ཤེས་རིག་མཐོ་སློབ་སློབ་ཡོན་གྱི་སྒྲིག་གཞི།

དོན་ཚན་དང་པོ།  སྒྲིག་གཞིའི་མིང།

སྒྲིག་གཞི་འདི་ལ་ཤེས་རིག་མཐོ་སློབ་སློབ་ཡོན་གྱི་སྒྲིག་གཞི་ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།  སྒྲིག་གཞིའི་ཆ་རྐྱེན།

སྒྲིག་གཞི་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༧ པའི་ཆ་རྐྱེན་འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།  སྒྲིག་གཞི་འགོ་འཛུགས།

སྒྲིག་གཞི་འདི་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ནས་ལག་བསྟར་འགོ་འཛུགས་བྱས།

དོན་ཚན་བཞི་པ།   སྒྲིག་གཞིའི་དམིགས་ཡུལ།

རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བཙན་བྱོལ་བོད་མིའི་སློབ་ཕྲུག་རྒྱ་བལ་འབྲུག་གསུམ་ནང་གི་མཐོ་སློབ་དང་། ལས་རིགས་སློབ་སྦྱོང། ཟུར་བཅད་ཞབས་སྟེགས་བཅས་ལ་སློབ་ཡོན་སྦྱོར་སྤྲོད་དང་། དེ་བཞིན་ཕྱི་རྒྱལ་སློབ་ཡོན་ཁོངས་སུ་འདེམས་སྒྲུག་བྱུང་བ་རྣམས་ལ་མཐུན་འགྱུར་སྦྱོར་སྤྲོད་ཀྱི་ཆེད་དུ་ཡིན།

དོན་ཚན་ལྔ་པ།  སློབ་ཡོན་འདེམས་སྒྲུག་ཚོགས་ཆུང་།

༡།  ཤེས་རིག་བཀའ་བློན། (ཚོགས་གཙོ།)

༢།  ཤེས་རིག་དྲུང་ཆེ། (ཚོགས་གཙོ་གཞོན་པ།)

༣། ཤེས་རིག་ལས་ཁུངས་ཀྱི་ཚན་པའི་འགན་འཛིན་རྣམ་པ། (ཚོགས་མི།)

དོན་ཚན་དྲུག་པ།  ཡོངས་ཁྱབ་གསལ་བསྒྲགས།

འདེམས་སྒྲུག་ཚོགས་ཆུང་གིས་སློབ་ཡོན་གྱི་གྲངས་ཚད་དང་སློབ་ཚན་གཏན་འབེབས་ལྟར། རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་རྣམས་དང་། འབྲེལ་ཆགས་སློབ་གྲྭའི་འགོ་འཛིན་བཅས་ལ་གློག་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ www.tibet.net དང་ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས་ www.sherig.org བཅས་སུ་དུས་ཐོག་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ།

དོན་ཚན་བདུན་པ།  སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། འདེམས་སྒྲུག་བྱེད་ཕྱོགས།

༡།       འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ས་འགོ་མེད་སར་རང་བདེན་ཚོགས་ཆུང་ནས་བོད་མི་སྐྱབས་བཅོལ་བ་ངོ་མ་ཡིན་ཞིང་། དང་བླངས་དཔྱ་དངུལ་འབུལ་ཆད་མེད་པའི་ངོས་སྦྱོར་ཡོད་དགོས།

༢།       མཐོ་སློབ་སློབ་ཡོན་ཁོངས་འཛིན་རིམ་བཅུ་གཉིས་གསར་ཐོན་རྣམས་ལ་གོ་སྐབས་དང་པོ་སྤྲོད་རྒྱུ་དང༌། ས་མིག་ལྷག་མ་བྱུང་ན་སློབ་ལོ་སྔ་མའི་སྙན་འབུལ་བར་བགོ་འགྲེམས་བྱ་འཐུས།

༣།      ཀ      ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། ཌིབ་ལོ་མ། ལས་རིགས་སྦྱོང་བརྡར་བཅས་ཀྱི་སློབ་ཡོན་གྱི་བརྒྱ་ཆ་སྐོར་སྟངས་ནི། འཛིན་རིམ་བཅུ་གཉིས་པའི་ཆ་སྙོམས་རྒྱུགས་འབྲས་ལ་བརྒྱ་ཆ་ ༧༠ དང་། བོད་ཡིག་གི་རྒྱུགས་འབྲས་ལ་བརྒྱ་ཆ་ ༢༥ དང་། སློབ་གྲྭ་ཁག་གི་སྤྱི་ཁྱབ་རྒན་བདག་ལ་བརྒྱ་ཆ་ ༢ དང་། བུམ་སྐྱོན་གསུམ་བྲལ་ལ་བརྒྱ་ཆ་ ༣ བཅས་ཁྱོན་བསྡོམས་བརྒྱ་ཆ་ ༡༠༠ ཡིན། འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་རྒྱུགས་འབྲས་ནང་སློབ་ཚན་ཨང་ཐོབ་ལེགས་ཤོས་ལྔའི་ཆ་སྙོམས་ཨང་ཐོབ་ལ་གཤམ་གསལ་ལྟར་བརྒྱ་ཆ་རྩིས་བསྐོར་གྱིས་སློབ་ཡོན་སྦྱར་རྒྱུ། (ཨང་ཀི་ཇི་ཐོབ་)x༧༠/༡༠༠=

ཁ      འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་རྒྱུགས་འབྲས་སུ་བོད་ཀྱི་སྐད་ཡིག་ལ་བརྒྱ་ཆ་ ༣༣ ཡན་ལོན་པའམ། ཡང་ན་ཤེས་རིག་ལས་ཁུངས་བརྒྱུད་འཛིན་རིམ་བཅུ་གཉིས་དང་ཚད་མཉམ་ཡིག་རྒྱུགས་ཤིག་གོ་སྒྲིག་བྱས་པའི་ནང་ཞུགས་ཏེ་ཉུང་མཐར་བརྒྱ་ཆ་ ༣༣ ཡན་ལོན་པ་ཞིག་ཡིན་ན། བོད་ཡིག་སློབ་ཚན་ལ་གཤམ་གསལ་ལྟར་བརྒྱ་ཆ་འཐོབ་རྒྱུ། (ཨང་ཀི་ཇི་ཐོབ་)x༢༥/༡༠༠=

ག      འབྲུག་གི་བོད་པའི་སློབ་ཕྲུག་རྣམས་འཛིན་རིམ་བཅུ་གཉིས་པའི་རྫོང་ཁ་རྒྱུགས་འབྲས་ལ་ཚད་འཛིན་བྱེད་ཆོག

༤།     སློབ་ཡོན་ངོས་བཞེས་ཟིན་པ་གང་ཞིག དམིགས་བསལ་རྒྱུ་མཚན་དང་སྦྲགས་དོ་བདག་ནས་རང་ཉིད་ཀྱི་རིག་ཚན་བརྗེ་བསྒྱུར་ཆོག་པའི་སྙན་ཞུ་ཕུལ་རིགས་ལ་དགོངས་བཞེས་གནང་རྒྱུ།

༥།      གསལ་བསྒྲགས་ནང་གསལ་དགོས་མཁོའི་ཆ་རྐྱེན་མ་ཚང་བ་དང༌། སྙན་ཞུ་དུས་བཀག་ནང་ཚུན་མ་འབྱོར་བ། ཡིག་ཆ་རྫུན་སྒྲིག་བྱས་པའི་རིགས་ལ་སློབ་ཡོན་མི་ཐོབ།

༦།      ཤེས་ཚད་ལག་འཁྱེར་དང་། ཨང་ཤོག དགོས་ངེས་ཡིག་ཆ་གཞན་བཅས་ཀྱི་འདྲ་བཤུས་ཐོག་ས་གནས་འགོ་འཛིན་ནམ་ཟུང་དྲུང་གནས་རིམ་ཡན་གྱི་ལས་བྱེད། ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་ཡན་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་ནས་བདེན་བཤེར་སོང་བའི་དག་མཆན་ (Attestation)  ཞུ་དགོས།

༧།      ཁུངས་གཞན་ནས་མཐོ་རིམ་སློབ་ཡོན་ཐོབ་མཁན་ལ་སློབ་ཡོན་འདི་ཐོབ་ཐང་མེད།

དོན་ཚན་བརྒྱད་པ།     འཚང་སྙན་འགེངས་ཤོག་འབུལ་ཕྱོགས།

སློབ་ཡོན་སྒྲིག་གཞི་དང་། སྙན་ཞུའི་འགེངས་ཤོག་བཅས་ཤེས་རིག་ལས་ཁུངས་སམ། ས་གནས་འགོ་འཛིན། སློབ་གྲྭ་ཁག་བཅས་ནས་ཞུ་ལེན་ནམ། ཤེས་རིག་གི་དྲ་ཚིགས་www.sherig.org ནས་ཕབ་བཤུས་བྱ་འཐུས།

 

དོན་ཚན་དགུ་པ།        བོད་མིའི་ཆེད་ཟུར་བཅད་ཞབས་སྟེགས། (Reserved Seats for Tibetans)

༡།       ཟུར་བཅད་ཞབས་སྟེགས་ཇི་ཡོད་སྐབས་འབྲེལ་ཡོངས་ཁྱབ་གསལ་བསྒྲགས་ནང་འཁོད་རྒྱུ། སྨན་པ་དང་བཟོ་སྐྲུན་རིག་གནས་ཀྱི་ཟུར་བཅད་ཞབས་སྟེགས་རྣམས་ཚུད་རྒྱུགས་ (NEET/JEE) ཀྱི་གྲུབ་འབྲས་གཞིར་བཟུང་བརྒྱ་ཆ་རྩེ་བཏོག་གིས་འགེང་རྒྱུ་དང་། འཛིན་རིམ་བཅུ་གཉིས་པའི་ཚན་རིག་སློབ་ཚན་ (PCB) ལ་ཉུང་མཐར་ཆ་སྙོམས་བརྒྱ་ཆ་ ༦༠ དང་ (PCM) ལ་ཉུང་མཐར་ཆ་སྙོམས་བརྒྱ་ཆ་ ༥༠ ལོན་མེད་ཚེ་ཟུར་བཅད་ཞབས་སྟེགས་མི་ཐོབ། བོད་མི་སྐྱབས་བཅོལ་བའི་བུ་ཕྲུག་ཆེད་ཟུར་བཅད་གནང་བའི་ཧི་མཱ་ཅལ་མངའ་གཞུང་གི་སྨན་པའི་ས་མིག་དག་ལ་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་སུ་རུང་ནས་འཚང་སྙན་འབུལ་ཆོག་ཀྱང་། རྒྱ་གར་དབུས་གཞུང་གིས་ཀེ་ཝི་བརྒྱུད་སྨན་པའི་ཞབས་སྟེགས་ཟུར་བཅད་བྱས་པའི་ས་མིག་ལ་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ནས་ཐོན་པའི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་ཡིན་དགོས་ཤིང་། གོ་སྐབས་དང་པོ་སློབ་ཕྲུག་གསར་པར་འབུལ་རྒྱུ། རྒྱ་གར་གཞུང་ནས་ཞབས་སྟེགས་ཀྱི་གྲངས་དང་ཆ་རྐྱེན་ལ་སྒྱུར་བཅོས་བྱུང་ཚེ་སྐབས་འབྲེལ་གསལ་བསྒྲགས་བྱ་རྒྱུ།

༢།       ཚུད་རྒྱུགས་ཀྱི་ཨང་ཐོབ་མཐོ་དམན་ལ་གཞིགས་ཏེ་སློབ་ཕྲུག་སོ་སོར་བཟོ་སྐྲུན་རིག་གནས་ (Engineering) ཀྱི་སྡེ་ཚན་གང་དུ་ཞུགས་རྒྱུའི་གདམ་ག་སྤྲོད་རྒྱུ།

༣།      ཟུར་བཅད་ཞབས་སྟེགས་ཁག་ལ་འགྲན་ཞུགས་བྱ་བློ་ཡོད་རིགས་ནས་མཐོ་སློབ་སློབ་ཡོན་གྱི་འཚང་སྙན་འགེངས་ཤོག་བསྐངས་འབུལ་དགོས་ཤིང་། ཞབས་སྟེགས་འདི་དག་ལ་འགྲན་ཞུགས་བྱེད་པར་དོན་ཚན་བདུན་པའི་ནང་གསེས་ ༣ པ་ལྟར་རྩིས་བསྐོར་གྱི་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ་དགོས།

༤།     ཚུད་རྒྱུགས་ཨང་ཐོབ་འདྲ་མཉམ་བྱུང་ཚེ་མཐའ་མའི་ཐག་གཅོད་བྱ་ཐབས་གཤམ་གསལ་བཞིན་བྱ་རྒྱུ།

ཀ       སྨན་པ་དང་བཟོ་སྐྲུན་རིག་གནས་གཉིས་ཀྱི་ཟུར་བཅད་ཞབས་སྟེགས་ཐོག་ཚུད་རྒྱུགས་ཨང་ཐོབ་འདྲ་མཉམ་བྱུང་ཚེ་ NTA (National Testing Agency ) རྩ་འཛིན་ལམ་སྟོན་ལྟར་མཐའ་མའི་ཐག་གཅོད་བྱ་རྒྱུ་དང་།

ཁ ཟུར་བཅད་ཞབས་སྟེགས་གཞན་རྣམས་ཀྱི་ཨང་ཐོབ་འདྲ་མཉམ་བྱུང་ཚེ་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་བརྒྱ་ཆ་སུ་མཐོ་དེ་གདམ་རྒྱུ་དང་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་བརྒྱ་ཆའང་འདྲ་མཉམ་བྱུང་ཚེ་རྒྱན་རྒྱག་བྱ་རྒྱུ།

༥། སྨན་པའི་ཞབས་སྟེགས་ཐོབ་པའི་སློབ་ཕྲུག་རྣམས་ནས་སྨན་པའི་སློབ་སྦྱོང་ཐོན་མཚམས་ཉུང་མཐར་ལོ་གསུམ་རིང་བོད་མིའི་སྤྱི་ཚོགས་ཞབས་ཞུ་བྱ་རྒྱུར་འཕྲོད་བསྟེན་ལས་ཁུངས་ལྷན་དུ་མོས་མཐུན་གན་རྒྱ་འཇོག་དགོས།

༦།      ཤེས་རིག་ལས་ཁུངས་བརྒྱུད་ནས་ཟུར་བཅད་ཞབས་སྟེགས་ཐོབ་པ་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་སློབ་སློབ་ཡོན་གཞན་གྱི་ཁོངས་སུ་འཛུལ་ཞུགས་མི་ཆོག

དོན་ཚན་བཅུ་པ།        ཤེས་རིག་ལོ་འཁོར་སློབ་ཡོན་ཁག

༡།     ཕུལ་བྱུང་སློབ་ཡོན། (Excellence Scholarship)

སློབ་ཡོན་འདིའི་དགོས་དམིགས་ནི། ཤེས་ཡོན་དང་། ཀུན་སྤྱོད། འགོ་ཁྲིད་ཀྱི་ནུས་པ་བཅས་གཟེངས་སུ་ཐོན་པའི་སློབ་མ་རྣམས་ཀྱི་ཤེས་འཇོན་ནུས་རྩལ་གོང་མཐོར་གཏོང་ཆེད་དུ་ཡིན།

༡།༡         ཕུལ་བྱུང་སློབ་ཡོན་གྱི་བརྒྱ་ཆ་སྐོར་སྟངས་ནི། འཛིན་རིམ་བཅུ་གཉིས་པའི་ཆ་སྙོམས་རྒྱུགས་འབྲས་ལ་བརྒྱ་

ཆ་ ༦༠ དང་། ཀུན་སྤྱོད་ལ་བརྒྱ་ཆ་ ༥ དང་། འགོ་ཁྲིད་ནུས་རྩལ་ལ་བརྒྱ་ཆ་ ༥ དང་། བོད་ཡིག་གི་རྒྱུགས་འབྲས་ལ་བརྒྱ་ཆ་ ༢༥ དང་། སློབ་གྲྭ་ཁག་གི་སྤྱི་ཁྱབ་རྒན་བདག་ལ་བརྒྱ་ཆ་ ༢ དང་། བུམ་སྐྱོན་གསུམ་བྲལ་ལ་བརྒྱ་ཆ་ ༣ བཅས་ཁྱོན་བསྡོམས་བརྒྱ་ཆ་ ༡༠༠ ཡིན།

    སློབ་ཡོན་འདིར་འཛུལ་ཞུགས་ཆེད།

ཁ་༡།    འཛིན་རིམ་བཅུ་གཉིས་ཀྱི་སློབ་ཚན་ཨང་ཐོབ་མཐོ་ཤོས་ལྔའི་ཆ་སྙོམས་རྒྱུགས་འབྲས་བརྒྱ་ཆ་དང་། བོད་ཡིག་གི་རྒྱུགས་འབྲས་བརྒྱ་ཆ། དམིགས་བསམ་ཨང་ཐོབ་ ༥ བཅས་ཀྱི་སྡོམ་འབོར་གྱི་བརྒྱ་ ༧༥ དང་དེ་ཡན་ལོན་ཁོངས་ནས་སློབ་ཕྲུག་ ༢༥ ལས་མ་བརྒལ་བ་རྩེ་བཏོག་གིས་ལོ་རེར་ཧིན་སྒོར་ ༡༥༠༠༠༠ རེ་འགྲེམས་སྤྲོད་བྱ་རྒྱུ།

ཁ་༢།    བོད་མིའི་སློབ་གྲྭ་དེ་རང་གི་སློབ་སྤྱི་དང་། རེག་ཀྲར། སྒྲིག་འཛུགས་དོ་དམ་པ། འཛིན་གྲྭའི་དགེ་རྒན། ལྟ་གྲུབ་དགེ་རྒན། ཉལ་ཁང་ལྟ་རྟོག་པ་བཅས་ལས་གྲུབ་པའི་ཚོགས་ཆུང་ནས་ཤེས་རིག་ལས་ཁུངས་ཀྱིས་བཟོ་འགོད་བྱས་པའི་དོ་བདག་སློབ་ཕྲུག་དེའི་ཀུན་སྤྱོད་ངོས་སྦྱོར་འགེངས་ཤོག་ཟུར་འཛར་(ཀ)དང་། འགོ་ཁྲིད་ནུས་རྩལ་འགེངས་ཤོག་ཟུར་འཛར་(ཁ)སོ་སོར་བསྐངས་འབུལ་དགོས།

ཁ་༣།   བོད་མིའི་སློབ་གྲྭ་མིན་ཚེ། སློབ་གྲྭ་དེ་རང་གི་སློབ་སྤྱི་དང་། སྒྲིག་འཛུགས་དོ་དམ་པ། འཛིན་གྲྭའི་དགེ་རྒན་བཅས་ནས་ཤེས་རིག་ལས་ཁུངས་ཀྱིས་བཟོ་འགོད་བྱས་པའི་དོ་བདག་སློབ་ཕྲུག་དེའི་ཀུན་སྤྱོད་ངོས་སྦྱོར་འགེངས་ཤོག་ཟུར་འཛར་(ཀ)དང་། འགོ་ཁྲིད་ནུས་རྩལ་འགེངས་ཤོག་ཟུར་འཛར་(ཁ)སོ་སོར་བསྐངས་འབུལ་དགོས།

    རྒྱུགས་འབྲས་ཨང་ཀི་ལ་བརྒྱ་ཆ་སྐོར་སྟངས་ནི།

ག་༡།   འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་རྒྱུགས་འབྲས་ནང་སློབ་ཚན་ཨང་ཐོབ་ ལེགས་ཤོས་ལྔའི་ཆ་སྙོམས་ཨང་ཐོབ་ལ་གཤམ་གསལ་ལྟར་བརྒྱ་ཆ་རྩིས་བསྐོར་གྱིས་སློབ་ཡོན་སྦྱར་རྒྱུ།  (ཨང་ཀི་ཇི་ཐོབ་)x༦༠/༡༠༠=

ག་༢།   ཀུན་སྤྱོད་ལ་བརྒྱ་ཆ་ ༥ དང་། འགོ་ཁྲིད་ནུས་རྩལ་ལ་བརྒྱ་ཆ་ ༥

ག་༣། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་ལ་བརྒྱ་ཆ་ ༢ དང་། བུམ་སྐྱོན་གསུམ་བྲལ་ལ་བརྒྱ་ཆ་ ༣ རེ་སྤྱི་མཚུངས་འཐོབ་རྒྱུ།

ག་༤། བོད་ཡིག་གི་རྒྱུགས་འབྲས་ལ་བརྒྱ་ཆ་ ༢༥ དོན་ཚན་ ༧ ནང་གསེས་ ༣ ནང་ གསལ་ལྟར་སྣོན་རྒྱུ།

༡།༢      ཀ      སློབ་ཡོན་འདི་མུ་མཐུད་འཐོབ་པར་ལོ་རིམ་སོ་སོའི་ལོ་འཁོར་ཡིག་རྒྱུགས་བརྒྱ་ཆ་ ༧༥ ལོན་དགོས།

ཁ      ཡིག་རྒྱུགས་བརྒྱ་ཆ་ ༧༥ མ་ལོན་ཚེ། སློབ་ཡོན་གཞན་གྱི་ཆ་རྐྱེན་གཞིར་བཟུང་སློབ་ཡོན་སྤྲོད་རྒྱུ་ལས། ཕུལ་བྱུང་སློབ་ཡོན་ཞུ་སྤྲོད་མི་ཆོག

ག       འོན་ཀྱང་སློབ་མ་རང་ངོས་ནས་ཧུར་བརྩོན་གྱིས་ལོ་རིམ་རྗེས་མར་དགོས་ངེས་ཀྱི་བརྒྱ་ཆ་ ༧༥ ལོན་ཐུབ་པ་བྱུང་ན། ཤེས་རིག་ལས་ཁུངས་ལ་སྙན་གསན་ཞུས་ཏེ་ཕུལ་བྱུང་སློབ་ཡོན་ཞུ་སྤྲོད་ཆོག་རྒྱུ།

༢།    རོགས་སྐྱོར་སློབ་ཡོན། (Bursary Scholarship)

སློབ་ཡོན་འདིའི་དགོས་དམིགས་གཙོ་བོ་ནི། ཉམ་ཐག་ཨང་ཐོབ་༼ག་པ་༽ཅན་ཁོངས་སུ་ཡོད་པ་དང་། དྭ་ཕྲུག་དང་ཕྱེད་དྭ་ཕྲུག །ཁྱོ་ཤུག་གང་གི་ཕྲུ་གུ་གསུམ་ལས་གང་རུང་གཅིག་དང་། དེའི་ཡན་གྱི་བུ་ཕྲུག་རྣམས། སློབ་གྲྭ་སོ་སོ་ནས་ངོས་སྦྱོར་ཡོད་པའི་བོད་ནས་རྗེས་འབྱོར་བ་དཀའ་ངལ་ཅན། སློབ་ཡོན་མཐུན་རྐྱེན་ཟུར་དུ་མེད་པའི་དབུས་སའི་ལས་བྱེད་པ་དང་། སློབ་ཡོན་མཐུན་རྐྱེན་ཟུར་དུ་མེད་པའི་བོད་མིའི་སློབ་སྡེ་ཁག་གི་གཏན་འཇགས་དགེ་ལས་ཀྱི་བཅས་ཀྱི་ཕྲུ་གུ་དང་། དམིགས་བསལ་དགོས་མཁོ་ཅན་བཅས་སློབ་ཕྲུག་རྣམས་ཀྱི་མདུན་ལམ་བཟང་དུ་གཏོང་ཆེད་རོགས་སྐྱོར་བྱས་པ་ཞིག་ཡིན།

༢།༡     སློབ་ཡོན་འདིའི་ནང་འཛུལ་ཞུགས་ཆེད་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཚན་ཨང་ཐོབ་མཐོ་ཤོས་ལྔའི་ཆ་སྙོམས་རྒྱུགས་འབྲས་བརྒྱ་ཆ་དང་། བོད་ཡིག་གི་རྒྱུགས་འབྲས་བརྒྱ་ཆ། སྤྱི་ཁྱབ་རྒན་བདག་དང་བུམ་སྐྱོན་གསུམ་བྲལ་གྱི་དམིགས་བསལ་བརྒྱ་ཆ་ ༥ བཅས་ཀྱི་བསྡོམས་འབོར་གྱི་བརྒྱ་ཆ་ ༥༠ དང་དེ་ཡན་ལོན་ཁོངས་ནས་སློབ་ཕྲུག་ ༡༥༠ ལས་མ་བརྒལ་བ་རྩེ་བཏོག་གིས་ལོ་རེར་ཧིན་སྒོར་ ༡༠༠༠༠༠ རེ་འགྲེམས་སྤྲོད་བྱ་རྒྱུ།

༢།༢     ཀ     སློབ་ཡོན་འདི་མུ་མཐུད་འཐོབ་པར་མཐོ་སློབ་ལོ་རིམ་སོ་སོའི་ཡིག་རྒྱུགས་ཀྱི་བརྒྱ་ཆ་ ༥༠ ཡན་ལོན་པའི་ཁུངས་སྐྱེལ་བྱེད་དགོས།

ཁ      ལོ་རིམ་སོ་སོའི་རྒྱུགས་འཕྲོད་བརྒྱ་ཆ་ ༥༠ མ་ལོན་ན་ལོ་རིམ་རྗེས་མའི་སློབ་ཡོན་ཞུ་སྤྲོད་མི་ཆོག འོན་ཀྱང་སློབ་མ་རང་ངོས་ནས་ཐབས་ཤེས་དང་ཧུར་བརྩོན་གྱིས་ལོ་རིམ་རྗེས་མར་དགོས་ངེས་ཀྱི་བརྒྱ་ཆ་ལོན་ཐུབ་པ་བྱུང་ན། ཤེས་རིག་ལས་ཁུངས་ལ་སྙན་གསན་ཞུས་ཏེ་ཐོག་མའི་སློབ་ཡོན་ཐོབ་ཆ་གང་ཡིན་ཞུ་སྤྲོད་ཆོག་རྒྱུ།

ག      དམིགས་བསལ་དགོས་མཁོ་ཅན་རྣམས་སློབ་འཇུག་ངོས་བཞེས་བྱུང་བའི་དན་རྟགས་ཡོད་ཚེ། སློབ་ཡོན་འདིའི་ཁོངས་སུ་རང་བཞིན་གྱིས་ཚུད་རྒྱུ།

༣།     ཁ་གསབ་སློབ་ཡོན། (Supplementary Scholarship)

སློབ་ཡོན་འདི་བཞིན་འཚོ་བའི་གནས་སྟངས་འགྲིག་ངེས་ཡོད་པའི་ནང་མིའི་སློབ་ཕྲུག་རྣམས་འཛིན་རིམ་བཅུ་གཉིས་ཐོན་རྗེས་མཐོ་སློབ་ཏུ་བསྐྱོད་ཆེད་རང་ངོས་ཀྱི་འགྲོ་གྲོན་ཐོག་སྒྲིག་འཛུགས་ནས་སློབ་ཡོན་གྱི་འགྲོ་གྲོན་ཁ་གསབ་མཐུན་སྦྱོར་དང་། རོགས་སྐྱོར་སློབ་ཡོན་ཁོངས་སུ་མ་ཚུད་པའི་སློབ་ཕྲུག་རྣམས་ལ་སློབ་ཡོན་མཐུན་སྦྱོར་གནང་རྒྱུའི་ཆེད་དུ་ཡིན།

༣།༡    སློབ་ཡོན་འདི་ཉེ་བའི་གཙུག་ལག་རབ་འབྱམས་པའམ། ཌིབ་ལོབ་མ། ལས་རིགས་སྦྱོང་བརྡར་བཅས་སུ་སློབ་འཇུག་ངོས་བཞེས་བྱུང་བའི་སློབ་ཕྲུག་རྣམས་ཀྱིས་ཤེས་རིག་ལས་ཁུངས་སུ་སྙན་འབུལ་བྱེད་ཆོག

༣།༢    ཀ      སློབ་ཡོན་འདི་ལོ་རེར་སློབ་ཕྲུག་ ༢༠༠ ལ་ཧིན་སྒོར་ ༥༠༠༠༠ རེ་འགྲེམས་སྤྲོད་བྱ་རྒྱུ་དང་། མུ་མཐུད་འཐོབ་པར་འཛིན་རིམ་འཕར་བའི་ངོས་སྦྱོར་ཡི་གེ་ལོ་ལྟར་ཤེས་རིག་ལས་ཁུངས་སུ་ཕུལ་འབྱོར་དགོས།

ཁ       འཛིན་རིམ་འཕར་མ་ཐུབ་ན་ལོ་རིམ་རྗེས་མའི་སློབ་ཡོན་ཞུ་སྤྲོད་མི་ཆོག འོན་ཀྱང་སློབ་མ་རང་ངོས་ནས་ཧུར་བརྩོན་གྱིས་འཛིན་རིམ་འཕར་ཐུབ་པ་བྱུང་ན། ཤེས་རིག་ལས་ཁུངས་ལ་སྙན་གསན་ཞུས་ཏེ་ཐོག་མའི་སློབ་ཡོན་ཐོབ་ཆ་གང་ཡིན་ཞུ་སྤྲོད་ཆོག་རྒྱུ།

 

༤།      གཙུག་ལག་རབ་འབྱམས་པའི་སློབ་ཡོན།

ཀ སློབ་ཡོན་འདི་བཞིན་ཉེ་བའི་གཙུག་ལག་རབ་འབྱམས་པ་རྣམས་མུ་མཐུད་ཆེད་ལས་རིག་ཚན་སློབ་གཉེར་ཆེད་རང་ངོས་ཀྱི་འགྲོ་གྲོན་ཐོག་སྒྲིག་འཛུགས་ནས་སློབ་ཡོན་གྱི་འགྲོ་གྲོན་ཁ་གསབ་མཐུན་སྦྱོར་གནང་བ་ཞིག་ཡིན།

ཁ  སློབ་ཡོན་འདི་འཐོབ་པར་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱོགས་བསྡོམས་རྒྱུགས་འབྲས་བརྒྱ་ཆ་ ༦༠ ཡན་ལོན་པ་རྣམས་ལ་ལོ་རེར་ཧིན་སྒོར་ ༥༠༠༠༠ རེ་འགྲེམས་སྤྲོད་བྱ་རྒྱུ།

༤། ༡    མཐོ་སློབ་ལོ་རིམ་སོ་སོའི་ཡིག་རྒྱུགས་འཕྲོད་པའི་ཐོག་ཕྱོགས་བསྡོམས་བརྒྱ་ཆ་ ༥༥  མ་ལོན་ན། སློབ་ཡོན་མཚམས་འཇོག་བྱ་རྒྱུ།

༤། ༢    འོན་ཀྱང་སློབ་མ་རང་ངོས་ནས་ཧུར་བརྩོན་གྱིས་ལོ་རིམ་རྗེས་མར་དགོས་ངེས་ཀྱི་བརྒྱ་ཆ་ ༥༥ ལོན་ཐུབ་པ་བྱུང་ན། སློབ་ཡོན་མུ་མཐུད་ཞུ་སྤྲོད་ཆོག་རྒྱུ།

༥།     འབུམ་རམས་པའི་སློབ་ཡོན།

ཀ                མཐོ་སློབ་གང་ཞིག་ཏུ་འབུམ་རམས་པར་སློབ་འཇུག་ངོས་ལེན་བྱུང་ན། ལོ་རེར་སློབ་ཡོན་ཧིན་སྒོར་ ༧༥༠༠༠ རེ་སྙན་འབུལ་ཞུ་སྤྲོད་བྱེད་ཆོག

ཁ               སློབ་ཡོན་འདི་མུ་མཐུད་འཐོབ་པར་ལོ་མཇུག་སོ་སོར་ཡར་སྙེག་སྙན་ཐོ་(progress report) ཤེས་རིག་ལས་ཁུངས་སུ་འབུལ་དགོས།

དོན་ཚན་བཅུ་གཅིག་པ།   སློབ་ཡོན་འགྲེམས་གཏོང་བྱེད་ཕྱོགས་དང་དུས་ཡུན།

༡།       སློབ་ཡོན་འགྲེམས་གཏོང་བྱེད་ཕྱོགས་དང་གཏོང་ཡུན། ལོ་རེའི་སློབ་ཡོན་གཏོང་ཐེངས་གཉིས་སུ་དབྱེ་སྟེ་གནང་རྒྱུ།

ཀ               སློབ་ཡོན་གཏོང་ཐེངས་དང་པོ། སློབ་གསར་ཡིན་ན་རང་ཉིད་མཐོ་སློབ་ཏུ་སློབ་ཞུགས་ཟིན་པའི་སློབ་འཇུག་འགེངས་ཤོག་ཕུལ་འབྱོར་བྱུང་མཚམས་དང་། སློབ་གསར་མིན་ན་སོ་སོའི་ལོ་རིམ་གྱི་ཡིག་རྒྱུགས་འཕྲོད་པའི་ཐོག་ཕྱོགས་བསྡོམས་བརྒྱ་ཆ་གཏན་འབེབས་ལྟར་ལོན་པའི་ཡིག་ཆ་ཕུལ་འབྱོར་མཚམས་སློབ་ཡོན་གཏོང་རྒྱུ།

ཁ      སློབ་ཡོན་གཏོང་ཐེངས་གཉིས་པ། སློབ་ཡོན་གཏོང་ཐེངས་གཉིས་པ་རྩིས་ལོ་མ་རྫོགས་གོངགཏོང་རྒྱུ།

༢།       ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་དང་ཡིག་ཆའི་ངོ་བཤུས་འབུལ་དགོས་ཁག་གི་སྟེང་དོ་བདག་གི་མཐོ་སློབ་སློབ་སྤྱིའམ་སྡེ་ཚན་གྱི་འགན་འཛིན། ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་གྱི་ལས་བྱེད་གང་རུང་ནས་ཞིབ་བཤེར་སོང་བའི་བདེན་དཔང་དག་མཆན་དགོས་རྒྱུ།

༣། སློབ་གཉེར་བ་གང་ཞིག་ནད་མནར་གྱིས་དུས་ཡུན་ངེས་ཅན་རིང་སློབ་སྦྱོང་མཚམས་འཇོག་བྱ་དགོས་བྱུང་རིགས་ལ་སྨན་པའི་རྒྱབ་གཉེར་དང་ཁུངས་སྐྱེལ་ཡིག་ཆ་ཁག་ཕུལ་འབྱོར་བྱུང་ཚེ་སློབ་ཡོན་དུས་འགྱངས་བཀའ་འཁྲོལ་འོས་མིན་གཟིགས་རྒྱུ།

༤།      ཉམས་གསོག་ (Internship) དུས་ཡུན་སློབ་ཡོན་གནང་རྒྱུ་མིན། འོན་ཀྱང་ཆེས་མཐོའི་རྩིས་ཞིབ་པའི་ (Chartered Accountant) སློབ་སྦྱོང་བྱེད་མཁན་རྣམས་ལ་ཤེས་རིག་ལས་ཁུངས་ནས་གཏན་འབེབས་ལྟར་གྱི་སློབ་ཡོན་འཐོབ་རྒྱུ།

༥།     སྒྲིག་ཞུགས་ཁོངས་ཉེ་བའི་འབུམ་རམས་པ་ (M.Phil) བྱེད་བཞིན་པར་མང་མཐར་ལོ་གཉིས་དང་། འབུམ་རམས་པ་ (Ph.D) བྱེད་མཁན་ལ་ལོ་གསུམ་དང་རྒྱུ་མཚན་ཁུངས་ལྡན་ཡོད་རིགས་ལ་མང་མཐའ་ལོ་བཞི་བཅས་ཤེས་རིག་ལས་ཁུངས་ནས་དཔྱད་ཞིབ་ཀྱིས་སློབ་ཡོན་ཞུ་སྤྲོད་བྱེད་ཆོག

དོན་ཚན་བཅུ་གཉིས་པ།   དམིགས་བསལ་སློབ་ཡོན།

༡།     བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ལས་རིམ་ཇི་ཡོད་རྣམས་རྒྱུན་སྐྱོང་དང་འཕེལ་རྒྱས་ཡོང་སླད། ལོ་རེར་འགྲོ་ཕན་སྨན་རྩིས་ཁང་ལ་ས་མིག་གྲངས་ ༡༠ དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ལ་ ༢༥ ། ནོར་གླིང་བོད་ཀྱི་རིག་གནས་མཐོ་སློབ་ ༡༠ བཅས་སོ་སོར་ཤེས་རིག་ལས་ཁུངས་ནས་ཉེ་བའི་གཙུག་ལག་རབ་འབྱམས་པར་དམིགས་བསལ་སློབ་ཡོན་སྒོར་ ༥༠༠༠༠ དང་། གཙུག་ལག་རབ་འབྱམས་པར་སྒོར་ ༦༠༠༠༠ རེ་མཐུན་སྦྱོར་བྱ་རྒྱུ་དང་། སློབ་ཡོན་འདི་དག་གི་གསལ་བསྒྲགས་ཁུངས་སོ་སོ་ནས་ཐད་ཀར་གཏོང་རྒྱུ།

༢། བལ་ཡུལ་ཁུལ་གྱི་འཛིན་རིམ་བཅུ་གཉིས་ཐོན་མཁན་སློབ་ཕྲུག་རྣམས་ཀྱི་ཆེད་མཐོ་སློབ་སློབ་ཡོན་ས་མིག་ཤེས་རིག་ལས་ཁུངས་ནས་དུས་ནས་དུས་སུ་གཏན་འབེབས་ཀྱིས་བལ་ཡུལ་གངས་ཅན་བདེ་རྩ་ནས་གསལ་བསྒྲགས་དང་འདེམས་སྒྲུག་གི་འགན་ཁུར་བྱ་རྒྱུ།

༣།     ཡིག་འགྲུལ་མཐོ་རིམ་སློབ་ཡོན་ (Correspondence Course) གྲངས་ ༧༥ ཁོངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་དབུས་ས་གཉིས་ཀྱི་ལས་བྱེད་ཆེད་དུ་ས་མིག་གྲངས་ ༢༠ དང་། སློབ་གྲྭ་ཁག་གི་དགེ་རྒན་ཆེད་ས་མིག་གྲངས་ ༢༠ དང་། ས་རཱ་མཐོ་སློབ་དང་ནོར་གླིང་རིག་གཞུང་སློབ་གཉེར་གྱི་སློབ་ཕྲུག་ཆེད་ས་མིག་ ༡༥ དང་། སྤྱིར་བཏང་ས་མིག་ ༢༠ བཅས་ཡོད་པ་དེ་དག་ལ་ལོ་རེར་སློབ་ཡོན་སྒོར་ ༡༠༠༠༠ རེ་འཐོབ་རྒྱུ། ཤེས་རིག་ལས་ཁུངས་ནས་སློབ་ཡོན་འཐོབ་བཞིན་པའི་ས་རྭ་མཐོ་སློབ་དང་ནོར་གླིང་རིག་གཞུང་སློབ་གཉེར་གྱི་སློབ་ཕྲུག་རྣམས་རྒྱ་གར་གཞུང་གི་ངོས་འཛིན་ཡོད་པའི་མཐོ་སློབ་ཁག་ཏུ་ཡིག་འགྲུལ་གྱི་ལམ་ནས་སློབ་སྦྱོང་གནང་འདོད་ཡོད་མཁན་ལ་སློབ་ཡོན་ཞུ་སྤྲོད་བྱེད་ཆོག

དོན་ཚན་བཅུ་གསུམ་པ།   སློབ་ཐོན་འབུམ་རམས་པར་ཆེ་བསྟོད།

༡།       འབུམ་རམས་པ་ (Ph.D) སློབ་ཐོན་རྣམས་ལ་ཆེ་བསྟོད་གནང་ཕྱོགས་གཤམ་གསལ།

ཀ       སློབ་ཐོན་རྣམས་ལ་ཆེ་བསྟོད་ལག་འཁྱེར་དང་ལེགས་སྐྱེས་སྒོར་ ༢༠༠༠༠ གནང་རྒྱུ།

ཁ       སློབ་ཐོན་པ་རྣམས་བྱ་དགའ་ཞུ་ལེན་དུ་བཅར་སྐབས། ཕར་ཚུར་ལམ་གྲོན་དང་ཉིན་དོད། གནས་གླ་བཅས་ཤེས་རིག་ལས་ཁུངས་ནས་གཏན་འབེབས་ལྟར་འཐོབ་རྒྱུ།

དོན་ཚན་བཅུ་བཞི་པ།    ཕུལ་བྱུང་བྱ་དགའ།

༡།       འཛིན་རིམ་བཅུ་གཉིས་ཀྱི་སློབ་ཚན་ཨང་ཐོབ་ལེགས་ཤོས་ལྔའི་རྒྱུགས་འབྲས་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་པའི་བོད་མིའི་སློབ་ཕྲུག་རྣམས་ལ་པང་ཐོག་ཀམ་པཱུ་ཊར་ (laptop) རེ་དང་ལག་འཁྱེར་གནང་རྒྱུ།

༢།       ཕུལ་བྱུང་བྱ་དགའ་ཞུ་ལེན་དུ་བཅར་སྐབས། ཕར་ཚུར་ལམ་གྲོན་དང་ཉིན་དོད། གནས་གླ་བཅས་ཤེས་རིག་ལས་ཁུངས་ནས་གཏན་འབེབས་ལྟར་འཐོབ་རྒྱུ།

དོན་ཚན་བཅོ་ལྔ་པ།      དགའ་ལྡན་ཕོ་བྲང་བྱ་དགའ།

ཤེས་རིག་ལས་ཁུངས་ཀྱིས་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁོངས་སུ་ཚན་རིག་དང་། སྒྱུ་རྩལ། ཚོང་རིག་བཅས་སྡེ་ཚན་སོ་སོ་ནས་རྒྱུགས་འབྲས་རྩེ་ཕུད་གསུམ་རེར་དགའ་ལྡན་ཕོ་བྲང་བྱ་དགའ་གནང་ཕྱོགས་གཤམ་གསལ།

༡།       སློབ་ཚན་སྡེ་ཚན་གསུམ་གྱི་རྩེ་ཕུད་དང་པོར་བྱ་དགའ་སྒོར་ ༢༠༠༠༠ དང་། གཉིས་པར་སྒོར་ ༡༥༠༠༠ གསུམ་པར་སྒོར་ ༡༠༠༠༠ གནང་རྒྱུ།

༢།      སློབ་ཐོན་པ་རྣམས་བྱ་དགའ་ཞུ་ལེན་དུ་བཅར་སྐབས། ཕར་ཚུར་ལམ་གྲོན་དང་ཉིན་དོད། གནས་གླ་བཅས་ཤེས་རིག་ལས་ཁུངས་ནས་གཏན་འབེབས་ལྟར་འཐོབ་རྒྱུ།

༣།      ཕུལ་བྱུང་བྱ་དགའ་དང་། འབུམ་རམས་པའི་ཆེ་བསྟོད། དགའ་ལྡན་ཕོ་བྲང་གི་བྱ་དགའ་བཅས་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་དྷ་སར་གཞུང་འབྲེལ་མང་གཙོ་དུས་ཆེན་མཛད་སྒོའི་སྐབས་སྤྲད་རྒྱུ།

དོན་ཚན་བཅུ་དྲུག་པ།     ཕྱི་རྒྱལ་སློབ་ཡོན་ཞབས་སྟེགས།

༡།       ཞབས་སྟེགས་འདིའི་དམིགས་ཡུལ་ནི་རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བཙན་བྱོལ་བོད་མི་སྐྱབས་བཅོལ་བ་ཕྱི་རྒྱལ་མཐོ་སློབ་ཁག་ཏུ་སློབ་སྦྱོང་དང་། སྦྱོང་བརྡར། ཉམས་ཞིབ་བཅས་ཀྱི་ཆེད་དུ་ཡིན།

༢།       སློབ་ཡོན་སྦྱོར་མཁན་གྱིས་ཆ་རྐྱེན་བཏོན་པ་གཞིར་བཟུང་། རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཁོ་ནས་སྙན་འབུལ་བྱེད་ཆོག རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁབ་གཞན་གྱི་མི་སེར་ལག་འཁྱེར་ཡོད་ཚེ་དྭང་བླངས་དཔྱ་དངུལ་ལག་དེབ་ཡོད་ནའང་ཞབས་སྟེགས་འདི་མི་ཐོབ།

༣།      TOEFL/IELTS/GRE/GMAT སོགས་རྒྱུགས་སྤྲོད་ཁག་གི་རྒྱུགས་དོད་དང་འགྲོ་གྲོན་གཞན་རྣམས་སློབ་ཡོན་སྦྱོར་མཁན་གྱིས་མཐུན་སྦྱོར་བྱུང་ན་མ་གཏོགས་འགྲོ་གྲོན་རྣམས་རང་ངོས་ནས་གཏོང་དགོས།

༤།      བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་བྱས་པའི་སློབ་ཡོན་ཐོག་ཕྱི་རྒྱལ་མཐོ་སློབ་བམ་སློབ་གྲྭ་གང་རུང་ཞིག་ནང་ལོ་གཅིག་དང་ཡང་ན་དེ་ལས་མང་བའི་དུས་ཡུན་གྱི་ (two or more semester/three or more quarters) སློབ་སྦྱོང་ངམ་སྦྱོང་བརྡར་དུ་སློབ་བསྐྱོད་ཀྱི་གོ་སྐབས་ཞུས་ལེན་ཟིན་པ་ཞིག་ཡིན་ཚེ། སླར་ཡང་ཕྱི་རྒྱལ་དུ་སློབ་སྦྱོང་ངམ་སྦྱོང་བརྡར་གྱི་སློབ་ཡོན་རིགས་ཞུ་སྤྲོད་མི་ཆོག

༥།      སྤྱིར་སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། འདེམས་སྒྲུག་བྱེད་ཕྱོགས་སྒྲིག་གཞི་འདིའི་དགོངས་དོན་ལྟར་གནང་རྒྱུ་ཡང་། ཅི་སྟེ་སློབ་ཡོན་གནང་མཁན་ཚོགས་སྡེའམ་སྦྱིན་བདག་སོ་སོའི་དམིགས་བསལ་དགོས་ངེས་ཆ་རྐྱེན་རིགས་བཏོན་ཚེ་སྐབས་མཚམས་གསལ་བསྒྲགས་ནང་འཁོད་རྒྱུ།

༦།      འཚང་སྙན་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་ཞིག་ཡིན་ཚེ་ལས་བྱེད་བླང་དོར་སྒྲིག་གཞིའི་ཆ་རྐྱེན་ཁག་ཚང་དགོས།

དོན་ཚན་བཅུ་བདུན་པ།  

སློབ་ཡོན་སྦྱར་ཟིན་པར་བཀག་བསྐྱིལ་དང་། མཚམས་གཅོད་ཀྱིས་མཚོན་སློབ་ཡོན་དང་འབྲེལ་བའི་རྩོད་རྙོག་མཐའ་དག་ཤེས་རིག་ལས་ཁུངས་ཀྱིས་ཐག་གཅོད་བྱ་རྒྱུ།

དོན་ཚན་བཅུ་བརྒྱད་པ།   སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་ལ་བཀའ་ཤག་གིས་བསྐྱར་བཅོས་གཏན་འབེབས་ཇི་གནང་ལྟར་རྩ་འཛིན་བྱ་རྒྱུ།

Menu