བརྩམས་སྒྲུང་ཕྱོགས་བསྒྲིགས།

སྔོན་གླེང༌།  

༄༅། །འདི་ག་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་ཚན་པས། ལོ་ཤས་སྔོན་ནས་རང་རིགས་གཞོན་སྐྱེས་ཚོར་རྩོམ་ཡིག་འབྲི་སྦྱོང་བྱེད་རྒྱུས་ མཚོན། ཟུར་ལྟའི་དཔྱད་གཞིར་མཁོ་བའི་མུ་འབྲེལ་སྒྲུང་གཏམ་གྱི་དེབ་རིགས་ཁག་ཅིག་དང། དེ་མིན་བརྩམས་སྒྲུང་དང༌། དུས་ཆེན་ངོ་སྤྲོད། ྋརྒྱལ་མཆོག་ཡབ་སྲས་ཀྱི་མཛད་རྣམ། ཕྱི་གླིང་གི་སྒྲུང་གཏམ། མཚར་གཏམ་སོགས་ཀྱི་ཕྱོགས་བསྒྲིགས་དེབ་ཕྲེང་ ༣༧ ཙམ་པར་སྐྲུན་དང་འགྲེམས་སྤེལ་ཞུས་ཡོད་པར། རྒྱ་ཆེའི་ཀློག་པ་པོ་སྤྱི་དང༌། བྱེ་བྲག་ཏུ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་དང༌།  གདན་ས་ཁག་གི་གྲྭ་གཞོན་རྣམས་ཀྱིས་དགའ་མོས་ཆེན་པོས་ལྟ་ཀློག་གནང་བཞིན་པ་མ་ཟད། ང་ཚོར་ཡིག་ངག་གཉིས་ཐོག་ནས་འགྲེལ་བརྗོད་དང་ཡ་ལན་གནང་མཁན་རབ་དང་རིམ་པ་བྱུང་ བར་བརྟེན། ལས་དོན་འདི་དག་མུ་མཐུད་བྱེད་རྒྱུར་དགོས་མཁོ་དང་ཕན་འབྲས་ཡོད་པར་མངོན་པ་མ་ ཟད།  སྤྱིར་བཙན་བྱོལ་ནང་རང་རེའི་སློབ་ཕྲུག་ཆེ་འབྲིང་ཆུང་གསུམ་རྣམས་ལ་བོད་ཡིག་གི་ ཟུར་ལྟའི་ཀློག་དེབ་ཧ་ཅང་ཉུང་སྐྱོན་ཡོད་པས། སྟོང་ཆ་དེ་ཉིད་སྐོང་ཐབས་ལ་འབད་བརྩོན་ཞུས་དང་ཞུ་མུས་ལྟར། འདི་གའི་བརྙན་དེབ་༼ཕ་ཡུལ་ཤེས་བྱའི་བང་མཛོད་༽ཀྱི་སྤྱིའི་འདོན་ཐེངས་ ༡༤ ནས་ ༨༧ བར་སློབ་མ་རྣམས་ཀྱི་བརྩམས་སྒྲུང་གཙོ་བོར་གྱུར་པའི་བརྩམས་སྒྲུང་ཇི་སྙེད་ སྤེལ་བ་རྣམས་ཐེངས་འདིར་ཕྱོགས་བསྒྲིགས་ཞུས་ཏེ། ཕ་ཡུལ་ཕྱོགས་བསྒྲིགས་དེབ་ཕྲེང་ ༣༨ པ་འདི་པར་སྐྲུན་དང་འགྲེམས་སྤེལ་ཞུས་པ་ལགས་ན། རྒྱ་ཆེའི་ཀློག་པ་པོ་རྣམས་དང༌། ལྷག་པར་དུ་སྒྲུང་གཏམ་འབྲི་ཀློག་ལ་དགའ་བའི་སློབ་མ་རྣམས་ལ་ཕན་ཐོགས་ཆེན་པོ་ ཡོང་བའི་རེ་སྨོན་ཞུ་བ་དང་བཅས།

བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་ཚན་པ་ནས།
བོད་རྒྱལ་ལོ་ ༢༡༣༥ ཕྱི་ལོ་ ༢༠༠༨ ལོར།

རྩོམ་སྒྲིག་འགན་འཛིན།    ཨཱ་ཙཱརྱ་ཀརྨ་སྨོན་ལམ
རྩོམ་སྒྲིག་པ།    སྐལ་བཟང་མཁས་གྲུབ།
ཞུ་དག་པ།     ཆུང་ཚེ་རིང།
རི་མོ་དང་ཇུས་འགོད།    ཚེ་བརྟན།

དཀར་ཆག

སྡེ་ཚན་དང་པོ།

གྲོགས་པོ་ཡག་ཤོས།    བརྩེ་དུང༌། སྨིན་མ་ཚར་བའི་ཤིང་འབྲས་མངར་མོ།
སགཟིག་གསོད་མཁན་བུ་གསུམ།    ལོ་གསར་དང་སྒྲ་སྙན་ནོར་བུ།
བུ་མོའི་ལས་དབང་སྟེ་མི་ཁའི་བསླུ་བྲིད།   

སྡེ་ཚན་གཉིས་པ།

གངས་ལྷ་མེ་ཏོག་གི་ལས་དབང༌།    སྐྱ་ག་ཁྲ་མོ་དང་ཁང་བྱིའུ་གཏེ་པོ།
བློ་རྩེ་གཉིས་ལྡན་གྱི་བྱི་ལ་དོམ་ཆུང༌། རིན་ཆེན་ནོར་བུ།
ངའི་ཁང་པ། འབུ་སྲིན་གྱི་གྲོང༌།

སྡེ་ཚན་གསུམ་པ།

གཞན་དངུལ་བརྐུས་ཏེ་ཨེཌ་སི་ཉོས།    གྲོགས་པོའི་སེམས་འཕྲིན།
བརྩེ་སེམས་ཀྱི་མེ་ཏོག    ཁུ་བྱུག་རྒྱལ་པོར་བསྐོས་པ།
བདག་གི་ཨ་ཕ།    བྱི་ལ་དོམ་ཆུང་དང་སྤྲེའུ་གསེར་མདོག་ཅན།   

སྡེ་ཚན་བཞི་པ།

བརྩེ་དུང་གི་དྲོད་ཁོལ་མ་ཡལ་བའི་ང་དང་རྩྭ་ཐང༌།    རྐུན་མ་ལས་སླ་པོར་འཇུས་པ།
སྐྱུར་དྲགས་པའི་འཚོ་བ།   

སྡེ་ཚན་ལྔ་པ།

མནའ་མས་ཞེ་ས་སྦྱངས་པ། འཇིག་རྟེན་ན་བསྒྲུབ་དཀའ་ཤོས་མི་གསོན་པོ་བཟོ་རྒྱུ།
ཕར་བཙོངས་པའི་ཡི་གེ་ཚུར་ཉོས་པ།    ལས་བཟངང་ལ་བྱ་དགའ།    འབྲོང་གི་གཏམ་རྒྱུད།
གྲོགས་པོ་གསུམ།    བཟོད་སྒོམ་ལ་འབྲས་བཟང༌། སྡོམ་གྱི་སྙིང་སྟོབས།   

སྡེ་ཚན་དྲུག་པ།

དཀའ་སྤྱད་ལ་འབྲས་བུ།    བརྩེ་བ་ཟབ་པའི་ཁྱོ་ཤུག
ཤེས་རབ་ནི་སྟོབས་ཤུགས་ལས་ལྷག    གྲོགས་པོ་རྫུན་མ།    ཉི་མ་དང་ལྷགས་པ།
རྫུན་ནམ་ཡང་མ་ཤོད།     ཤྭ་ཕོ།
བསམ་བློ་སྔོན་ལ་ཐོངས།    མིག་ཆུ་དམར་པོ།
དྭ་ཕྲུག་གིས་ཕ་གཞིས་བགོས་པ། 

མདུན་ཤོག

བརྩམས་སྒྲུང་ཕྱོགས་བསྒྲིགས། སྡེ་ཚན་དང་པོ།

གྲོགས་པོ་ཡག་ཤོས།

སྐལ་བཟང་མཁས་གྲུབ།

སྤྱིར་མི་ཚང་མ་ལ་གྲོགས་པོ་དང་གྲོགས་མོ་སྣ་ཚོགས་ཡོད་ནའང་ངའི་གྲོགས་པོ་ཡག་ཤོས་འདི་ནི་དེ་དག་དང་རྩ་བ་ནས་མི་འདྲ་བ་ཞིག་ཡིན། ངའི་གྲོགས་པོ་ཡག་ཤོས་འདི་ནི་ད་བར་རང་རིགས་མང་པོ་ཞིག་གིས་སྣང་མེད་རྒྱ་ཡན་དུ་ལུས་ཏེ། ངོས་འཛིན་གནང་མྱོང་མེད་པའི་གྲོགས་པོའམ་གྲོགས་མོ་ཡག་ཤོས་ཤིག་ཡོད་པ་དེ་ཡིན། འདིར་གྲོགས་པོ་ཡག་ཤོས་འདིའི་ཁྱད་ཆོས་རྣམས་དཔེ་མཚོན་དུ་བཀོད་ནས་ངོ་སྤྲོད་ཞུ་རྒྱུ་ཡིན།  གྲོགས་པོ་ཡག་ཤོས་འདིའི་ཁྱད་ཆོས་རྣམས་རེ་རེ་བཞིན་ངོ་སྤྲོད་ཞུས་རྗེས་ཚང་མས་འདི་ནི་དངོས་གནས་དོན་དང་ལྡན་པའི་གྲོགས་པོ་ཡག་ཤོས་ཤིག་རེད་ཅེས་ཁས་ལེན་བྱེད་ཆོག་པ་ལས། དེ་ལྟར་མིན་པའི་དཽགས་པ་ཙམ་ཡང་ཡོང་མི་སྲིད་པ་ཞིག་ཡིན། སྤྱིར་མི་སྒེར་སོ་སོར་གྲོགས་པོ་གྲོགས་མོ་མང་པོ་ཡོད་པ་དེ་དག་ཚང་མ་ནི། དུས་ཚོད་ངེས་ཅན་ཞིག་གི་གྲོགས་ཡིན་པ་ལས་རྒྱུན་རིང་མི་གནས་པར་འགྱུར་འགྲོ་མཁན་ཤ་སྟག་ཡིན། འོ་ན་འདིར་རྗོད་བཞིན་པའི་གྲོགས་པོའམ་གྲོགས་མོ་ཡག་ཤོས་ཟེར་བ་འདི་ནི་དེ་རྣམས་དང་རྩ་བ་ནས་མི་འདྲ་བར་ག་དུས་ཡིན་ཡང་ཡག་པོར་གནས་མཁན་གྱི་གྲོགས་ཤིག་ཡིན་པས། ཚང་མས་ཐུགས་སྣང་རྒྱ་ཆེ་ཡོང་བ་ཞུ།
འདིར་གྲོགས་པོའམ་གྲོགས་མོ་ཡག་ཤོས་འདིའི་མིང་དངོས་སུ་བརྗོད་མི་དགོས་པར། ཁོང་ལ་ལྡན་པའི་རང་བཞིན་ཁྱད་ཆོས་རྣམས་ནས་འགའ་ཞིག་དཔེ་མཚོན་ཙམ་དུ་བཀོད་ནས་ངོ་སྤྲོད་ཞུ་རྒྱུ་ཡིན་པས། ཚང་མས་ངོས་འཛིན་གསལ་པོ་བྱེད་ཐུབ་པ་གནང་རོགས། ངའི་གྲོགས་ཡག་ཤོས་འདི་ནི། དཔེར་ན་ཚན་རིག་པ་དང༌། ཨེམ་རྗེ། རྩོམ་པ་པོ། རྩིས་པ། འཁྲབ་སྟོན་པ། རི་མོ་བ། སྒྱུ་རྩལ་པ་སོགས་ཆེད་ལས་འདྲ་མིན་གནང་མཁན་རྣམས་ལ་མཚོན་ན་གྲོགས་པོ་ཡག་ཤོས་འདི་ནི་སློབ་སྟོན་པ་བཟང་པོ་ཞིག་ཡིན་ལ། སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ལྷུང་པའི་མི་ཞིག་ལ་མཚོན་ན། འདི་ནི་ཕར་ལ་ཇི་ཙམ་བཤད་ཀྱང་ཚུར་ལ་ཁོང་ཁྲོ་དང་ལན་འདེབས་མི་བྱེད་ཅིང་ད་དུང་སེམས་གསོ་བྱེད་མཁན་ཞིག་ཡིན། ཕ་མར་གྱུར་པའི་སྐྱེ་བོ་རྣམས་ལ་མཚོན་ན། འདི་ནི་བྱིས་པ་ཇི་ལྟར་གསོ་སྐྱོང་བྱེད་དགོས་ཀྱི་ལམ་སྟོན་བྱེད་མཁན་ཞིག་ཡིན། གློག་བརྙན་ལ་དགའ་བའི་མི་ཞིག་ལ་མཚོན་ན། འདི་ནི་གློག་བརྙན་དང་འདྲ་བར་དགའ་སྐྱོའི་ཚོར་བ་ཟབ་མོ་སྤྲོད་ཐུབ་མཁན་ཞིག་ཡིན། ཆོས་བྱེད་དགེ་འདུན་པ་རྣམས་ལ་མཚོན་ན། འདི་ནི་དགེ་བའི་བཤེས་གཉེན་གཉིས་པ་ལྟ་བུ་དེ་ཆགས་ཀྱི་ཡོད། ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་རྣམས་ལ་མཚོན་ན་འདི་ནི་སློབ་འཁྲིད་བྱེད་མཁན་གྱི་དགེ་རྒན་དང་འདྲ་བར་རང་ཉིད་ལ་དགོས་པའི་ཡོན་ཏན་སྦྱིན་ཞིང༌། མི་དགོས་པའི་མ་རབས་ཐ་ཤལ་གྱི་བྱ་སྤྱོད་ཇི་ལྟར་སྤོང་བའི་སློབ་སྟོན་ཐུབ་པ་སོགས་ཁྱད་ཆོས་སྣ་མང་ལྡན་པའི་གྲོགས་པོ་ཡག་ཤོས་ཤིག་ཡིན། འོ་ན་འདི་གང་རེད་དམ། ཁྱེད་རྣམ་པས་མཁྱེན་ཨེ་སོང༌།
གསོན་དང༌། གལ་ཏེ་ཁྱེད་རྣམ་པས་དུས་རྒྱུན་དུ་གྲོགས་པོའམ་གྲོགས་མོ་ཡག་ཤོས་འདི་དང་འགྲོགས་ཐུབ་ཚེ། གོང་གསལ་ཁྱད་ཆོས་རྣམས་མ་ལུས་པར་རང་ཉིད་ལའང་ཐོབ་རྒྱུར་གདོན་མི་ཟ་བ་ཡིན། དམིགས་བསལ་ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་རང་རིགས་ན་གཞོན་ཚོས་གྲོགས་པོའམ་གྲོགས་མོ་ཡག་ཤོས་འདི་དང་འགྲོགས་གང་ཐུབ་གནང་ན། རང་ཉིད་ལ་བཟང་པོའི་ཡོན་ཏན་རྒྱས་རྒྱུ་རབ་དང་རིམ་པ་ཡོད། ཁྱེད་རྣམ་པས་ངེས་པར་དུ་གྲོགས་པོའམ་གྲོགས་མོ་ཡག་ཤོས་འདི་ངོས་འཛིན་ཐུབ་པ་གནང་རོགས།
ཁོང་་་་་་༌། གལ་ཏེ་ད་དུང་ཁྱད་ཆོས་དེ་དག་ལྡན་པའི་གྲོགས་པོའམ་གྲོགས་མོ་ཡག་ཤོས་འདི་ངོས་འཛིན་ཐུབ་མིན་གྱི་དཀའ་ཚེགས་འཕྲད་ཚེ། གོང་དུ་བཀོད་པའི་རི་མོ་དེར་གཟིགས་དང༌།

བརྩེ་དུང༌། སྨིན་མ་ཚར་བའི་ཤིང་འབྲས་མངར་མོ།

སུ་ཇཱའི་སློབ་བུ་སྒོ་དམར་སངས་རྒྱས།

    ན་བུན་དང་སྨུག་ལོང་གིས་བལ་ཡུལ་རྒྱལ་ས་ཡོངས་སུ་བཏུམས་ཤིང་བོད་ནང་གི་གྲོང་གསེབ་ཀྱི་སྲང་ལམ་དང་འདྲ་བར་ཧ་ཅང་གུ་དོག་པའི་གཞུང་ལམ་སྟེང་མཐོང་སྣང་ལ་མི་བདེ་པའི་རླངས་འཁོར་དང་མི་གཟུགས་སྣ་ཚོགས་ཀྱི་འདུ་འཛི་འཁྲུགས་ཤིང༌། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས་སུ་བོད་ནས་གསར་དུ་འབྱོར་མ་ཐག་པའི་འཇམ་དབྱངས་ནི་བླ་འཁྱམས་པ་ལྟར་ཧད་དེ་ལུས་ཡོད། སྐབས་དེར་ཚོང་པའི་བུ་མོ་ཞིག་གིས་རང་གི་རོགས་པར། “བུ་ཕ་གིར་གཟིགས་དང༌། ག་རེ་བྱས་པ་ཡིན་ནམ། སྙིང་རྗེ་གསར་འབྱོར་ཞིག་ཡིན་པ་འདྲ།” ཞེས་ཁོ་གཉིས་ཀྱིས་འཇམ་དབྱངས་ལ་ལྟ་ཞོར་ཤབ་ཤུབ་ཀྱི་ལབ་གླེང་བྱེད་བཞིན་བསྐྱོད། ངོ་མ་ཕར་བལྟས་ན་ཁོང་ནི་སྨྱོན་པ་ཞིག་གམ་ཡང་ན་བླ་འཁྱམས་ཚར་བའི་མི་ཞིག་ལོས་ཡིན་སྙམ་པའི་ཚོར་སྣང་ཞིག་སྤྲོད་ཀྱི་ཡོད། ཡིན་ནའང་ཁོང་གི་སེམས་ནང་གི་སྡུག་བསྔལ་དེ་དག་སུས་ཀྱང་ཤེས་རྟོགས་ཐུབ་མེད་པས་ཁོ་ལ་རོགས་རམ་བྱེད་མཁན་ཞིག་སུ་ཡོད། ཁོ་རང་སྣེ་ལེན་ཁང་དང་བྲལ་བའི་རྗེས། ཤུལ་དུ་ལྷག་པ་ནི་ཁོ་རང་གི་ཉིན་དེབ་དེ་རང་ལས་མེད། དེར་བརྟེན་ང་ཚོས་ཉིན་དེབ་དེ་བརྒྱུད་ཁོའི་སེམས་ཀྱི་རྨ་ཁ་དེ་རྣམས་རེ་རེ་བཞིན་ཤེས་རྟོགས་ཐུབ་པ་བྱུང༌། ཉིན་དེབ་དེ་ནི་ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༧ ནས་བཟུང་བྲིས་པ་ཞིག་རེད་འདུག རྒྱ་ཆེའི་ཀློག་པ་པོ་རྣམ་པ་ཚོ། ཁོང་གི་ཉིན་དེབ་དེའི་ནང་བཀོད་ཡོད་པའི་སྙིང་དོན་རྣམས་གཤམ་དུ་གཟིགས་པར་འཚལ།
ཆར་པ་དྲག་དུ་བབས་པའི་ཁྲོད་དུ་ལྷ་སའི་བར་སྐོར་ནང་ཁ་དོག་སྣ་ཚོགས་ཀྱི་ཉི་གདུགས་ཀྱིས་ཁེངས་ཤིང༌། པོ་ཏཱ་ལའི་མདུན་ཐང་དུ་བཙན་རྒྱལ་རྒྱ་དམར་གྱི་ཁྲག་གིས་ཚོས་འདྲའི་དར་དམར་དེ་ཏིང་ཞོའོ་ཕིང་ལ་མྱ་ངན་བྱེད་པ་བཞིན་ཐུར་དུ་དཔྱངས་ནས་འདུག   སྐབས་དེར་པ་སངས་མེ་ཏོག་གིས་ཀྱང་ཉི་གདུགས་དམར་པོ་ཞིག་ཕུབ་ནས་འཇམ་དབྱངས་སར་འོང་བཞིན་འདུག མོའི་གདོང་ཡོངས་ཆར་གྱིས་བརླན་པར་བྱས་པའམ་མིག་ཆུས་བརླན་པ་གང་ཡིན་ཆ་མི་འཚལ་མོད། གང་ལྟར་མིག་ཟུང་དམར་པོ་ཆགས་པ་དང་ངོ་མདངས་ཤོར་འདུག་པ་བཅས་ལ་བརྟག་ན་ཡུན་རིང་ཞིག་ངུས་པ་རྟོགས་ཐུབ།“ག་རེ་བྱས་སོང་པ་སངས་མེ་ཏོག” ཅེས་འཇམ་དབྱངས་ཀྱི་སེམས་ནང་དྲི་རྟགས་སྣ་ཚོགས་ཤིག་འཆར་བཞིན་དྲིས། མོས་ཅི་ཡང་མ་བཤད་པར་ཁོ་པའི་སྐེ་ལ་འཐམས་ཏེ་ངུས་པར་འཇམ་དབྱངས་ཀྱིས། “ཁྱེད་ལ་ག་རེ་བྱུང་སོང་ང་ལ་ལོབ་དང༌།”  ཞེས་ཁོའི་སེམས་ནང་སྔར་ལྷག་པའི་འཇིགས་སྣང་དང་དྲི་རྟགས་ཀྱི་རྦ་རླབས་འཕྱུར་བཞིན་དྲིས། པ་སངས་མེ་ཏོག་གིས། “འཇམ་དབྱངས་ངའི་པ་ལགས་ཀྱིས་ང་གཞན་ལ་ཆུང་མར་སྤྲད་ཟིན་འདུག” ཅེས་འཇམ་དབྱངས་ཀྱི་བྲང་ཁར་འཐམས་ནས་མུ་མཐུད་ངུས། འཇམ་དབྱངས་ཀྱིས། “ག་རེ།” ཞེས་རང་གི་རྣ་བར་ཡིད་མ་ཆེས་པ་ལྟར་སླར་ཡང་དྲིས། “འུ་གཉིས་ཀྱི་འབྲེལ་བ་པཱ་ལགས་ཀྱིས་ཧ་གོ་རྗེས་ང་ལ་གཅར་བརྡུང་བྱས་པས་མ་ཚད་ད་དུང༌། ད་དུང༌།” “ད་དུང་ག་རེ་བྱས་སོང༌།” ཞེས་ཁོས་སྒུག་མ་བཟོད་པར་བྲེལ་འཚུབ་ངང་དྲིས། “ད་དུང་ཁྱེད་ཀྱི་པཱ་ལགས་མགར་བ་་་་མགར་བ་རེད་ཟེར་ནས་་་༌།” སྐབས་དེར་འཇམ་དབྱངས་ཀྱི་མིག་ཟུང་ལས་འོད་ཆེམ་ཆེམ་གྱི་མཆི་མའི་རྡོག་པོ་རེ་རེ་བཞིན་མཁུར་ཚོས་བརྒྱུད་མོའི་ཕྲག་པའི་སྟེང་ལྷུང་གིན།  “དགོངས་དག་་་་་   པ་སངས་མེ་ཏོག ངས་ཁྱེད་ལ་གསང་བ་བྱས་པ་ཡིན།” ཞེས་ཁོ་པས་སྐད་འདར་བཞིན་དེ་ལྟར་བཤད།  “འཇམ་དབྱངས་་་་ངས་དེའི་སྐོར་སྔོན་ནས་ཧ་གོ་ཡི་ཡོད། ཡིན་ནའང་འོ་གཉིས་ཀྱི་བརྩེ་དུང་དེ་རྒྱུ་དཔལ་འབྱོར་དང་རིགས་རུས་ལས་བྱུང་བ་ཞིག་ག་ལ་ཡིན། ང་ནམ་ཡང་ཁྱེད་ལ་དགའ། འཇམ་དབྱངས།“ ཞེས་མོའི་ཚིག་འདི་དག་གིས་ཁོ་སླར་ཡང་འཇིག་རྟེན་འདིར་ཐེངས་ཤིག་འཁྲིད། ཆར་པ་རིམ་བཞིན་དྭངས་པ་དང་མཉམ་དུ་ཡར་འགྲོ་མར་འོང་གི་མི་ཚོགས་ཀྱང་ཇེ་མང་ཇེ་མང་དུ་གྱུར།  “ང་ནམ་ཡང་ཁྱེད་ལ་དགའ། པ་སངས་མེ་ཏོག”  ཅེས་སྐྱོ་གདུང་གི་མིག་ཆུ་དང་འདྲེས་པའི་ཚིག་འདི་ཁོའི་སྙིང་ཁུང་ནས་ཐོན་ཞིང་མོའི་རྣ་རྩར་བླུགས། “འཇམ་དབྱངས་་་རེད། ངེད་གཉིས་རྒྱ་གར་ལ་འགྲོ   ང་ནམ་ཡང་ཁྱེད་དང་བྲལ་འདོད་མེད། ངེད་གཉིས་རང་དབང་གི་འཇིག་རྟེན་ཞིག་འཚོལ་དུ་འགྲོ   ཕ་མས་རྨོངས་སེམས་ཀྱི་ཁ་ལོ་བསྒྱུར་ས་འདིར་ང་མི་འཚོ་ལ། ཁྱེད་རང་མེད་ས་ཞིག་ཏུ་ང་རང་དེ་བས་འཚོ་ག་ལ་འདོད། འགྲོ་་་་ཇོ་བོ་རིན་པོ་ཆེའི་མདུན་དུ་སྐྱབས་འཇུག་ཞུ་རུ་འགྲོ།”  ཞེས་ཁོ་གཉིས་མགྲིན་གཅིག་ཏུ་དེ་ལྟར་བཤད་དེ་གཙུག་ལག་ཁང་གི་ཕྱོགས་སུ་གོམ་ཁ་བསྒྱུར།
    གཡའ་དག་པའི་ལྷ་ལམ་ན་རྒྱུ་སྐར་གྱིས་ཡོངས་སུ་ཁེངས་པའི་མཚན་ལྗོངས་དེར། ཁོ་གཉིས་ཀྱང་མི་གྲངས་ཉི་ཤུའི་མཉམ་དུ་རང་དབང་གི་འཇིག་རྟེན་ཞིག་སྙིང་ལ་བཅངས་བཞིན་རྒྱ་གར་ཕྱོགས་སུ་རྡོག་ཐོན་བྱས། གངས་རི་དང་རྫ་རི་གདན་དུ་བྱས་ཤིང་སྤྲིན་པ་དང་ནམ་མཁའ་གོས་སུ་སྒོམ་ནས་རྩམ་པ་དང་ཁ་བ་དཀར་པོ་ཟས་སུ་སྤྱོད་ཀྱིན་ཉིན་མཚན་བཅུ་ལྷག་འགོར་རྗེས་ཁོང་ཚོ་སཱ་ལའི་སྨན་ལྗོངས་དང་བྲལ་ནས་སྐྱོ་ལྷང་ལྷང་ངང་འབྱོར་མེད་ཀྱི་རྒྱལ་ཁབ་འདིའི་སྣེ་མོ་ཟིན། དེ་ནས་ཉིན་གསུམ་ཙམ་སོང་རྗེས་ཧམ་སེམས་དུག་མཚོ་འཁོལ་བ་ལྟ་བུའི་བལ་པོའི་ཉེན་རྟོག་པ་སྐོར་ཞིག་གིས་རྔོན་པས་རི་དྭགས་མཐོང་བ་བཞིན་ཁོང་ཚོའི་མདུན་དུ་ཤོར་ཡོང༌། སྐབས་དེར་ཁོང་ཚོ་ནི་དངངས་སྐྲག་གིས་ཅི་བྱ་མེད་པར་གྱུར་ནས་ཤིང་ནགས་སྟུག་པོ་ཡོད་ས་ཞིག་ཏུ་བྲོས། སྙིང་རྗེའི་བརླན་དང་བྲལ་བའི་བལ་པོའི་ཉེན་རྟོག་པ་དེ་ཚོས་མེ་མདའི་ཁ་ཁོང་ཚོར་གཏད་དེ་ལན་མང་བརྒྱབ། སྟབས་མ་ལེགས་པ་ཞིག་ལ་མཐའ་མའི་མེ་མདའ་དེས་པ་སངས་མེ་ཏོག་འཇིག་རྟེན་གཞན་ཞིག་གི་འགག་སྒོར་བསྐྱལ།   “པ་སངས་མེ་ཏོག པ་སངས་མེ་ཏོག” ཅེས་པའི་འཇམ་དབྱངས་ཀྱི་ངུ་སྒྲ་དེས་ཁོང་ཚོ་ཚང་མ་འགྲོ་མཚམས་བཀག ཁོས་པ་སངས་མེ་ཏོག་པང་དུ་བླངས་ནས་ལྟ་དུས། དཀར་ལ་གཞོན་ཤ་རྒྱས་པའི་མོའི་གདོང་ཡོངས་ནས་མིག་ཆུ་དང་རྔུལ་ཆུ་ཟུང་འགྲན་བསྡུར་བྱེད་ཀྱིན་འདུག་ལ་བཙན་གྱིས་བསྟན་པའི་འཛུམ་ཆུང་ཞིག་ཀྱང་མངོན། འཇམ་དབྱངས་ཀྱིས། “པ་སངས་མེ་ཏོག་ཁྱེད་རང་གནས་འདིར་ཤི་མི་རུང༌། ངས་ཁྱེད་རང་རྒྱ་གར་བར་རྒྱབ་ཏུ་འཁྱེར་ཆོག”  ཅེས་མོའི་གདོང་གི་རྔུལ་ཆུ་དང་མིག་ཆུ་རྣམས་ཕྱིས། སྐབས་དེར་མོ་ནི་འདར་སིག་སིག་ངང་ཅི་ཞིག་བཤད་འདོད་པ་ལྟར་ཁ་ཤ་འགུལ་ཙམ་འགུལ་ཙམ་བྱེད་པ་ཙམ་ལས་སྐད་ཆ་ཚིག་གཅིག་བཤད་མ་ཐུབ། དེ་ལྟ་བུའི་ཁྲོད་བཙན་གྱིས་བསྟན་པའི་འཛུམ་ཆུང་ཞིག་དང་སྦྲགས་པ་སངས་མེ་ཏོག་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་བར་གྱུར། “པ་སངས་མེ་ཏོག་་་” ཅེས་འཇམ་དབྱངས་ཀྱི་ངུ་སྐད་དྲག་པོས་མཐའ་བཞིའི་ནགས་ཀླུང་ཡོངས་ཀྱི་ལྷིང་འཇགས་དཀྲོགས། མི་གྲངས་ཉི་ཤུ་ཡོད་པ་དེ་ད་ཆ་བཅུ་དགུར་གྱུར་ཏེ་ལྷག་མ་དེ་རྣམས་ཀྱིས་བྱམས་སེམས་དང་སྙིང་རྗེས་བཟོད་ཐབས་མེད་པའི་མིག་ཆུའི་ས་བོན་མི་ཉུང་བ་ཞིག་ས་ཆ་དེར་བཏབ། འདི་ནི་པ་སངས་མེ་ཏོག་གི་མི་ཚེ་ཞིག་གི་ལོ་རྒྱུས་ལགས། ཉིན་དེ་ནས་བཟུང་ཁོ་རང་ཡང་ལམ་རོགས་གཞན་དེ་དག་གི་ཁྲོད་ནས་བོར་བརླག་ལྟ་བུར་གྱུར་ཏེ་བལ་ཡུལ་རྒྱལ་སར་ཇི་ལྟར་བྱས་ཏེ་འབྱོར་ཡོད་ཉིན་ཐོར་འཁོད་མི་འདུག་པས་དེ་ནས་བཟུང་མུ་མཐུད་ཀྱི་བྱུང་རིམ་རྣམས་བཀོད་ཐབས་བྲལ་སོང་བས། རྒྱ་ཆེའི་ཀློག་པ་པོ་རྣམ་པར་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། ངོ་མ་མི་སུ་ཞིག་རང་ཡུལ་དང་བྲལ་བའི་ཉིན་དེ་ནས་བཟུང་དོན་དངོས་སུ་མི་དེའི་རང་དབང་ཡང་མཇུག་སྒྲིལ་བ་འདྲ། ད་ལྟ་འཇམ་དབྱངས་གང་དུ་ཡོད་དམ། ཁོང་རང་ད་དུང་ཡང་གུ་དོག་པའི་སྲང་ལམ་དེ་རུ་སུ་ཞིག་འཚོལ་གྱིན་ཡོད་དམ། གང་ལྟར་སྣེ་ལེན་ཁང་གི་ལས་བྱེད་རྣམ་པས་ད་དུང་ཁོ་རང་འཚོལ་གནང་གི་ཡོད།

གཟིག་གསོད་མཁན་བུ་གསུམ།

བློ་གླིང་ལྷ་ས་བ་བསྟན་འཛིན་ཕུན་ཚོགས།

    འབྲོག་སྡེ་ཆུང་ཆུང་ཞིག་གི་ནང་འབྲོག་པ་མི་ཚང་ཞིག་ལ་ཤེས་བྱ་ཡོན་ཏན་དང་སྤྱི་ཚོགས་ཀྱི་འཚོ་བའི་ཉམས་མྱོང་སོགས་གང་ཡང་མེད་པའི་བུ་སྤུན་གསུམ་ཡོད་པ་དེ་དག་རྟག་ཏུ་རི་ལ་ལུག་རྫིར་འགྲོ་ཡི་ཡོད། ཉིན་ཞིག་གཟིག་ཤིན་ཏུ་ལྟོགས་པ་ཤི་ལ་ཁད་པ་ཞིག་ཁོང་ཚོའི་ལུག་ཁྱུའི་ནང་ཤོར་ཏེ་ལུག་གཅིག་གི་མཇིང་པར་སོ་བརྒྱབས་ནས་དྲུད་ཀྱིན་འགྲོ་བཞིན་ཡོད་པ་དེ། ཁོང་ཚོ་གསུམ་གྱིས་མཐོང་མ་ཐག་ལམ་སེང་རུབ་བརྒྱབས་ཏེ་བསད། གཟིག་དེ་གསོད་ཐུབ་པས་དགའ་སྣང་དང་སྦྲགས་ང་རྒྱལ་སྐྱེས་ཏེ། ད་ལྟ་བར་དུ་གཟིག་གསོད་ཐུབ་མཁན་ནི་ང་ཚོ་བུ་སྤུན་གསུམ་ལས་གཞན་སུ་ཡོད། ཅེས་འབྲོག་པ་ཚང་མར་འབོར་ཤོབ་ཤོད་ཀྱི་ཡོད་ལ་འབྲོག་པ་ཚོས་ཀྱང་ཁོ་པ་ཚོར་ངོ་བསྟོད་བྱས་པས་དེ་བས་ཀྱང་ང་རྒྱལ་ཆེས་ཆེར་སྐྱེས་ཏེ། རང་གི་ནང་མི་ཚོ་ལའང་བརྙས་བཅོས་དང་དཔའ་ཉམས་སྟོན་པ་ལས་དེ་སྔ་བཞིན་ཕ་རྒན་གྱི་ཁ་ཏ་བསླབ་བྱར་ཉན་འཇོག་རྩ་བ་ནས་བྱེད་ཀྱི་མེད།
སྐབས་དེར་ཕ་རྒན་གྱིས་རང་གི་བུ་གསུམ་པོ་ནི་ད་བར་ལུང་ཁུག་འདི་ཁོ་ན་མ་གཏོགས་ཡངས་ཤིང་རྒྱ་ཆེ་བའི་ཡུལ་ཁམས་གཞན་མཐོང་མྱོང་མེད་རྐྱེན་ཡིན་ངེས་རེད་འདུག་སྙམ་སྟེ། བུ་གསུམ་པོ་ཡུལ་གཞན་དུ་ཉམས་མྱོང་གསོག་ཏུ་གཏོང་དགོས་པ་ཡིད་ལ་འཁོར་ཏེ་སྨྲས་པ། ཁྱེད་བུ་གསུམ་རྒྱལ་ས་ལྷ་སར་འགྲོ་ཐུབ་བམ། ཞེས་དྲིས་པར་ཁོ་ཚོ་གསུམ་གྱིས། ཁྱེད་ཚོ་ཕ་རྒན་ཚོ་འགྲོ་ཐུབ་སར་ང་ཚོས་མི་ཐུབ་པ་གང་ཡོད། ལོས་ཐུབ། ཅེས་ལབ་པར་ཕ་རྒན་གྱིས། འོ་ན་ཁྱེད་ཚོས་ཚོང་རྒྱག་ཤེས་སམ། ཞེས་དྲིས་པར་བུ་གསུམ་གྱིས། ཚོང་མིག་གིས་བལྟས་ནས་རྒྱག་རྒྱུ་ཡིན་པ་ལ་མི་ཤེས་རྒྱུ་ག་རེ་ཡོད། ཅེས་ལབ་པར་ཕ་རྒན་གྱིས། དེ་ལྟར་ཐུབ་ན་ཤིན་ཏུ་ལེགས། ཁྱེད་གསུམ་ལྷ་སར་ཚོང་ལ་འགྲོ་རྒྱུའི་གྲ་སྒྲིག་གྱིས། ཞེས་གསུངས་ནས་ཉིན་གསུམ་སོང་རྗེས་ཕ་རྒན་གྱིས་ཁོ་ཚོར་གཡག་གསུམ་ལ་ཕྱུར་བ་དང་མར། ཤ་སོགས་དོ་པོ་བརྒྱབ་སྟེ་ལྷ་སར་ཚོང་དུ་བཏང་བ་རེད།
ཁོང་གསུམ་གྲོང་ཚོ་ཆེ་ས་གང་ཞིག་ཏུ་འབྱོར་བ་དང་ད་འདི་ལྷ་ས་ཡིན་ནམ་ཞེས་ཡུལ་མི་རྣམས་ལ་སྐད་ཆ་དྲིས་ཀྱིན་འགྲོ་སྐབས། ཡུལ་མི་དེ་ཚོས་ཁོང་ཚོར་འཕྱ་དམོད་བྱས་པས་ཁོང་གསུམ་ངོ་ཚ་ནས་དེ་རྗེས་ཡང་ཡང་འདྲི་མ་ནུས་པར་གྱུར། དེ་ནས་སོང་སོང་རྗེས་གང་ཙམ་ནས་འཕན་པོ་ཁུལ་གྱི་གྲོང་ཚོ་ཆེ་ས་ཞིག་ཏུ་འབྱོར་སྐབས་ཁོང་གསུམ་གྱིས། གྲོང་ཁྱེར་འདི་ནི་ཤིན་ཏུ་ཆེ་བས་ལྷ་ས་ངོ་མ་དེ་ཡིན་པ་འདྲ་འདུག་སྙམ་སྟེ་མི་ལ་སྐད་ཆ་དྲི་མ་ཕོད་པར་ཡུལ་དེར་ཉིན་ཞག་འགའ་ཞིག་བསྡད་པས་གཞི་ནས་ལྷ་ས་མིན་པ་ཤེས་རྗེས། ཡང་གཡག་གསུམ་པོར་ཁལ་རྣམས་བཀལ་ཏེ་སོང༌། གང་ཙམ་སོང་རྗེས་མཐར་ལྷ་སར་དངོས་སུ་སླེབས་ཏེ་སྦྲ་ནག་ཞོལ་དུ་གནས་ཚང་གཡར་ཏེ་བསྡད། གྲོང་ཁྱེར་ནང་འབྲོག་ས་བཞིན་གཡག་རྣམས་ལ་གཡས་གཡོན་དུ་རྩྭ་ཟ་རྒྱུ་མེད་ལ་རྩྭ་ཡང་སྟེར་མེད་པས་ལྟོགས་ཏེ་ཤི། ཚོང་དངོས་ཕལ་ཆེར་བཟས་ཏེ་རྫོགས་ལ་ཉེ་ཡང་ཅུང་ཟད་ཡོད་པ་དེ་རྣམས་ཁྱེར་ཏེ་ཟ་ཁང་དུ་མོག་མོག་བཟའ་བར་ཕྱིན་པས། མོག་མོག་ལ་ཁ་བརྙོགས་ཏེ་ཉིན་ལྟར་ཟ་ཁང་དེར་འགྲོ་ཡི་ཡོད། ཡང་ཉིན་གཅིག་ཁྲོམ་གཟིགས་ཁང་ལ་མ་སླེབས་གོང༌། ལམ་བར་དུ་ཁམ་བུ་འཚོང་མཁན་ཞིག་ཐུག་སྟེ་དེའི་ཁམ་བུ་ནས་གཅིག་བཟས་པས་ཞིམ་པོ་ཞེ་དྲག་བྱུང་བས་ཁོང་གསུམ་གྱི་སེམས་ལ་འདི་ནི་རང་ཡུལ་དུ་འཁྱེར་ན་ཁེ་བཟང་ཆེན་པོ་ཡོང་བ་འདུག་བསམས་ཏེ་ཁམ་བུ་དོ་པོ་མང་པོ་ཉོས། དེ་ནས་ཁོང་ཚོ་ཐོག་མར་ཁྲོམ་གཟིགས་ཁང་གི་ཚལ་རིགས་ཚོང་སར་འབྱོར་བས་ཁོང་ཚོ་གསུམ་གྱིས་ཚལ་རིགས་འདྲ་མིན་སྣ་ཚོགས་ཉོས་ཏེ་འཁྱེར་ན། རང་ཡུལ་དུ་ཁེ་བཟང་ཆེན་པོ་ཡོང་བ་འདུག་སྙམ་ནས་དོ་པོ་མང་པོ་ཉོས་པ་རེད།
དེ་ནས་གང་ཙམ་སོང་རྗེས་ཁམ་བུ་དང་ཚལ་རིགས་རྣམས་ཚང་མ་རུལ་ཏེ་ཕན་མེད་དུ་གྱུར་བ་མ་ཟད། ལག་དངུལ་རྣམས་ཡོངས་སུ་རྫོགས་ནས་གནས་གླ་ཡང་སྤྲོད་རྒྱུ་མེད་པར་གྱུར་པས། ཁོང་ཚོ་གསུམ་གཅིག་གིས་གཅིག་ལ་ལྟ་བཞིན་སྡོད་པ་ལས་ཐབས་ཤེས་གཞན་གང་ཡང་མེད་པར་ལུས། གནས་མོས་གནས་ཚུལ་དེ་རྣམས་གསལ་རྟོགས་བྱུང་བས་ལམ་སེང་ཁོ་པ་ཚོའི་སར་ཡོང་སྟེ། ཕོ་ཁྱོ་ག་ཁྱེད་གསུམ་འདི་ལྟར་བཞུགས་ན་གནས་གླའང་ཇི་ལྟར་བྱས་ནས་སྤྲོད་དམ། དེ་ལས་ང་ལ་ཐབས་ཤེས་གཅིག་ཡོད། ད་ནས་བཟུང་ཁྱེད་གསུམ་གཡོག་རྒྱུག་ཏུ་ཕྱིན་ན་ལེགས་ཞེས་སང་ཉིན་དེ་ནས་བཟུང་མི་ཚང་གསུམ་གྱི་གཡོག་པོར་བུ་སྤུན་རེ་བཞག་པ་རེད། དེ་ལྟར་ཁོང་གསུམ་དེ་སྔ་གཡོག་བྱེད་མྱོང་མེད་རྐྱེན་དཀའ་ངལ་ཤིན་ཏུ་ཆེ་བས་སྨྲེ་ངག་གི་གླུ་འདི་ལྟར་ཤོར། གཟིག་ལྟོགས་པ་བསད་པའི་ང་རྒྱལ་གྱིས། །གཉེན་མཛའ་གྲོགས་ཀུན་ལ་ཁྱད་གསོད་བྱས། །དཔའ་ཐལ་བས་ལྷ་སར་གཡོག་ཏུ་ཚུད། །སྐྱིད་རང་ཁྱིམ་ཡོད་པར་མ་ཤེས་པར། །སྡུག་གཞན་ཡུལ་གཡོག་རྒྱུག་ངུ་རེ་བྲོ། །དེ་ལྟར་གང་ཙམ་སོང་རྗེས་ཁོང་བུ་སྤུན་གསུམ་གཡོག་རྒྱུག་བཞིན་པའི་གནས་ཚུལ་རྣམས་འབྲོག་སར་ཡོང་མི་ཞིག་བརྒྱུད་རང་ཁྱིམ་གྱི་ཕ་རྒན་གྱིས་ཐོས་མ་ཐག ལམ་སེང་མི་བཏང་ནས་ཚུར་བསུ་ཐབས་བྱས་པ་བཞིན་ཉིན་ཤས་རྗེས་རང་ཁྱིམ་དུ་འབྱོར། སྐབས་དེར་ཕ་རྒན་གྱིས་ཁོང་གསུམ་ལ། ཁྱེད་བུ་སྤུན་གསུམ་ཕ་རྒན་སླེབས་སར་སོང་ངམ། མིག་བལྟས་ནས་ཚོང་བརྒྱབ་བམ་ཡང་ན་མ་བལྟས་པར་བརྒྱབ། ཅེས་དྲིས་པར་ཁོང་གསུམ་ལ་ལན་འདེབས་གང་ཡང་བྱེད་རྒྱུ་མེད་པར་སྔོན་ཆད་ཉམས་མྱོང་གང་ཡང་མེད་པར་བྱས་པའི་ལས་དོན་རྣམས་ལ་འགྱོད་སེམས་དྲག་པོ་སྐྱེས་ཏེ་ངུ་སྐབས། ཕ་རྒན་གྱིས་སླར་ཡང༌། ཟོག་ལ་གྱོང་དང་ལུས་ལ་སྡུག་ཕོག་ཀྱང༌། །མི་ཚེའི་མདུན་ལམ་རིང་པོར་ཕན་ཐོགས་ན། །རྒད་པོའི་ལམ་སྟོན་བྱས་པའི་དགོས་པ་གྲུབ། །ཅེས་གསུངས་ཏེ་ཁོང་གསུམ་སྔར་བཞིན་རི་ལ་རྫི་བོ་བྱེད་དུ་བཏང་བ་བཞིན་ཁོང་གསུམ་གྱིས་ཀྱང་ཞི་དུལ་བག་ཕེབས་ངང་ཕ་རྒན་གྱི་བཀའ་ལ་བརྩི་བཀུར་ཞུས་ཏེ་དགའ་སྐྱིད་ཀྱི་འཚོ་བར་རོལ་རྒྱུ་བྱུང་ངོ༌། །

ལོ་གསར་དང་སྒྲ་སྙན་ནོར་བུ།

སེར་བྱེས་གཙང་པ་བསམ་གཏན་རྡོ་རྗེ།

    ཕ་བསྟན་འཛིན་གྱིས། “སྒྲོལ་མ་ལགས། སྤྱིར་བོད་ཀྱི་གཏམ་དཔེར། ཕ་བཟང་ལ་བུ་བཟང་ཟེར་ཡང་ང་ཚོའི་ནང་ལ་བུ་མེད་རྐྱེན་མ་བཟང་ལ་བུ་མོ་བཟང་པོ་ཞུ་དགོས་མ་རེད་པ་་་ལགས།” ཞེས་རང་གི་བུ་མོ་དབྱངས་སྐྱིད་ལ་བསྟོད་བསྔགས་ཀྱི་གླེང་མོལ་གནང་བཞིན་པའི་སྐབས་བུ་མོ་དབྱངས་སྐྱིད་ཁང་པའི་ཕྱི་ལོགས་ནས་དགའ་སྣང་ཆེན་པོས། “པཱ་ལགས་ཨ་མ་ལགས།” ཞེས་ཡར་ནང་ལ་རྒྱུགས་ཡོང༌། ཕ་བསྟན་འཛིན་གྱིས། “དབྱངས་སྐྱིད། དེ་རིང་ཁྱེད་རང་དེ་འདྲའི་དགའ་ཚོར་ཆེ་མདོག་ལ། ག་རེ་བྱུང་སོང༌།” ཞེས་གསུངས་པར་བུ་མོས་ཕ་བསྟན་འཛིན་དང་མ་སྒྲོལ་མ་གཉིས་ཀྱི་རྣ་བར་སྐད་ཤུགས་ཆུང་ངུའི་ངང་ནས་ཤབ་ཤོབ་ཅིག་ལབ་པར་ཕ་བསྟན་འཛིན་གྱིས། “བུ་མོ་རང་དངོས་གནས་སྣང་བ་སྐྱིད་མདོག་ཁ་བ་ལ། དེ་སྔ་ཡིན་ན་ལོ་གསར་སྐྱིད་པོ་གཏོང་འདོད་ཡོད་ཀྱང་བསམས་པ་བཞིན་གཏོང་རྒྱུ་ག་པར་ཡོད་རེད།” མཚམས་འདིར་ཨ་མས།  “སང་ཉིན་ལོ་གསར་ཚེས་གཅིག་ལ་བུ་མོ་རང་གཟབ་སྤྲོས་གང་ཞིག་སྤྲས་ན་ལེན་པོ་ཡོད་མིན་སང་ཉིན་སྔ་པོ་བལྟས་ན་འགྲིག་གི་མ་རེད་པས། ཚེས་གཅིག་གི་ཞལ་ལག་གྲ་སྒྲིག་ཆ་ཚང་ཚར་སོང་ངམ།” ཞེས་གསུངས་པར་བུ་མོས། “ཞལ་ལག་གྲ་སྒྲིག་ཁ་སང་ནས་ཚར་བ་ཡིན་མ་ཟད་དེ་རིང་ངས་ཁྱིམ་གྱི་ཕྱི་ནང་ཚང་མ་གད་ཕྱིས་ལེགས་པར་བྱས་ཟིན།” ཞེས་ཞུས་པར་ཕ་བསྟན་འཛིན་གྱིས། “ངས་སྒོ་དང་སྒེའུ་ཁུང་ཚང་མར་ཤམ་བུ་བསྒྲོགས་ཚར་བ་ཡིན། མ་ཟད་ཁང་པ་ཚང་མར་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་དཀར་རྟགས་རྣམས་ཁྲ་ཐིང་ངེར་འཐེན་ཚར་བ་ཡིན། ག་འདྲ་བྱུང་འདུག་གཅིག་ལྟོས་དང༌།” ཞེས་གསུངས་པར་ཨ་མས།  “དངོས་གནས་ཡག་པོ་ཞེ་དྲག་བསྐྱོན་གནང་འདུག ངས་ཀྱང་ལོ་གསར་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཆེད། ཁྱིམ་གྱི་ཆུ་ཟངས་དང༌། ཞིབ་ཕོར། ཇ་ཁུག ཚྭ་ཁུག མར་སྣོད་སོགས་སྣོད་ཐམས་ཅད་བཀང་ཡོད།” བུ་མོས། “ཨ་མ་ལགས་་་་འོ་རེད། བོད་ཀྱི་ལུགས་སྲོལ་ལྟར་ལོ་གསར་སྔོན་ལ་བུ་ལོན་རྣམས་ཕར་སྤྲོད་ཚུར་ལེན་གཙང་མ་གནང་དགོས་མ་རེད་པས།”  ཞེས་ཞུས་པར་ཨ་མས། “རེད་་་ད་ག་རང་རེད། དེ་ཚོ་ཚང་མ་པཱ་ལགས་ཀྱིས་སྔ་ས་ནས་གནང་གྲུབ་པ་རེད།”   ཅེས་བརྗོད། སྐབས་དེར་པཱ་ལགས་ཀྱིས་རྟེན་འབྲེལ་མཚོན་ཆེད་ཀྱི་ལུག་མགོ་དེ་ཡར་སྒྲིག་གིན། “དབུ་མའི་ལམ་གྱི་ཞི་བདེའི་འོད་ཟེར་དེ། །ཉེ་རིང་མེད་པར་ས་གཞི་ཡོངས་ལ་ཁྱབ། །སྐྱིད་པའི་བོད་ཀྱི་ལོ་གསར་གཏོང་བ་ལ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།” ཅེས་གསར་དུ་བརྩམས་པའི་གཞས་དེ་འདྲ་ཞིག་བཏང་བར་ཨ་མ་དང་བུ་མོ་གཉིས་ཡིད་དབང་འཕྲོག་སྟེ། “དངོས་གནས་ང་ཚོའི་པཱ་ལགས་ཀྱིས་གསུང་གཞས་སྙན་པོ་ཞིག་གསར་རྩོམ་གནང་འདུག་ག”  ཞེས་ཞུས་པར་པཱ་ལགས་དགའ་ཚོར་ཆེན་པོས། “ད་ཡིན་ན་སང་ཉིན་བྱ་སྐད་མ་བརྒྱབ་གོང་ནས་ཨ་མས་ཁྲུང་ཁོལ་གནང་རྒྱུ་དེ་སྒུག་རྒྱུ་མ་གཏོགས་གྲ་སྒྲིག་ཚང་མ་ཚར་སོང་ངོ༌། །”  ཞེས་གསུངས་སྐབས་ཨ་མས་ལམ་སེང༌། “ད་ཆ་ང་ཚོའི་བུ་མོ་ཆེན་པོ་ཆགས་ཙང་སང་ཉིན་ཁྲུང་ཁོལ་ཞུ་མཁན་བུ་མོ་ཡིན་ད།”  ཞེས་གསུངས་པར་བུ་མོས་དང་ལེན་གྱིས། “ལགས་སོ། །ཨ་མ་ལགས་བདག་གིས་ལོས་ཞུ།”   ཞེས་ཞུས་རྗེས་རིམ་པས་གནམ་གང་གི་ཉི་མོ་དེ་རྫོགས་སོ། །
    དགའ་སྐྱིད་ལྡན་པའི་བོད་ཀྱི་ལོ་གསར་པ་དེ་རིམ་པས་འགོ་ཚུགས་པ་བཞིན་ཨ་མས་གྲོ་སོ་ཕྱེ་མར་མཐོན་པོར་བཏེགས་ཤིང་བུ་མོས་དངུལ་ཕོར་ནང་མཆོད་ཆང་བཀྱག་པར་ཕ་བསྟན་འཛིན་གྱིས། “བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །ཨེ་མ་བག་བྲོ་སྐུ་ཁམས་བཟང༌། །བརྟན་དུ་བདེ་བ་ཐོབ་པར་ཤོག །” ཅེས་ལོ་གསར་པར་བྱ་བ་ལམ་ལྷོང་ཡོང་བའི་བཀྲ་ཤིས་སྨོན་ཚིག་དང་སྦྲགས་ལོ་གསར་གྱི་འཚམས་འདྲི་བྱས། དེ་ནས་རང་གི་བུ་མོར། “དེ་རིང་བཀྲ་ཤིས་པའི་ཉི་མོ་འདིར་ངའི་སྒྲ་སྙན་ནོར་བུ་དེ་ཚུར་ཁྱེར་ཤོག་དང་བུ་མོ།”  ཞེས་གསུངས་ཏེ་དགའ་སྐྱིད་ལྡན་པའི་ངང་ནས་བོད་ཀྱི་ནང་མའི་ཞབས་བྲོ་ཞིག་བཏང་ནས་ནང་མི་གསུམ་ཞབས་གཞས་ལ་རོལ། སྐབས་དེར་ཨ་མ་དང་བུ་མོ་གཉིས་ཞབས་བྲོར་དབྱིངས་ཚུད་བཞིན་པའི་སྐབས། པ་ཕས་གློ་བུར་དུ་སྒྲ་སྙན་གཏོང་མཚམས་བཞག་པར་བུ་མོས། “པཱ་ལགས་གཏོང་གནང་དང༌། ག་རེ་གནང་སོང༌། ཡང་ན་གསུམ་སྒྲོན་མཉེས་དག་ཅིག་མཆོད་གནང་དང༌།”ཞེས་ཞུ་སྐབས། པ་ཕས་ཡུད་ཙམ་རིང་སྒྲ་སྙན་དེར་ལྟ་ཡིན་སྡོད་པ་ལས་གཞན་བཀའ་མོལ་གང་ཡང་མ་གསུངས་པར་བཞུགས་པས་ཨ་མ་དང་བུ་མོ་གཉིས་ཡ་མཚན་ཆེན་པོ་སྐྱེས། ཡུད་ཙམ་སོང་རྗེས་ཕ་བསྟན་འཛིན་གྱིས་དལ་ཞིང་ལྷོད་པའི་ངང་ནས་འདི་ལྟར་གསུངས། “སྒྲོལ་མ་ལགས། ༡༩༦༠ ལོའི་བོད་ཀྱི་ལོ་གསར་དེ་དྲན་གསོས་ཀྱི་འདུག་གམ།”  གསུངས་པར་བུ་མོས། “ཨ་མ་ལགས་དེ་དུས་ག་རེ་གནང་པ་རེད་དམ།  གསུངས་གནང་དང༌།”  ཞུས་པར་ཨ་མས། “བུ་མོ་རང་གིས་ང་ཚོའི་ནང་གི་སྒྲ་སྙན་ནོར་བུ་དེ་གང་འདྲ་བྱས་ནས་ཆག་སྐྱོན་ཤོར་བ་ཡིན་ཤེས་ཀྱི་ཡོད་དམ། མ་གཞི་དེ་དུས་བུ་མོ་རང་ལོ་གསུམ་ལ་སླེབས་ཙམ་རེད། དེའི་ལོ་རྒྱུས་བཤད་ན་ཧ་ཅང་རིང་པོ་རེད། བསྟན་འཛིན་ལགས། ད་སྐྱིད་པོ་བྱེད་དུས་དེ་འདྲ་དྲན་གསོ་མ་གནང་དང༌།” ཞེས་ཞུས་པར་བུ་མོས། “པཱ་ལགས་བདག་ཉན་འདོད་ཆེན་པོ་འདུག་གསུངས་གནང་དང༌།”   ཞུས་པར་ཕ་བསྟན་འཛིན་གྱིས། “དངོས་གནས་དེའི་སྐོར་བུ་མོ་རང་ལ་ཤོད་དགོས་ངེས་ཅན་ཞིག་དང་ནམ་ཡང་བརྗེད་དུ་མི་རུང་བའི་གནད་དོན་ཞིག་ཡིན།”   ཞེས་སྐབས་དེར་ཕ་བསྟན་འཛིན་གྱིས་ལོ་གསར་པའི་སྤྲོ་སྣང་དེ་ཡོངས་སུ་དོར་ཏེ་ཁྲོ་ཉམས་དང་སྐྱོ་སྣང་ཟུང་འབྲེལ་ཐོག་ནས་བཤད་དོན། “༡༩༦༠ ལོའི་བོད་ཟླ་དང་པོའི་ལོ་གསར་ཚེས་གཅིག་ཉིན། ཨ་མས་བུ་མོ་རང་པང་དུ་བཟུང་ནས་ལག་གཡས་ཀྱིས་པ་ཕར་མཆོད་ཆང་བཀྱགས་པ་དང༌། པ་ཕས་སྒྲ་སྙན་ནོར་བུ་གཏོང་གིན་བོད་ཀྱི་ནང་མའི་ཞབས་གཞས་ཤིག་ལ་རོལ་ནས་ལོ་གསར་གཏོང་སྐབས་གློ་བུར་དུ་ལག་གཡས་སུ་རས་དམར་བཏགས་པའི་གཞོན་ནུ་གཉིས་ཡར་འཛུལ་ཡོང་སྟེ་ངའི་ལག་ནས་སྒྲ་སྙན་ནོར་བུ་འདི་ཕར་འཕྲོག་ནས་ས་སྟེང་དུ་གཡུགས་སོང་བ་དང་སྦྲགས་དུམ་བུ་གཉིས་སུ་ཕྱིན་སོང། སྐབས་དེར་ངའི་སེམས་ནང་ཁོང་ཁྲོའི་མེ་ལྕེ་འབར་ཡང་ཁ་ནས་དུ་བ་འདོན་མི་ཐུབ་པའི་དཔེ་ལྟར་ཚིག་གཅིག་ཀྱང་ལབ་མ་ཐུབ་པར་ལུས། ཨ་མ་ནི་མིག་ཆུ་གཏོང་གིན་བསྡད་འདུག ད་དུང་མི་དེ་གཉིས་ཀྱིས། ཁྱོད་ཀྱིས་ད་ལྟ་དུས་སྐབས་གང་འདྲ་ཞིག་ལ་སླེབས་མིན་ཤེས་ཀྱི་མེད་དམ། ལྷ་འདྲེ་གདོན་འགེགས་རྩ་མེད་བཟོ་དགོས་ཟེར་བའི་རླུང་རླབས་དྲག་པོའི་འབོད་སྒྲ་དེ་ཚོ་རྣ་བས་ཐོས་མ་བྱུང་ངམ། ཁྱེད་ཀྱིས་སྒྲ་སྙན་གཏོང་བ་དང་ཞབས་བྲོ་འཁྲབ་པ་འདི། མི་རིགས་རིང་ལུགས་དར་སྤེལ་བཏང་བ་དང་སྤྱི་ཚོགས་རྙིང་པ་སླར་གསོ་བྱས་པ་མ་རེད་དམ། ཞེས་རྒྱུ་མཚན་གང་ཡང་མེད་པར་སྒྲ་སྙན་གཅོག་པ་དང་གཤེ་གཤེ་བཏང་བྱུང་བར། ངས་ཁོ་གཉིས་ལ། སྒྲ་སྙན་ནི་བོད་མི་རིགས་རང་ཉིད་ཀྱིས་གསར་བཏོད་བྱས་པའི་རོལ་ཆའི་རིགས་ཤིག་ཡིན་ལ་ཞབས་བྲོ་ནི་ལོ་རྒྱུས་འཕེལ་རིམ་ནང་གསར་རྩོམ་མཛད་པའི་དམངས་གཞས་ཡིན། འདི་གཉིས་ཀྱིས་སྤྱི་ཚོགས་རྙིང་པ་སླར་གསོ་བྱེད་པ་ག་ལ་ཡིན། ཞེས་ལབ་པར་མི་དེ་གཉིས་ཀྱིས་རྒྱུ་མཚན་ཉན་འདོད་ག་ལ་བྱེད། ད་དུང་ཧམ་སེམས་ཆེན་པོས། ག་རེ། ད་དུང་མཇིང་པ་སྦོམ་མདོག་མ་ཤོད། ཅེས་ཟེར་གྱིན་སྒྲ་སྙན་ནོར་བུ་ཆག་པོ་དེ་གཉིས་ངའི་སྐེ་ལ་བཏགས་ནས་ཉིན་གཉིས་ཏག་ཏག་ཁྲོམ་སྐོར་ལ་ཁྲིད་བྱུང༌། དེ་ནས་བཟུང་ངས་སྒྲ་སྙན་ནོར་བུ་དུམ་བུ་གཉིས་དེ་བེད་མེད་དུ་ཡུན་རིང་ཉར་ཚགས་བྱས་པ་ཡིན། ལྟོས་དང་བུ་མོ། ད་ལྟ་སྒྲ་སྙན་ནོར་བུ་སྦྱར་བའི་ཤུལ་འདི་རེད།”  ཅེས་ངོ་སྤྲོད་གནང༌། བུ་མོས་སྒྲ་སྙན་ནོར་བུར་ལྟ་ཡིན། “ད་དུང་སྒྲ་སྙན་ནོར་བུའི་སྐོར་གསུངས་གནང་དང༌།”  ཞེས་ཞུས་པར་ཕ་བསྟན་འཛིན་གྱིས་མུ་མཐུད་དེ། “བུ་མོ་་་ང་ཚོའི་ཁྱིམ་གྱི་སྒྲ་སྙན་འདི་ལ་སྒྲ་སྙན་ནོར་བུ་ཟེར་དགོས་དོན་ནི། ང་རང་ལོ་བཅོ་ལྔར་སླེབས་སྐབས་ངའི་པཱ་ལགས་དམ་པ་དེར་སྙུན་གཞི་ལྗིད་པོ་ཞིག་ཕོག་ནས་སྨན་བཅོས་བྱེད་ཐབས་བྲལ་བར་གྱུར་ཏེ་ཁོང་སྐུ་ཚེ་འདས་ཁར་ང་ལ་སྒྲ་སྙན་འདི་གནང་སྟེ། “བསྟན་འཛིན་་་་ཁྱེད་རང་གིས་ངེས་པར་དུ་སྒྲ་སྙན་འདི་ཉར་ཚགས་ཡག་པོ་བྱེད་ཨ། འདི་ང་ཚོའི་ཁྱིམ་གྱི་ནོར་བུ་ཡིན།”  ཞེས་ཞལ་ཆེམས་འཇོག་གནང་གིན་སྐུ་ཚེ་འདས་སོང༌། དེ་ནས་བཟུང་ངས་ཁྱིམ་གྱི་ནོར་བུ་ལྟར་གཅེས་ཉར་བྱས་པ་ཡིན། གནས་ཚུལ་དེ་དག་ལ་བརྟེན་ཨ་མ་སྒྲོལ་མ་ང་གཉིས་ཀྱིས་སྒྲ་སྙན་འདི་ལ་སྒྲ་སྙན་ནོར་བུ་ཞེས་འབོད་པ་ཡིན།” ཞེས་བརྗོད་པར་བུ་མོས། “ཨ་ཙི་མི་གཉིས་དེ་དེ་འདྲའི་སེམས་པ་གནག་པ་ལ།” ལབ་པར་ཨ་མ་སྒྲོལ་མས། “བུ་མོ། སྐབས་དེ་དུས་དེ་དྲའི་ལས་སླ་པོ་ག་པར་ཡོད་རེད། ང་ཚོར་སྙན་པའི་སྒྲ་སྙན་ཡོད་རུང་གཏོང་བའི་དབང་ཆ་རྦད་དེ་མེད་པ་བཟོས་སོང༌། འོན་ཀྱང་དེང་སྐབས་ྋགོང་ས་མཆོག་གི་བཀའ་དྲིན་གྱི་དྲོད་འཇམ་ཉི་གཞོན་ལ་བརྟེན་ནས་སླར་ཡང་བདེ་སྐྱིད་ཀྱི་མེ་ཏོག་ལན་བརྒྱར་བཞད་ཁ་ཕྱེ་ཐུབ་པ་བྱུང་བའི་གོ་སྐབས་བཟང་པོ་འདིར་ང་ཚོ་ནང་མི་གསུམ་ཡང་དགའ་སྤྲོར་མི་རོལ་ག་ལ་སྲིད། པཱ་ལགས་ཡིན་ད། མཉམ་གཞས་ལུང་བཟང་ལ།” ཕ་བསྟན་འཛིན་གྱིས་ཀྱང་དེ་སྔའི་ཁོང་ཁྲོ་དེ་རྣམས་རིམ་པས་འཛུམ་མདངས་སུ་བསྒྱུར་སྟེ་སྒྲ་སྙན་ནོར་བུ་སླར་ཡང་པང་དུ་བཟུང་ནས་སྟོད་གཞས་ལུང་བཟང་ལ་འཁྲབ། དེ་ལྟར་ཁོང་ཚོའི་ལོ་གསར་གྱི་བྱེད་སྒོ་རྣམས་དེ་བས་ཟབ་རྒྱས་སུ་གྱུར།
དེ་ནས་ལོ་གསར་གྱི་མཛད་རིམ་རྣམས་རྫོགས་ལ་ཉེ་བའི་ཉིན་ཞིག ཕ་བསྟན་འཛིན་གྱིས་བུ་མོ་དབྱངས་སྐྱིད་རང་གི་མདུན་དུ་སྐད་བཏང་སྟེ། “བུ་མོ་་་་ཁྱེད་ནི་ངེད་ཕ་མ་གཉིས་ཀྱིས་རེ་བ་བཅོལ་ས་དང༌། ཁ་ཆེམས་འཇོག་ས་དེ་ཡིན་པས་དེ་རིང་པ་ཕས་ཤི་ན་ཁ་ཆེམས་དང་མ་འཆི་བསླབ་བྱའི་སྐད་ཆ་གལ་ཆེ་ཤོས་དེ་ཤོད་རྒྱུ་ཡིན། ངའི་ཕ་དམ་པ་དང་བུ་མོ་རང་གི་སྤོ་ལགས་དམ་པ་དེས་ང་ལ་འཇོག་གནང་མཛད་པའི་སྒྲ་སྙན་ནོར་བུ་འདི་ནི། ད་བར་ང་རང་སེམས་པ་སྐྱིད་པའི་སྐྱིད་རོགས་དང་སྡུག་དུས་ཀྱི་སྡུག་རོགས། འདས་དང་ད་ལྟའི་ལོ་རྒྱུས་ཀྱི་དཔང་པོ་དང༌། གཉེན་ལ་ངོམ་རྒྱུ་དགྲ་ལ་འཕྱར་རྒྱུ་གང་ཟེར་ནའང་སྒྲ་སྙན་ནོར་བུ་འདི་ཡིན། དེ་རིང་འདི་ངས་ཁྱེད་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པས། མ་འོངས་བོད་ཀྱི་གླུ་གར་གྱི་རྒྱ་མཚོར་བུ་མོ་རང་གིས་ཆུ་ཐིགས་ཙམ་གྱིས་ཞབས་འདེགས་ཤིག་ཞུ་ཐུབ་པའི་རེ་བ་བྱ་རྒྱུ་ཡིན།” ཞེས་སྒྲ་སྙན་ནོར་བུ་དེ་བུ་མོར་གནང་བ་དང་སྦྲགས་བུ་མོས། “པཱ་ལགས་དང་ཨ་མ་ལགས་རྣམ་གཉིས་ཀྱིས་གུས་མོར་ཐུགས་རེ་གནང་བ་བཞིན་བུ་མོ་ངས་ཀྱང་སྒྲ་སྙན་ནོར་བུ་འདི་དང་དུས་ནམ་ཡང་ཁ་མ་བྲལ་བར་བོད་ཀྱི་གླུ་གར་སྒྱུ་རྩལ་ལ་ཞབས་འདེགས་བསྒྲུབ་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན།” ཞེས་ལོ་གསར་ཚེས་གསུམ་གྱི་ཉིན་མོ་དེར་བུ་མོས་སྒྲ་སྙན་ནོར་བུ་དེ་རང་གི་ལག་ཏུ་དམ་པོར་བཟུང་ནས་དགའ་སྐྱིད་ལྡན་པའི་གླུ་གཞས་གཏོང་གིན་འཛུམ་མདངས་རྒྱས་པའི་རྣམ་པའི་ཁྲོད་དུ་ལོ་གསར་པའི་དགའ་སྟོན་མཇུག་སྒྲིལ་ལོ། །

བུ་མོའི་ལས་དབང་སྟེ་མི་ཁའི་བསླུ་བྲིད།

སུ་ཇཱའི་སློབ་མ་ཚེ་རིང་སྐྱིད།

    སྤྱིར་འཇིག་རྟེན་འདིར་ཕ་མ་བུ་ཕྲུག་གི་བརྩེ་དུང་དང་སྤུན་ཟླ་དང་ཕུ་ནུའི་བརྩེ་དུང༌། དགེ་རྒན་དང་སློབ་མའི་བརྩེ་དུང་སོགས་བརྩེ་དུང་ལ་འདྲ་མིན་སྣ་ཚོགས་ཡོད་ཀྱང་ངས་འདིར་བརྗོད་པར་བྱ་བ་ནི་གཞོན་ནུ་ཕོ་མོ་གཉིས་ཀྱི་བར་དུ་བྱུང་བའི་ལྷད་མེད་དྭངས་གཙང་གི་བརྩེ་དུང་དེ་མི་ཁའི་བསླུ་བྲིད་འོག་རྨེག་མེད་དུ་བཏང་བའི་དངོས་དོན་མདོར་ཙམ་ཡིན། དེ་ནི་གྲོགས་མོ་ལྷ་མོའི་འདས་ཟིན་པའི་སྐྱོ་གར་ལ་ཐེངས་གཅིག་ཉན་རྗེས་མི་ཤེས་པའི་རྩོམ་རྩལ་དང་མི་ཉན་པའི་སྨྱུག་ཁ་རང་དབང་མེད་པར་དྲི་མེད་ཀྱི་ཤོག་དཀར་སྟེང་བསྒྱུར་དགོས་བྱུང༌།
ལྷ་མོ་ནི་ཆོལ་གསུམ་གྱི་ཡ་གྱལ་མདོ་སྨད་ས་ཡི་ཐིག་ལེ་བླ་བྲང་ཡངས་པའི་རྩ་ཐང་ཐོག་འཚར་ལོངས་བྱུང་བའི་བོད་རིགས་ཀྱི་བུ་མོ་ཞིག་ཡིན་ལ་རང་ལོ་བརྒྱད་ཀྱི་སྟེང་ནས་བཟུང་སློབ་གྲྭ་འགྲིམས་པའི་སྐལ་བ་ལྡན། ལོ་ཡི་འཁོར་མོ་མི་སྡོད་མདུན་ལ་བསྐྱོད་དེ་བགྲང་བྱ་དྲུག་གི་དུས་སྐབས་རྫོགས་ཤིང་སློབ་ཆུང་ནས་མཐར་ཕྱིན་ཏེ་སློབ་འབྲིང་ལ་ཞུགས་པའི་སྐབས་འདིར་ཟླ་དོན་ཟེར་བའི་སློབ་གྲོགས་དེ་དང་ཁོང་གཉིས་ཀྱི་ར་རོའི་སྙིགས་མ་མེད་པའི་སེམས་པ་ཆུང་ཆུང་གཉིས་ཆུ་དང་འོ་མ་འདྲེས་པ་བཞིན་གཞི་གཅིག་ཏུ་མཐུན་ཏེ་དུས་ཡུན་བགྲང་བྱ་གསུམ་གྱི་འཚོ་བའི་ཤུལ་ལམ་རིང་མོའི་ནང་གཅིག་གིས་གཅིག་ལ་འཚོ་བ་དང་སློབ་སྦྱོང་སོགས་གང་ཐད་ནས་རོགས་རམ་དང་ཐུགས་ཁུར་བྱེད་པ་གཞིར་བཞག་ནས་ཕན་ཚུན་སྐད་ཅིག་ཙམ་ཡང་བྲལ་མི་ཐུབ་པར་གྱུར་པ་མ་ཟད་ཁྱེད་མི་ཟ་ན་ངས་མི་འཐུང་དང་ཁྱེད་མི་དགའ་ན་ང་མི་བཤད་སོགས་སུས་ཀྱང་འགོག་ཐབས་བྲལ་བའི་ལྷད་མེད་བརྩེ་བ་མཁའ་ལ་འཕྱུར།
སྲིད་པ་རྒན་པོའི་ཁ་དཔེ་སྟེ། “འདོད་པ་བཙལ་ན་མི་རྙེད། །མི་འདོད་ཐོག་ཏུ་བབས་བྱུང༌། །” ཟེར་བ་ལྟར་འབྲལ་མེད་འཆིང་ཞགས་ཀྱིས་དམ་དུ་བཅིངས་པའི་ཁོང་གཉིས་འཛིན་གྲྭ་བཅུ་གཅིག་ལ་ཞུགས་པའི་དགུན་ཁ་དེར་ཞོ་བཞིན་ཆགས་པའི་བརྩེ་དུང་དེར་གློ་བུར་དུ་བར་ཆད་དྲག་པོ་ཞིག་བྱུང༌། ཉིན་དེ་ནས་བཟུང་ལྷ་མོ་ནི་བརྩེ་དུང་གི་ཕམ་ཁ་མྱངས་ནས་སྡུག་བསྔལ་གྱི་མགོ་བོ་མི་ཐེག་པའི་གཞོན་ནུ་མ་ཞིག་ཏུ་གྱུར།
འཇིག་རྟེན་གྱི་ཆོས་ཉིད་དང་སྔོན་བསགས་ཀྱིས་བཀོད་པའི་ལས་དབང་བཙན་པོ་ལ་སུ་ཡིན་ཡང་ལྡོག་ཐབས་བྲལ་བས་ལས་དབང་གི་བཀའ་བརྡ་གློ་བུར་བ་ཞིག་གིས་ཟླ་དོན་ནི་ལྷ་མོ་དང་ལ་ལུང་དུ་མས་ཆོད་པའི་འཕགས་ཡུལ་རྡོ་རྗེ་གདན་ལ་ཆས་འགོ་བརྩམས་ཤིང་སེམས་མེད་དུས་ཚོད་ཀྱིས་སེམས་ལྡན་མི་ཡི་འདོད་པ་སྐོང་མི་ཐུབ་པ་ལྟར་འཕགས་ཡུལ་ལ་འགྲོ་རྒྱུའི་བྱ་བ་འདི་སློབ་གྲོགས་སུ་ལའང་ཤོད་ཁོམ་མ་བྱུང་ལ་མོས་ཀྱང་ག་ལ་ཤེས། ཟླ་དོན་སློབ་ཁྲིད་ལ་མ་ཡོང་བར་ཉི་མ་འགའ་འགོར་ཞིང་ལྷ་མོ་ཡང་སེམས་མ་བདེ་བར་སུན་སྣང་གི་ངང་གནས་ཡོད་པའི་སྐབས་ཟླ་དོན་གྱི་གྲོགས་པོ་ཞིག་གིས་ཁོང་མོར་ཡི་གེ་ཞིག་སྤྲད། ལྷ་མོས་འཚབ་འཚུབ་ངང་ཡི་གེ་ཁ་ཕྱེ་དུས།
༄༅། །སྙིང་ནས་བརྩེ་བའི་གྲོགས་མོ་ལྷ་མོ་ལགས།
ཁྱེད་ཀྱིས་ཡི་གེ་འདི་ཀློག་མ་ཐག་ང་ལ་ཁྲེལ་མེད་ཅེས་བརྗོད་ངེས་མོད་འོན་ཀྱང་བླ་མའི་གསུང་དང་ཕ་མའི་བཀའ་ལ་ལྡོག་ཐབས་མེད་པས་ང་རང་ཧ་ཅང་རྒྱང་རིང་རྒྱང་རིང་གི་ཡུལ་གྲུ་ཞིག་ལ་ཆས་དགོས་བྱུང༌། ཁྱོད་ཀྱིས་སེམས་ཁྲལ་མ་བྱེད་པར་སྔར་བཞིན་སློབ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཅིག ལས་དབང་ཞིག་ཡོད་ན་་་༌། ཞེས་བྲིས་འདུག་པ་དང་ལྷ་མོས་ཡི་གེ་ཀློག་ཚར་དུས་ཤོག་བུ་ནི་སྔ་ས་ནས་མིག་ཆུ་ཡིས་རློན་པར་བཟོས་ཞིང་ད་གཟོད་མོ་བརྒྱལ་སོང་བ་མ་ཟད་སློབ་གྲོགས་ཕོ་མོ་ཡོངས་ཀྱིས་མཐའ་བསྐོར་ནས་་་༌།
དུས་ཚོད་ནི་སྲབ་མེད་ཀྱི་རྟ་ཕོ་བཞིན་མདུན་དུ་སྐྱོད་ཅིང་སླར་ཡང་དབྱར་གཞུང་གི་དུས་ཚིགས་དེ་སླེབས། ལྷ་མོ་ནི་ཟླ་དོན་མེད་པའི་ཉིན་དེ་ནས་བཟུང་སྨྲ་བ་ཉུང་ཞིང་སློབ་སྦྱོང་བྱ་འདོད་ཀྱི་འདུན་པ་མེད་པ་ཞིག་ཏུ་གྱུར་ཏེ་དུས་དང་རྣམ་པ་ཀུན་ཏུ་ཟླ་དོན་གྱི་རྗེས་བསྙེགས་ཏེ་འཕགས་ཡུལ་ལ་ཆས་རྒྱུ་ཁོ་ན་བསམས། ཉིན་ཞིག་སེམས་ཐག་གོར་མོ་རྡོ་ཡིས་བཅད་དེ་བདེ་ལྡན་གྱི་ཕ་ཡུལ་དང་དྲིན་ཆེན་གྱི་ཕ་མ། བརྩེ་ལྡན་གྱི་ཕུ་ནུ། ཐ་ན་རང་གི་མ་འོངས་མདུན་ལམ་སོགས་ཡོད་ཚད་ཀྱི་ཡོད་ཚད་དོར་ནས་ཟླ་དོན་གྱི་རྗེས་སུ་སྙེགས་འགོ་བརྩམས་ཤིང་ལམ་བར་དུ་དཀའ་སྡུག་ཡོད་ཚད་བཟོད་བསྲན་བྱེད་ཀྱིན་ལྷད་མེད་དྭངས་གཙང་གི་བརྩེ་དུང་ཞིག་གི་ཆེད་དུ་མི་རིགས་ཤིག་གི་ལས་དབང་བཅོལ་སའི་ལོ་རྒྱུས་ཀྱི་ལམ་ཕྲན་དེད་ནས་ཡོང་བས་མཐར་རྒྱ་གར་དྷ་རམ་ས་ལར་འབྱོར་ཙམ་བྱུང༌།
བརྩེ་ལྡན་གྱི་ཀློག་པ་པོ་ལགས། ཁྱེད་ཚོས་ཚོད་དཔག་ཅིག་གནང་དང༌། སྐབས་འདིར་ལྷ་མོར་རེ་བའི་འབྲས་བུ་སྨིན་ཏེ་ཡང་བསྐྱར་ཟླ་དོན་དང་མཉམ་འགྲོགས་བྱས་ཏེ་སྐྱབས་བཅོལ་གྱི་ཡུལ་འདིར་སེམས་ལ་བདེ་དྲོད་གསར་པ་ཞིག་ཐོབ་ཐུབ་བམ།
དེ་ནས་དུས་ཡུན་ཉིན་འགའ་ལས་མ་འགོར་བར་ཀུན་གྱི་སྙིང་ཁོང་ན་ཉི་མ་བཞིན་འཚེར་བའི་ྋསྤྱི་ནོར་ྋགོང་ས་མཆོག་གི་བཀའ་དྲིན་འོག་སུ་ཇཱ་སློབ་གྲྭར་འཛུལ་ཞུགས་ཐུབ་པ་བྱུང་ཞིང་ཟླ་དོན་དང་སླར་ཡང་མཇལ་རྒྱུའི་ཉི་མ་བྱུང་བས་སྤྲོ་བ་མི་སྐྱེས་པ་ག་ལ་སྲིད། ཡིན་ན་ཡང་གསང་གཏམ་དང་གསང་གཏམ་བརྒྱུད་དེ་གསང་གཏམ་གྱིས་སྐྱོན་གྱི་རྐྱལ་བ་ཞིག་དྲུད་ཡོང་རྒྱུ་ནི་འཇིག་རྟེན་གྱི་མི་ཕལ་མོ་ཆེའི་ཆོས་ཉིད་ཅིག་ཏུ་སྣང་བས་ལྷ་མོའི་ལམ་གྲོགས་ཚོས་ཀྱང་ཁོང་མོ་ལ་བདེན་མིན་གྱི་གཏམ་འདྲ་མིན་ལབ་ཀྱིན་འདུག་པ་མ་ཟད་གཏམ་ངན་འདི་ལབ་དོན་གཙོ་བོ་ཡང་ལྷ་མོའི་ལམ་གྲོགས་ཚོས་ལམ་བར་ནས་མོ་ལ་བརྩེ་མཚོན་གྱི་སྨྲ་བ་མང་པོ་བརྗོད་དེ་སེམས་པ་འགུག་ཐབས་བྱས་ཀྱང་མི་འགྱུར་གོར་མོ་རྡོ་ལྟར་སྲ་ཞིང་བརྟན་པའི་ཁོང་མོའི་སེམས་ནི་ནམ་ཡང་ཟླ་དོན་ལ་ཕྱོགས། དེའི་རྐྱེན་གྱིས་དུག་སྦྲུལ་གྱི་ལྕེ་རྩེ་གཡུག ངན་སེམས་ཀྱིས་གཏམ་འཆལ་བཤད་དེ་ཟླ་དོན་དང་ཁོ་གཉིས་ཀྱི་མཛའ་སེམས་མེད་པར་བཟོ་བསམ་པའི་ཇུས་ངན་འདི་ལག་ལེན་ཏུ་བསྟར་ཡོད་པ་མ་ཡིན་ནམ། མི་ཁ་ཟེར་བ་འདིས་འཇིག་རྟེན་གྱི་ཡོད་ཚད་བསླུ་ཐུབ་པར་གཞིར་བཞག་ན་ཟླ་དོན་ལྟ་བུའི་ཕོ་གསར་ཞིག་ནི་བསླུ་མི་ཐུབ་པ་ག་ལ་སྲིད། ད་རུང་ཟླ་དོན་གྱིས་རང་གི་དོན་དུ་ལྷ་མོས་འདི་ལྟ་བུའི་དཀའ་སྡུག་མྱོང་ཚུལ་ཆ་ཙམ་ཡང་ག་ལ་རྟོགས། མི་ཁ་དང་མི་ཁའི་བསླུ་བྲིད་འོག་ལྷ་མོ་སུ་ཇཱའི་དགའ་ཚལ་དུ་འབྱོར་བའི་ཉིན་གཉིས་པར་ཟླ་དོན་གྱིས་འཕྲིན་ཡིག་ཅིག་སྤྲད་པའི་ནང་དོན་ནི།
༄༅། །གྲོགས་མོ་ལྷ་མོ་ལགས།
ཁྱེད་ཀྱང་ང་ལྟར་འདི་ག་བཙན་བྱོལ་དུ་འབྱོར་བར་ང་རང་ཧ་ཅང་དགའ་ཞིང་ལམ་བར་གྱི་དཀའ་ངལ་སོགས་ཞིབ་དུ་དཔྱད་དེ་སློབ་ལ་བརྩོན་རྒྱུ་གལ་ཆེ། འུ་གཉིས་ནི་གནས་འདིར་ཡུལ་གཅིག་གི་འབྲེལ་བ་ཙམ་ལས་སྔར་གྱི་བྱ་བ་ཐམས་ཅད་བརྗེད་པར་གྱིས། ཟླ་དོན་ནས། ཞེས་བྲིས་འདུག་པའི་ནང་དོན་ཚང་མ་ལྷ་མོས་བལྟས་མ་ཐག་ལྷ་མོ་ནི་ཕ་མ་དང་སྤུན་ཉེ་དྲན་པའི་སྡུག་བསྔལ་དང༌། ད་ལྟ་བར་ཡོད་ཚད་ཟླ་དོན་ལ་རེ་བ་བཅོལ་བའི་འགྱོད་པ་སོགས་ཀྱིས་རབ་ཏུ་གདུངས་ནས་སུ་ཇཱའི་དགའ་ཚལ་འདི་ན་ཇི་འདྲ་ཞིག་ཆགས་ཡོད་པ་ཚང་མས་མཁྱེན་གསལ་བཞིན་ཁོ་མོས་ང་ལ་ངུ་ངག་གི་གདངས་ལས་བརྗོད་པའི་སྡུག་གཏམ་ནི་དུས་ནམ་ཡང་ང་ཚོས་ཁོང་མོ་ལ་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་མ་ཡིན་ནམ།
མཇུག་ཏུ་མཁྱེན་ལྡན་ཡངས་པའི་ཀློག་པ་པོ་ཚོ། ཁྱེད་ཚོས་བསམ་བློ་ཞིག་ཐོངས་དང༌། ལྷ་མོས་ཟླ་དོན་ཁོ་ནའི་ཆེད་དུ་ཡོད་ཚད་རྒྱང་དུ་དོར་ཞིང་དཀའ་སྡུག་ཐམས་ཅད་ཕྲག་དུ་བླངས་ནས་ཁོ་པ་ཁོ་ན་བསམས་ཏེ་ཡོང་བར་གཞིགས་ན་ལམ་བར་གྱི་མི་ཁ་འདི་དག་བདེན་པའི་བསམ་ཚུལ་ཡོད་དམ།     བརྩམས་སྒྲུང་འདི་རང་དབང་མེད་པར་འབྲི་དགོས་བྱུང་བ་ནི་མི་ཁ་ཟེར་བ་དེས་འདི་དང་འདི་འདྲའི་དེང་རབས་ཀྱི་གཞོན་ནུ་ཕོ་མོ་མང་པོ་སྡུག་བསྔལ་གྱི་གཡང་ལ་གཡུག་བཞིན་པའི་བྱེད་པོ་ལྟ་བུ་ཞིག་ཡིན་པ་ཤེས་ཤིང༌། ཕོ་གསར་ཚོར་དགོས་པ་ནི་རྒྱུ་ནོར་གྱི་བརྩེ་དུང་ཡིན་ལ་མོ་གསར་ཚོར་དགོས་པ་ནི་ཚེ་གང་གི་དུང་སེམས་ཡིན་པའང་གཞི་ནས་རྟོགས།

