དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ཟབ་འཁྲིད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་འདི་ག་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་དྲུག་པའི་ཐོག་འཛུལ་ཞུགས་གནང་མཁན་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༣༡ གི་སྣེ་ཁྲིད་དགེ་རྒན་ ༢༩ དང་འཛིན་རིམ་བཅུ་པའི་སློབ་ཕྲུག་ ༢༨༢ ཙམ་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་ཟབ་འཁྲིད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་དོན། ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གསར་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན་ལྟར། སྔ་འཕྲོས་རིང་ཆོས་བརྒྱུད་ཆེན་པོ་བཞི་དང་ཆོལ་ཁ་གསུམ་སོ་སོའི་སྤྱི་འཐུས་འོས་དམིགས་ཕུལ་བར་ཕྱག་རྟགས་བསྐོ་གཞག་ཕེབས་དགོངས་ལྟར། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་པ་དང་། དེ་ནས་རིམ་བཞིན་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་གསལ་བསྒྲགས་དང་། ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས་ ༡༡ ཉིན་བཀའ་སློབ་ཕེབས་དོན་ལྟར། བཀའ་བློན་རྣམ་པ་འོས་བསྡུའི་ལམ་ནས་ཕེབས་འགོ་བརྩམས་པ་མ་ཟད། སྤྱི་འཐུས་གྲངས་སྤར་དང་། ཕྱག་རྟགས་མི་དགོས་པ་བཟོ་རྒྱུ་གནང་ཡོད་པ། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཀྱིས་ཕྱི་ཚེས་ ༢༨ ཉིན་ཆོག་མཆན་བཀའ་འཁྲོལ་ཐོབ་པ་དང་། ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་གནང་བ་དང་།
ཕྱི་ལོ་ ༢༠༠༠ ལོར་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འདེམས་བསྐོ་གནང་རྒྱུ་དང་། ཕྱི་ལོ་ ༢༠༡༡ ལོར་བཅའ་ཁྲིམས་བསྐྱར་བཅོས་ ༢༥ པ་གནང་སྟེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་འཁྲིད་ཁག་ལ་གསོལ་སྩལ་གནང་བ་སོགས་མང་གཙོའི་ཀ་བ་གསུམ་གྱི་འབྱུང་རིམ་དང་། ལོ་དུས་སོ་སོའི་ནང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཇི་ལྟར་བྱུང་བའི་སྐོར་ལ་གསུང་བཤད་ཟབ་རྒྱས་གནང་རྗེས། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །