས་པ་བྱེད་དགོས་རེད་ཅེས་དང་། ང་ཚོའི་སྒྲིག་འཛུགས་དེ་འོས་བསྡུ་བྱས་ནས་སླེབས་པའི་སྒྲིག་འཛུགས་གཅིག་ཆགས་དགོས་ཀྱི་རེད། ཁྱེད་རང་ཚོ་རང་གནས་སོ་སོར་ལོག་ཟིན་པའི་རྗེས་ལ་སྔ་འཕྲོས་རིང་ཆོལ་ཁ་གསུམ་སོ་སོ་ནས་སྐུ་ཚབ་འོས་མི་གསུམ་གསུམ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་འོས་མི་གཅིག་རེ་འདེམས་དགོས་པའི་བཀའ་སློབ་ཕེབས་པ་ལྟར། ལོ་དེའི་ཕྱི་ཟླ་ ༩ ཚེས་ ༢ ཉིན་སྤྱི་འཐུས་སྐབས་དང་པོས་དམ་བཅའ་ཕུལ་ཡོད་རེད། དེ་འདྲ་སོང་ཙང་ང་ཚོས་ལོ་ལྟར་དེ་ཉིན་མང་གཙོའི་དུས་དྲན་སྲུང་བརྩི་ཞུ་གི་ཡོད། ཁྲིམས་ལུགས་དབང་འཛིན་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གཙོ་བོ་དང་། དེ་བཞིན་ས་གནས་ཁྲིམས་ཞིབ་ཁང་སོགས་ཡོད་པ་རེད། ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༠ ཉིན་གསུམ་ཅུའི་དུས་དྲན་ཐེངས་ ༣༣ པའི་སྐབས་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་པོ་སྐུ་ངོ་བློ་བཟང་དར་རྒྱས་མཆོག་གིས་དམ་བཅའ་ཕུལ་བའི་ཉིན་མོ་རེད། དེའི་ཉིན་མོ་ནས་བཟུང་ཁྲིམས་ལུགས་དབང་འཛིན་ཆགས་པ་རེད་ཅེས་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་ཇི་ལྟར་དབུ་བརྙེས་ཚུལ་སྐོར་གསུངས་པ་དང་།
མུ་མཐུད་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་དོན། སྤྱི་འཐུས་སྐབས་དང་པོའི་སྐབས་སྤྱི་འཐུས་ལྷན་ཁང་མེད་པ་དང་། སྤྱི་འཐུས་རྣམ་པས་དམ་བཅའ་ཕུལ་བའི་རྗེས། ལས་ཁུངས་སོ་སོར་བགོ་བཤའ་བརྒྱབ་ནས་ཕྱག་ལས་གནང་གི་ཡོད། སྐབས་དེར་ཚོགས་གཙོ་དང་ཚོགས་གཞོན་ཡང་ཡོད་མ་རེད། སྤྱི་འཐུས་ལྷན་འཛོམས་གནང་དགོས་ཡོད་ཚེ། ཤིང་སྡོང་གི་གྲིབ་བསིལ་འོག་ཏུ་བཞུགས་ནས་གོ་བསྡུར་སྦྱངས་བཤད་གནང་སྟེ་ཐག་གཅོད་གནང་གི་ཡོད་པ་དང་། གཙོ་སྐྱོང་གནང་མཁན་ཡང་སྤྱི་འཐུས་རྣམ་པ་རིམ་པས་གནང་གི་ཡོད་རེད། སྐབས་གཉིས་པའི་སྐབས་ནས་བཟུང་ཚོགས་གཙོ་ཚོགས་གཞོན་བསྐོ་གཞག་བྱེད་རྒྱུ་འགོ་འཛུགས་པ་དང་། གོང་བཞིན་ལས་ཁུངས་སོ་སོར་བགོ་བཤའ་བརྒྱབ་ནས་ཕྱག་ལས་གནང་གི་ཡོད། སྐབས་གསུམ་པ་ནས་བཟུང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཁུངས་གསར་འཛུགས་གནང་བ་རེད། སྐབས་བཞི་པ་བར་སྤྱི་འཐུས་རྣམས་སླེབས་ཀྱི་ཡོད་ཀྱང་། འོས་བསྡུའི་སྒྲིག་གཞི་ཡོད་མ་རེད། སྤྱི་འཐུས་སྐབས་ལྔ་པའི་སྐབས་ལ་རྒྱ་གར་གྱི་འོས་བསྡུའི་སྒྲིག་གཞིར་དཔེ་བལྟས་ནས་ང་ཚོར་དགོས་མཁོ་ཡོད་པ་ཚུར་བླངས་ཏེ་འོས་བསྡུའི་སྒྲིག་གཞི་གཏན་འབེབས་དང་ཡོངས་ཁྱབ་གསལ་བསྒྲགས་གནང་བ་རེད། དེ་ནས་རིམ་པས་ལས་བྱེད་བླང་དོར་སྒྲིག་གཞི་གཏན་འབེབས་གནང་བ་སོགས་བྱུང་བ་རེད། སྐབས་དང་པོ་ནས་བདུན་པ་བར་སྤྱི་འཐུས་ཀྱི་དུས་ཡུན་ལོ་གསུམ་རེ་གསུམ་རེ་རེད། སྐབས་བརྒྱད་པ་ནས་སྤྱི་འཐུས་ཀྱི་དུས་ཡུན་ལོ་ལྔ་ཆགས་པ་རེད། ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་མང་གཙོའི་རྩ་ཁྲིམས་ཞེས་པ་ཞིག་རྒྱ་ཁྱབ་གསལ་བསྒྲགས་གནང་བ་དང་། དེ་ཡང་མ་འོངས་བོད་ཀྱི་རྩ་ཁྲིམས་དོན་ཚན་ ༧༧ བྱས་པ་དེའི་གཞི་རིམ་གྱི་སྒྲོམ་གཞི་དེ་རང་དབང་ཡོད་པ་ཞིག་དང་། རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་ཁྲིམས་ཀྱི་སྒྲོམ་གཞི་ལྟ་བུ་བཟོས་ཡོད་རེད། གང་ཡིན་ཞེ་ན། ང་ཚོའི་དམིགས་ཡུལ་ནི་གཞིས་བྱེས་མཉམ་འཛོམས་བྱུང་བའི་མཚམས་ལ་མང་གཙོའི་ལམ་ལུགས་ཐོག་འགྲོ་རྒྱུ་དེ་རེད། དེ་གསལ་བསྒྲགས་གནང་བ་དང་སྦྲགས། ད་ལྟ་བཙན་བྱོལ་ནང་དེ་དང་ཕྱོགས་མཚུངས་པ་ཞིག་འགྲོ་གི་ཡིན་ཞེས་གསུངས་གནང་ཡོད་རེད།
སྐབས་བཅུ་པའི་སྤྱི་འཐུས་བར་ད་ལྟ་ནང་བཞིན་གྲོས་ཚོགས་ཡོད་མ་རེད། ཆེས་མཐོའི་རྒྱུན་ལས་ (National Working Committee) ཟེར་གྱི་ཡོད་རེད། ཆེས་མཐོའི་རྒྱུན་ལས་དེ་ཟླ་བ་གཅིག་ལ་ཐེངས་གཅིག་རེ་འཚོགས་ཀྱི་ཡོད་པ་དང་། དེ་འདྲ་བའི་གཙོ་སྐྱོང་དེ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གནང་གི་རེད། དེའི་ནང་ལྷན་ཞུགས་གནང་མཁན་སྤྱི་འཐུས་རྣམ་པ་དང་། བཀའ་བློན་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་རྣམ་པ་བཅས་རེད། དེའི་སྐབས་ཐག་གཅོད་གལ་ཆེན་པོ་དང་། སྲིད་བྱུས་ལ་སོགས་གང་གཏན་འབེབས་གནང་དགོས་ཀྱི་ཡོད་པ་ཆེས་མཐོའི་རྒྱུན་ལས་ཀྱིས་གནང་སྟེ། ཡར་༧གོང་ས་མཆོག་ལ་སྙན་ཞུ་ཕུལ་རྗེས། ༧གོང་ས་མཆོག་གིས་ཆོག་མཆན་བསྩལ་བའི་ཉིན་མོ་ནས་བཟུང་སྟེ་ཕྱག་བསྟར་གནང་དགོས་པ་ཆགས་ཀྱི་ཡོད། ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་དང་། སྐབས་དེ་དུས་བོད་རིགས་གཞོན་ནུ་ལྷན་ཚོགས་ཟེར་གྱི་ཡོད་རེད། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་དང་། འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་མང་དག་ཅིག་གི་ནང་ད་ལྟའི་སྤྱི་འཐུས་རྣམ་པ་བོད་མི་མང་གི་སྤྱི་འཐུས་ཆགས་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན་སྤྱི་འཐུས་རྣམ་པའི་ཡོང་ས་ཡོང་ཁུངས་སོ་སོའི་ཆོལ་ཁ་དང་ཆོས་བརྒྱུད་ནས་ཡིན་ཙང་། སྤྱི་འཐུས་རྣམ་པ་ཚོ་ཆོལ་ཁ་དེ་དང་དེའི་སྤྱི་འཐུས་དང་། ཆོས་བརྒྱུད་དེ་དང་དེའི་སྤྱི་འཐུས་ཆགས་ཀྱི་འདུག་མ་གཏོགས་བོད་མི་མང་སྤྱི་འཐུས་ཆགས་ཀྱི་མི་འདུག དཔེར་ན་དབུས་གཙང་སྤྱི་འཐུས་ཤིག་ཡོང་དགོས་ཀྱི་ཡོད་ན། མདོ་སྟོད་དང་མདོ་སྨད་མི་མང་ཆ་ཚང་གིས་འོས་ཤོག་འཕེན་དགོས་ཀྱི་འདུག དེ་དེ་བཞིན་ཆོལ་ཁ་གཞན་དང་། ཆོས་བརྒྱུད་བཅས་པའི་སྤྱི་འཐུས་འོས་འདེམས་ལ་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཚང་མས་འོས་ཤོག་འཕེན་པ་ཡིན་ན། བོད་མི་མང་སྤྱི་འཐུས་ཆགས་ཀྱི་འདུག་ཅེས་འཁོད་པའི་སྙན་ཞུ་རབ་དང་རིམ་པ་ཆེས་མཐོོའི་རྒྱུན་ལས་ལ་སླེབས་ཡོད་རེད། སྐབས་བདུན་པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཟིན་པ་དང་། དངོས་གཞིའི་འོས་བསྡུ་འགོ་མ་བཙུགས་གོང་། ཆེས་མཐོའི་རྒྱུན་ལས་ཀྱིས་གཞོན་ནུ་ལྷན་ཚོགས་ཀྱི་དགོངས་འཆར་གཞིར་བཟུང་ཕེབས་རྒྱུའི་ཐག་གཅོད་གནང་ཡོད་ཀྱང་ལག་བསྟར་གནང་ཐུབ་ཡོད་མ་རེད། དེ་འདྲ་སོང་ཙང་དམིགས་བསལ་ཚོགས་ཆེན་ཞིག་འདུ་བསྐོང་གནང་སྟེ། ཚོགས་ཆེན་དེའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཞེས་པ་ཞིག་དགོས་ཀྱི་ཡོད་པ་ཡིན་ན། ༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ནས་ཐད་བསྐོས་གནང་རོགས་གནང་ཞེས་ཞུས་པར། རྩ་བའི་༧གོང་ས་མཆོག་གི་ངོས་ནས་ཡེ་ཤེས་དབྱིངས་དཔྱད་གནང་འདོད་མེད་པ་དང་། མང་གཙོ་ཚད་དང་ལྡན་པ་ཞིག་བཟོ་རྒྱུའི་དགོངས་པ་མ་གཏོགས་མེད་ཀྱང་། ཚོགས་ཆེན་ཐོག་ཐག་གཅོད་གནང་བ་ཡིན་ཙང་། ༧གོང་ས་མཆོག་གིས་སྐབས་བརྒྱད་པའི་སྤྱི་འཐུས་དེ་བཞིན་ཡེ་ཤེས་དབྱིངས་དཔྱད་ཐོག་ནས་ཐད་བསྐོས་མ་གནང་ཀ་མེད་ཆགས་པ་རེད།
སྤྱི་འཐུས་སྐབས་དགུ་པའི་སྐབས་ཆེས་མཐོའི་རྒྱུན་ལས་ཀྱི་ཐག་གཅོད་གཞིར་བཟུང་ཕེབས་རྒྱུའི་འབད་བརྩོན་གནང་ཡང་ལམ་ལྷོངས་ཇི་བཞིན་བྱུང་ཡོད་མ་རེད། བྱས་ཙང་༧གོང་ས་མཆོག་གིས་སྔོན་ལྟར་ཡེ་ཤེས་དབྱིངས་དཔྱད་མ་གནང་ཀ་མེད་བྱུང་བ་རེད། སྐབས་དགུ་པའི་སྤྱི་འཐུས་རྣམ་པ་༧གོང་ས་མཆོག་གསར་མཇལ་ཞུས་པའི་སྐབས་ལ་༧གོང་ས་མཆོག་གིས་ལོ་གཅིག་གི་ནང་སྐབས་བཅུ་པའི་སྤྱི་འཐུས་འོས་བསྡུ་ཟིན་པ་དགོས་ཀྱི་རེད་ཅེས་བཀའ་སློབ་ཕེབས་པ་ལྟར། སྐབས་དགུ་པའི་སྤྱི་འཐུས་དེ་ལོ་གཅིག་གི་དུས་ཡུན་མ་གཏོགས་གནང་མ་ཐུབ་པ་རེད། སྤྱི་འཐུས་སྐབས་བཅུ་པ་དེ་ཆེས་མཐོའི་རྒྱུན་ལས་ཀྱིས་ཐག་གཅོད་གནང་བ་ལྟར་ཡོང་ཐུབ་ཀྱི་མེད་སྟབས། དེ་སྔ་གནང་སྟངས་གང་ཡིན་པའི་ཐོག་ཕེབས་རྒྱུ་བཟོས་པ་བཞིན། ཆོལ་ཁ་དང་། ཆོས་བརྒྱུད་སོ་སོ་ནས་སྤྱི་འཐུས་འོས་འདེམས་གནང་བ་རེད། ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས་ ༡༡ ཉིན་དམིགས་བསལ་ཚོགས་ཆེན་ཐོག་༧གོང་ས་མཆོག་གིས་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཞིག་ཐད་ཀར་བསྐོ་འཛུགས་གནང་རྒྱུ་ཡིན་པ་དང་། བཀའ་བློན་རྣམ་པ་འོས་བསྡུའི་ལམ་ནས་སླེབས་དགོས་ཀྱི་ཡོད་པ་སོགས་ཀྱི་བཀའ་སློབ་གནང་བ་ལྟར། སྐབས་དེའི་བཀའ་ཤག་ཕྱིར་བསྡུ་གནང་སྟེ། ཚོགས་ཆེན་ཐོག་ནས་བར་བརྒལ་གྱི་བཀའ་ཤག་འོས་འདེམས་བྱས་ཡོད་པ་དང་། རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་བཙུགས་ཏེ། ཕྱི་ལོ་ ༡༩༩༡ ལོར་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་དང་། དེའི་སྔོན་ལ་སྤྱི་འཐུས་རྣམ་པ་མ་ཎི་བཀའ་འབུམ་མགོ་ལ་བཞག་ནས་དམ་བཅའ་ཕུལ་གྱི་ཡོད་པ་དང་། སྐབས་བཅུ་གཉིས་པའི་རྗེས་ནས་བཅའ་ཁྲིམས་ཀྱི་འབྲུ་དོན་འགལ་མེད་ཀྱི་དམ་བཅའ་འབུལ་བཞིན་ཡོད། ༧གོང་ས་མཆོག་གིས་བཀའ་སློབ་གནང་བ་ལྟར། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་འགོ་བཙུགས་པ་དང་། དེ་ནས་ཕྱི་ལོ་ ༢༠༡༡ ལོར་སྐབས་བཅུ་བཞི་པའི་གྲོས་ཚོགས་འཕར་མ་འཚོགས་ཏེ། བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པ་བྱས་པ་རེེད། བཅའ་ཁྲིམས་གཞིར་བཟུང་ཕྱི་ལོ་ ༢༠༡༡ ལོར་༧གོང་ས་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་རྩིས་སྤྲོད་གནང་བ་སོགས་མང་གཙོའི་འཕེལ་རིམ་སྐོར་ལ་གསུངས་གནང་བ་མ་ཟད། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །