ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ཐེངས་གཉིས་པ་ལེགས་གྲུབ་ཟིན་པ།

༄༅། །འདི་ག་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣ ནས་ ༦ བར་མོན་གྷོ་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་སྔོན་འགྲོའི་དགེ་རྒན་ཚོར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ཐེངས་གཉིས་པ་གོ་སྒྲིག་ཞུས་ཏེ། ཕྱི་ཚེས་༦ ཉིན་ཟབ་སྦྱོང་ལེགས་པར་མཇུག་བསྒྲིལ་ཡོད།
ཐེངས་འདིའི་ཟབ་སྦྱོང་འདི་བཞིན་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་དང་དབུས་གཞིས་ཆགས་གསུམ་བཅས་ཀྱི་སྔོན་དགེ་ཡོངས་རྫོགས་ལ་དམིགས་པ་ཡིན་ཞིང་། ཟབ་སྦྱོང་དུ་སྔོན་དགེ་ ༣༣ དང་། གྲྭ་ཚང་ཁག་གི་དགེ་རྒན་ ༨ བཅས་ཁྱོན་བསྡོམས་སློབ་དགེ་ ༤༡ དངོས་སུ་མཉམ་ཞུགས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༣ གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་ཟབ་སྦྱོང་དབུ་འབྱེད་བཀའ་སློབ་གནང་ཡོད་པ་དང་། དེ་བཞིན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ནས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་དང་། འབྲས་སྤུངས་བློ་གསལ་གླིང་གི་ཕྱག་མཛོད་ཁྲི་པ་དགེ་བཤེས་བློ་བཟང་ཟླ་ལི་ལགས་ནས་དགའ་བསུའི་གསུང་བཤད་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཟུང་དྲུང་བསྟན་འཛིན་པདྨ་ལགས་ནས་ཟབ་སྦྱོང་ངོ་སྤྲོད། འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་ལྡན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་ཡོད།
ཐེངས་འདིའི་ཉིན་བཞིའི་ཟབ་སྦྱོང་གི་ཟབ་ཁྲིད་གནང་མཁན་ཁོངས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ལོ་ཙཱ་བ་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་དང་ལོ་ཙཱ་བ་བརྩོན་འགྲུས་བསམ་འཕེལ་ལགས་བཅས་ཕེབས་ཡོད་ཅིང་། ཁོང་རྣམས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་ལྷག་པར་དུ་སཱི་ཤེས་ཡོན་སློབ་གསོའི་ལྟ་གྲུབ་དང་རྒྱབ་ལྗོངས་གནས་ཚུལ་ཁག དེ་བཞིན་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གཏན་འབེབས་གནང་བའི་སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་དང་བསླབ་གཞི་ལས་བྱམས་བརྩེ་དང་། སོར་ཆུད་ཀྱི་ནུས་པ། སེམས་མྱོང་། དབང་ཚོར། ཡིད་བྱེད། རྟེན་འབྲེལ་སོགས་ལ་ཞིབ་འགྲེལ་དང་བྱེད་སྒོའི་ལམ་ནས་སློབ་ཁྲིད་གནང་ཡོད།
ཟབ་སྦྱོང་གི་ཉིན་མཐའ་མར་ཟབ་སྦྱོང་བ་རྣམས་སྡེ་ཚན་དྲུག་ལ་བགོས་ནས། སྡེ་ཚན་རེས་མོས་བཞིན་ཟབ་སྦྱོང་གི་མྱོང་ཚོར་དང་འབྲེལ་ཏེ་བྱེད་སྒོའི་ལམ་ནས་སློབ་ཁྲིད་གནང་ཡོད་པ་དང་། ཟབ་ཁྲིད་པ་ཚོས་ཉིན་བཞིའི་ནང་དོན་ཡོངས་རྫོགས་ཕྱོགས་བསྡོམས་བསྐྱོན་གནང་ཡོད།
ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཆེད་ཕེབས་གནང་ཡོད་པ་དང་། ཁོང་གིས་ཟབ་ཁྲིད་གནང་མཁན་ཚོར་མཇལ་དར་དང་ཐུགས་རྗེ་ལེགས་འབུལ་གནང་ཡོད་པ་མ་ཟད། ཟབ་སྦྱོང་མཉམ་ཞུགས་པ་ཚོར་བླང་དོར་བཀའ་སློབ་ཟབ་རྒྱས་གནང་ཡོད། དེ་བཞིན་མཇུག་བསྡོམས་མཛད་སྒོའི་སྐབས་ཟབ་སྦྱོང་བའི་སྐུ་ཚབ་གཉིས་ནས་ཟབ་སྦྱོང་གི་མྱོང་ཚོར་གསུངས་ཡོད་པ་དང་། ཟབ་སྦྱོང་འདི་ནས་བློ་སྐྱེད་དང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད། ཟབ་ཁྲིད་པ་ཡོངས་རྫོགས་བོད་རིགས་ཤེས་ཡོན་དང་ལྷག་བསམ་ཅན་ཤ་སྟག་ཡིན་པའི་དགའ་ཚོར་ཆེན་པོ་དང་། ཟབ་སྦྱོང་ལྟེ་གནས་སུ་མཐུན་རྐྱེན་ཧ་ཅང་ཡག་པོ་ཡོད་པའི་མྱོང་ཚོར་སོགས་གསུངས་ཡོད།
ཐེངས་འདིའི་ཟབ་སྦྱོང་ཆེད་ཝི་མཱ་ལ་མཐུན་ཚོགས་ནས་རོགས་དངུལ་མཐུན་འགྱུར་གནང་ཡོད་པ་བཅས། །