( ༢༠༡༠)

དང་པོ། སློབ་ཡོན་གྱི་མིང༌། སྒྲིག་ཞུགས་མ་ཡིན་པའི་མཐོ་རིམ་ཉམས་ཞིབ་སློབ་ཡོན།

གཉིས་པ། འགོ་འཛུགས། ཕྱི་ལོ་ ༢༠༡༡།༤

གསུམ་པ། སློབ་ཡོན་གྱི་ཁ་གྲངས།
    ལོ་རེར་ཆ་རྐྱེན་ཚང་བའི་སྙན་འབུལ་བ་ ༡༠ ལ་སློབ་ཡོན་གནང་རྒྱུ།

བཞི་པ། དུས་ཡུན།
    ཉམས་ཞིབ་སློབ་ཡོན་གྱི་དུས་ཡུན་ནི་ལོ་ ༣ ཡིན།

ལྔ་པ། སློབ་ཡོན།
    ཀ ལོ་རེར་སྒོར་ ༦༠༠༠༠།འདིའི་ཁོངས་སློབ་སྟོན་པའི་མཚན་དོད་ཀྱང་ཚུད་ཡོད།
    ཁ ཟླ་དྲུག་རེར་སློབ་ཡོན་སྤྲོད་ཐེངས་རེ་བྱ་རྒྱུ།

དྲུག་པ། སློབ་ཡོན་ཞུ་སྤྲོད་ཀྱི་ཆ་རྐྱེན་དང་འཚང་སྙན་འབུལ་ཕྱོགས།
༡།    སློབ་ཡོན་ལས་རིམ་འདིར་ཞུགས་མཁན་རྣམས་ལ་ཤེས་ཚད་ལག་འཁྱེར་ཡོད་མེད་དང་ལོ་ན་རྒན་གཞོན་གྱི་ཆ་རྐྱེན་མེད་རུང༌། གཤམ་གསལ་གཞི་རྩའི་ཆ་རྐྱེན་ཁག་ངེས་པར་ཚང་དགོས།
    ཀ)     དང་བླངས་དཔྱ་དངུལ་དང་བསྡུ་དངུལ་འབུལ་འབབ་གྲངས་ཚང་ཕུལ་ཟིན་ཡོད་པ།
    ཁ)     གནས་ཡུལ་རྒྱལ་ཁབ་སོ་སོའི་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་ལག་འཁྱེར་ཡོད་པ།
    ག)     ཉམས་ཞིབ་ཀྱི་ལས་དོན་ཐོག་ཤེས་ཚད་དང་ཉམས་མྱོང་འདང་ངེས་ཡོད་པ།
    ང)     བོད་ཀྱི་སྐད་ཡིག་གི་ཤེས་ཚད་རང་རྐྱ་འཕེར་ངེས་ཡོད་པ།
    ཅ)     རང་གི་ཉམས་ཞིབ་བརྗོད་གཞི་དེའི་ཐོག་ལོ་གསུམ་གྱི་འཆར་གཞི་ཚད་ལྡན།
    ཆ)     ཉམས་ཞིབ་བརྗོད་གཞི་དང་འབྲེལ་ཡོད་ཆེད་ལས་མཁས་པ་ཞིག་ནས་དོ་བདག་གིས་ཉམས་ཞིབ་ལས་རིམ་མཇུག་སྐྱོང་ཐུབ་པ་དང༌། དེ་ལ་དགོས་ངེས་ཀྱི་སློབ་སྟོན་གནང་རྒྱུ་ཡིན་པའི་ངོས་ལེན་ཡོད་པ།
    ཇ)     སྒྲིག་འཛུགས་གང་ཡང་རུང་བའི་ལས་བྱེད་ཡིན་ཚེ་འབྲེལ་ཡོད་སྒྲིག་འཛུགས་ནས་དགག་བྱ་མེད་པ།
༢།     གོང་གསལ་ཆ་རྐྱེན་ཁག་མ་ཚང་བ་དང༌། སྙན་ཤོག་དུས་བཀག་ནང་ཚུན་མ་འབྱོར་བ། ཡིག་ཆ་རྫུན་སྒྲིག་བྱས་པའི་རིགས་ལ་ངོས་བཞེས་གནང་རྒྱུ་མིན།
༣།    སློབ་ཁང་གང་རུང་ནང་སློབ་སྦྱོང་ལས་རིམ་ངེས་ཅན་འགྲིམ་བཞིན་པའི་རིགས་ལ་སློབ་ཡོན་འདི་སྤྲོད་རྒྱུ་མིན།
༤།     གཞུང་སྒེར་སྡེ་ཚན་གཞན་གང་རུང་ནས་སློབ་ཡོན་རོགས་སྐྱོར་འཐོབ་མུས་ཡིན་ཚེ་སློབ་ཡོན་འདི་སྤྲོད་རྒྱུ་མིན།

བདུན་པ། སློབ་སྟོན་པའི་ཆ་རྐྱེན།
    ཉམས་ཞིབ་སློབ་སྟོན་པར་གཤམ་གསལ་གཞི་རྩའི་ཆ་རྐྱེན་གང་རུང་ཞིག་ངེས་པར་ཚང་དགོས།
    ཀ འབྲེལ་ཡོད་བརྗོད་གཞིའི་ཐོག་མཐོ་རིམ་ཉམས་ཞིབ་(Ph.D) སློབ་ཐོན།
    ཁ འབྲེལ་ཡོད་བརྗོད་གཞིའི་ཐོག་ལོ་ངོ་ ༡༠ ཡན་གྱི་ལག་ལེན་གྱི་ཉམས་མྱོང་ལྡན་པ།
    ག འབྲེལ་ཡོད་བརྗོད་གཞིའི་ཐོག་ཉམས་ཞིབ་བྱས་པའི་གྲུབ་འབྲས་ཚད་ལྡན་ངོས་འཛིན་འཕེར་བ།

བརྒྱད་པ། འདེམས་སྒྲུག་བྱེད་ཕྱོགས།
༡།     འདེམས་སྒྲུག་གི་ལས་དོན་སླད། ཤེས་རིག་མཐོ་རིམ་སློབ་ཡོན་ལྷན་ཚོགས་ནས་ཚོགས་མི་ལྔ་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་ཞིག་བསྐོ་འཛུགས་བྱ་རྒྱུ། ཚོགས་ཆུང་དེའི་ཚོགས་གཙོ་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཡིན།ཚོགས་ཆུང་གི་ཚོགས་མིའི་ཁྲོད་སློབ་སྟོན་པ་ཡོང་མི་ཆོག
༢།     ཉམས་ཞིབ་ཀྱི་བརྗོད་གཞིར་བཀག་རྒྱ་གང་ཡང་མེད་ནའང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གཞུང་དང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན། དེང་སྐབས་ཀྱི་ཤེས་ཡོན་སྤྱིའི་གནས་སྟངས་དང་འབྲེལ་བའི་གནས་དོན་བྱེ་བྲག་པ་གང་རུང་ཐོག་རིགས་གཅིག་རྐང་འཛིན་གྱིས་ཉམས་ཞིབ་བྱ་རྒྱུར་མཐོང་ཆེན་བྱ་རྒྱུ། ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས་ནང་བརྗོད་གཞིའི་ས་བོན་ཁག་ཅིག་ཟུར་བཀོད་ཡོད་པ་དཔྱད་གཞིར་གཟུང་ཆོག
༣།     ཆ་རྐྱེན་ཚང་བའི་འཚང་སྙན་འབུལ་མཁན་རྣམས་གཤམ་གསལ་ཆ་རྐྱེན་འོག་འདེམས་སྒྲུག་བྱ་རྒྱུ།
    ཀ) བོད་ཀྱི་སྐད་ཡིག་གི་གནས་ཚད་ལ་བརྒྱ་ཆ་ ༣༠ དང༌། ཉམས་ཞིབ་འཆར་གཞི་ལ་བརྒྱ་ཆ་ ༢༠
    ཁ) ངག་རྒྱུགས་ལ་བརྒྱ་ཆ་ ༢༥
    ག) གཤམ་འཁོད་སྐད་ཡིག་གཉིས་པ་གང་རུང་གཅིག་ཁུངས་འཕེར་ཡོད་པར་བརྒྱ་ཆ་ ༡༠ བར་གནང་རྒྱུ་དང༌། སྐད་ཡིག་གསུམ་པ་ཁུངས་འཕེར་ཡོད་པར་བརྒྱ་ཆ་ ༥ བར་གནང་རྒྱུ། ངག་རྒྱུགས་སྐབས་བརྟག་ཞིབ་བྱ་རྒྱུ།
        དེ་ཡང༌། ཨིན་ཇི་དང་ཧིན་དྷི། ལེགས་སྦྱར། རྒྱ་ཡིག འཇར་མན། ཕི་རེནཅ། ལེ་ཊིན་གང་རུང་གཅིག་ཡིན་དགོས།
    ང) ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་དཔྱད་རྩོམ་དཔར་འགྲེམས་ཡོད་རིགས་ལ་བརྒྱ་ཆ་ ༡༠ བར་གནང་རྒྱུ།
༤།    སློབ་ཡོན་འདི་འཐོབ་པ་ལ་ཕྱོགས་བསྡོམས་བརྒྱ་ཆ་ ༦༠ དགོས་ཤིང༌། བརྒྱ་ཆ་ ༦༠ ལོངས་པ་ཇི་ཡོད་རྩེ་བཏོགས་ཀྱིས་འདེམས་སྒྲུག་བྱ་རྒྱུ།
༥།     སློབ་ཡོན་སྒྲིག་གཞིའི་དེབ་ཆུང་དང༌། སྙན་ཞུའི་འགེངས་ཤོག ཁག་ཐེག་འགེངས་ཤོག་བཅས་ཤེས་རིག་ལས་ཁུངས་ཀྱི་དྲྭ་ཚིགས་www.tcewf.org ནང་འཇོག་རྒྱུ།

དགུ་པ། འདེམས་སྒྲུག་ཟིན་རྗེས་ཀྱི་བྱེད་སྒོ།
༡།     སློབ་ཡོན་གྱི་ལས་རིམ་འདིར་ལྟ་རྟོག་དང་སྟངས་འཛིན་གྱི་ལས་དོན་ཤེས་རིག་སྲོལ་རྒྱུན་ཚན་པས་འགན་ཁུར་བྱ་རྒྱུ།
༢།     ཉམས་ཞིབ་པ་རྣམས་ཀྱིས་སློབ་སྟོན་པར་ཟླ་དྲུག་ལས་བསྡོམས་ཕུལ་ནས་རྟོག་ཞིབ་དང་ལམ་སྟོན་དག་མཆན་ཞུ་དགོས་པ་མ་ཟད། སློབ་ཡོན་རྒྱབ་གཉེར་ཞུས་ནས་ཤེས་རིག་ལས་ཁུངས་སུ་འབུལ་ལམ་བྱུང་རྗེས། ཤེས་རིག་ལས་ཁུངས་ཀྱིས་ཟླ་དྲུག་སློབ་ཡོན་འགྲེམས་གཏོང་གནང་རྒྱུ།
༣།     ཉམས་ཞིབ་ཀྱི་ལས་དོན་དུས་བཀག་ནང་ཚུད་མཇུག་སྒྲིལ་དགོས་ཀྱང༌། གལ་ཏེ་བཟློག་ཏུ་མེད་པའི་རྒྱུ་མཚན་གྱིས་དུས་ཚོད་ཕར་འགྱངས་ཞུ་དགོས་བྱུང་ན་ཆོག་རྒྱུའང༌། དེ་ལ་སློབ་ཡོན་ཟུར་དུ་སྤྲོད་རྒྱུ་མིན།
༤།    མཐའ་མའི་ཟླ་དྲུག་གི་སློབ་ཡོན་ནི། སློབ་ཡོན་ལས་རིམ་ཡོངས་རྫོགས་མཇུག་སྐྱོང་མ་བྱུང་བར་དུ་སྤྲོད་རྒྱུ་མིན།
༥།     ཉམས་ཞིབ་ཀྱི་གྲུབ་དོན་རྩོམ་ཤོག་ཤེས་རིག་ལས་ཁུངས་སུ་ངེས་འབུལ་དགོས་ཤིང༌། ཤེས་རིག་ལས་ཁུངས་ནས་རྩོམ་ཤོག་ཚད་འཕེར་བྱུང་མིན་ཆེད་འཛུགས་མཁས་པའི་མདུན་སར་དགག་བཞག་བྱ་རྒྱུའི་གོ་སྒྲིག་དང༌། ཚད་ལྡན་ངོས་འཛིན་བྱུང་བ་ཚོར་ཚད་འཛིན་ལག་འཁྱེར་གནང་རྒྱུ། གྲུབ་དོན་རྩོམ་ཤོག་གི་བདག་དབང་ཤེས་རིག་ལས་ཁུངས་ལ་ཡོད།

བཅུ་པ། ཁག་ཐེག་འགན་ལེན།
༡།     སློབ་ཡོན་ཐོབ་མཚམས་ཤེས་རིག་ལས་ཁུངས་ཀྱི་ཁག་ཐེག་འགེངས་ཤོག་ངེས་པར་འགེངས་འབུལ་བྱ་དགོས།
༢།     འདེམས་སྒྲུག་བྱུང་བ་གང་ཞིག་དུས་མཚམས་ཅི་རིགས་སུ་སྒྲིག་གཞིའི་འབྲུ་དོན་གང་རུང་དང་འགལ་འཛོལ་བྱུང་ཚེ་སློབ་ཡོན་མཚམས་འཇོག་བྱ་རྒྱུ་སྨོས་མེད་ཐོག དོ་བདག་ལ་སློབ་ཡོན་སྤྲད་ཟིན་པའི་དངུལ་འབབ་ཆ་ཚང་ཤེས་རིག་ལས་ཁུངས་ལ་ཕྱིར་སློག་དགོས་རྒྱུ།

བཅུ་གཅིག་པ། སྒྲིག་གཞི་བསྐྱར་བཅོས།
    སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་བྱུང་ཚེ་སྲོལ་རྒྱུན་ཤེས་ཡོན་ཚན་པས་ཤེས་རིག་ལས་ཁུངས་ལ་འཆར་འབུལ་གྱིས་བཀའ་ཤག་ནས་བཀའ་འཁྲོལ་གཏན་འབེབས་གནང་རྒྱུ།

ཟུར་མཆན།
    སློབ་ཡོན་སྒྲིག་གཞི་འདི་ནི། ཕྱི་ལོ་༢༠༠༤ ལོར་སྐུ་སྒེར་ཡིག་ཚང་ནས་གསོལ་སྩལ་གནང་བའི་རིགས་གཅིག་རྐང་འཛིན་མཐོ་རིམ་ཉམས་ཞིབ་སློབ་ཡོན་མ་དངུལ་དེ་ཤེས་རིག་ལས་ཁུངས་ཀྱིས་སྒྲིག་ཞུགས་དང་སྒྲིག་ཞུགས་མ་ཡིན་པ་སྡེ་ཚན་གཉིས་སུ་དབྱེ་སྟེ་ལས་རིམ་སྤེལ་ཡོད་པ་དང༌། ཕྱི་ལོ་༢༠༠༨ ནས་ལོ་གཉིས་རིང་སྒྲིག་ཞུགས་མ་ཡིན་པའི་སློབ་ཡོན་ལས་རིམ་རེ་ཞིག་མཚམས་འཇཽག་དང་འབྲེལ་དགོས་ངེས་ཀྱི་བསྐྱར་ཞིབ་གནང་སྟེ། ཕྱི་ལོ་༢༠༡༠ ཟླ་༡༢ ཚེས་༡༧ ཉིན་ཤེས་རིག་མཐོ་སློབ་སློབ་ཡོན་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་བཞིན། ད་ནས་བཟུང་སྒྲིག་ཞུགས་སློབ་ཡོན་རྣམས་ཤེས་རིག་མཐོ་རིམ་སློབ་ཡོན་དང་མཉམ་སྦྱར་བྱ་རྒྱུ་དང༌། སྒྲིག་ཞུགས་མ་ཡིན་པའི་མཐོ་རིམ་ཉམས་ཞིབ་སློབ་ཡོན་གནང་ཕྱོགས་སྲོལ་རྒྱུན་ཚན་པའི་འཆར་ཟིན་ལ་བསྐྱར་ཞིབ་ཀྱིས་གཏན་འབེབས་གནང་སྟེ། ཕྱི་ལོ་༢༠༡༡།༡།༣ ཉིན་བཀའ་ཤག་ལྷན་རྒྱས་ལ་བཀའ་འཁྲོལ་རྒྱབ་གཉེར་ཞུས་པ་བཞིན། བཀའ་དྲུང་ཡིག་ཚང་ནས་༢༠༡༡།༡།༧ ཉིན་བཀའ་འཁྲོལ་གཏན་འབེབས་གནང་བ་ཞིག་ཡིན།

Menu