སྔོན་གླེང༌།  

བརྩམས་སྒྲུང་ཕྱོགས་བསྒྲིགས། སྡེ་ཚན་གཉིས་པ།

གངས་ལྷ་མེ་ཏོག་གི་ལས་དབང༌།

སྤོ་ཆུང་ཚང་དོན་གྲུབ་ལྷ་དར།

    ལྟ་ན་སྡུག་ལ་བསིལ་ཟེར་གྱི་འོད་མདངས་འཕྲོ་བའི་མེ་ཏོག་ཁེར་སྐྱེས། ཁྱེད་ཀྱི་ལྟེ་ཁྲག་འཕོ་སའི་གངས་ལྗོངས་སྒེག་མོ་ནི་ཡངས་ཤིང་མཛེས་སྡུག་གི་དཔལ་འབར་བའི་དྲི་མེད་ཀྱི་མེ་ལོང་དཀར་གཙང་ཞིག་རེད་མོད། འོན་ཀྱང་ཁྱེད་རང་གི་གདོང་ལ་ལྷན་འཛོམས་དང་ཁེར་རྐྱང་གི་འཛུམས་མདངས་དང་སྐྱོ་བའི་ལྷག་རླུང་གྲང་མོ་འུར་འུར་དུ་ལྡང་ཚེ་སྐྱེད་མའི་ཕང་པ་རུ་སྒེག་ཉམས་དང་ཁྲོ་བའི་རྣམ་འགྱུར་བསྟན་པའི་ཞོགས་དུས་ཀྱི་དལ་ཁོམ་དང་རང་དབང་ཡེ་ནས་མེད་པར། ལང་ཚོའི་འབྱུང་ཁམས་མི་སྙོམ་པའི་ཚ་རླབས་དྲག་ཏུ་འཚུབ་པའི་གྲུ་ཁ་གསར་པ་འདིར་ཨུ་ཚུགས་དང་ཨུ་ཚུགས་ཤིག་གིས་འབྱུང་འགྱུར་དང་འབྱུང་འགྱུར་གྱི་རྣམ་ཤེས་འཚོལ་དོན་ཅི། རེད་ཡ། ཕྱི་ལོ་ང་གཅིག་ལོ་ནས་གླ་བ་ནག་པོས་ཁྱེད་ཀྱི་གཅེས་པའི་ཕ་ས་མུན་ནག་ནས་མུན་ཏུ་དཀྲུགས་པས། མཆེ་དུག་ངར་མའི་ཁ་རླངས་ལས་ཁྱེད་ཀྱང་རྒྱུས་མེད་ཀྱི་འཇིག་རྟེན་གཞན་ཞིག་ཏུ་བསྐྱུར། དེ་ནས་བཟུང་ཁྱེད་རང་གི་སྡོང་ལོའི་གསེབ་ན་འཇིགས་སྣང་དང་བསྐྱར་དྲན་སྡེབ་པའི་རྟོག་འཆར་མག་མོག་ཅིག་གིས་གདོད་མའི་སྐྱེད་ཚལ་དེར་སླར་ཡང་གསོན་སྙིང་འདོད། ཁོ་བོའི་འདབ་ལོའི་ཆ་ཤས་རེ་རེར་སྐྱེས་དངོས་ས་ཡ་དྲུག་གི་ཚེ་སྲོག་གི་ཟུངས་ཁྲག་ལས་བསྐྲུན་པའི་ལྗང་མདོག་གི་འཇིག་རྟེན་རེ་རེ་མཆིས། ད་དུང་ཁོང་དང་ཁོ་པའི་ཕྱོགས་གཏོགས་ལྗང་བུ་ཀུན་གྱི་དྲན་པའི་ཟེ་འབྲུ་དཀའ་སྡུག་གི་ལོ་ཟླའི་སད་དང་སེར་བས་ཡང་ཡང་བརྡུངས། འོན་ཀྱང་གངས་ལྷ་མེ་ཏོག་ནི་བག་ཁུམ་མེད་པར་ཞི་བདེའི་སྤྲིན་དཀར་ཀྱིས་མགོ་འཕང་ཇེ་མཐོ་དང༌། དྲང་བདེན་གྱི་སྡོང་རྩ་ནི་ཇེ་ཟབ་ཏུ་འགྲོ་བཞིན་རབ་དགའི་དྲི་ངད་གོ་ལའི་ཁྱོན་ལ་མུ་མེད་དུ་ཁྱབ་བཞིན་པ་འདིས་གངས་དཀར་ལྷ་མོའི་ཚེ་སྲོག་ནམ་ཡང་ཡལ་བ་མེད་པར་མཚོན།

སྐྱ་ག་ཁྲ་མོ་དང་ཁང་བྱིའུ་གཏེ་པོ།

མ་སུ་རི་སློབ་དགེ་བུ་མོ་ཚེ་རིང་ལྷ་མོ།

    གནའ་སྔ་མོ་ཁང་བྱིའུ་གཏེ་པོ་ཞེས་པ་ཞིག་ཡོད་པ་དེས་ག་དུས་ཡིན་ནའང་བྱིའུ་གཞན་ཚོས་རང་གི་ཚང་ནང་གསོག་འཇོག་བྱས་པའི་འབྲུ་རིགས་རྣམས་རྐུ་མ་རྒྱག་པ་དང་གྲོང་ཁྱིམ་དུ་ཡོད་པའི་མི་ཚོས་ཕྱུ་ར་དང་འབྲུ་རིགས་སྐམ་ཏེ་བཞག་ཡོད་པ་དེ་དག་ནས་ཀྱང་རྐུ་མ་བརྒྱབ་སྟེ་འཚོ་བ་སྐྱེལ་གྱི་ཡོད་པས་མ་ཚད། ལ་ཕུག་དང་སྔོ་ཚོད་སྐམ་བཞག་ཡོད་པའི་ནང་བྱ་སྐྱག་བཏང་སྟེ། སྔོ་ཚལ་འདི་འདྲ་གང་ནས་བཟས་བཟས་རེད་ཞེས་ཤོད་ཀྱི་ཡོད། ཡང་སྟོན་གྱི་དུས་སུ་འབྲུ་རིགས་སྨིན་པའི་སྐབས་ལ་ཁོས་སྙེ་མ་ཚང་མ་སྟོང་པ་བཟོ་ཡི་ཡོད་ལ་ད་དུང་ཤེད་ཤུགས་ངོམས་ཏེ་སྙེ་མའི་རྩེར་འཛེགས་ནས། ཅིའུ་ཅིའུ། ཞིང་འདི་ཚོ་ངས་ག་ཚོད་བཅག་བཅག་རེད་ཅེས་འུད་ཤོབ་ཤོད་ཀྱི་ཡོད་པས་མི་དང་བྱ་བྱིའུ་ཚང་མས་ཁོ་ལ་དགའ་པོ་བྱེད་ཀྱི་མེད། གནས་ཚུལ་དེ་དག་ཉིན་ལྟར་སྐྱ་ཀ་ཁྲ་མོས་བྱ་རྒྱལ་ལ་སྙན་སེང་ཞུས་པས། བྱ་རྒྱལ་གྱིས་ཉིན་གཅིག་བྱ་དམངས་ཀྱི་ཁྲོད་དུ་ཁང་བྱིའུ་གཏེ་པོ་བཀུག་སྟེ་བསླབ་བྱ་ནན་པོ་བྱས་པ་མ་ཟད། ད་ཕྱིན་ཆད་སྔོན་གྱི་བྱ་ངན་འདིའི་རིགས་མུ་མཐུད་བྱས་པ་ཡིན་ན་བྱ་རིགས་གཞན་རྣམས་ལ་ཐག་ཞོར་སྦྲེང་དྲུད་ཡོང་རྒྱུ་ཡིན་པས་ཁྱོད་ཀྱི་བྱ་སྤུ་ནམ་མཁར་གཏོར་རྒྱུ་དང་ཤ་རུས་དྲག་དཔོན་ཁྲ་ཆེན་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། སྐབས་དེར་ཁང་བྱིའུ་གཏེ་པོ་བྱ་དམངས་ཀྱི་ཁྲོད་ངོ་ཚ་ཁ་སྐྱེངས་བྱུང་ནས་སྙིང་ནད་དེ་སྐྱ་ཀ་ཁྲ་མོར་བཟུང་སྟེ་གོ་སྐབས་ནམ་བྱུང་རུང་འཁོན་ལན་ཞིག་སློག་རྒྱུའི་སེམས་ཐག་བཅད། ཉིན་གཅྀག་སྐྱ་ཀ་ཁྲ་མོ་ཚང་ལ་མ་བསྡད་པའི་སྐབས་དང་བསྟུན་ནས་སྐྱ་ཀའི་ཚང་ནང་འཛུལ་ཏེ་གསོག་འཇོག་བྱས་པའི་ཟས་རིགས་རྣམས་ནས་ཟ་གང་ཐུབ་བཟས་པ་དང་ལྷག་འཕྲོ་རྣམས་གང་སར་གཏོར། ཚ་སོབ་སོབ་ཡོད་པའི་ཚང་དེ་བཤིག་སྟེ་ཤིང་ཧྲུག་རྣམས་ཕར་གཏོར་ཚུར་གཏོར་བཟོས་པས་མ་ཚད་ཚང་ཤུལ་དེར་བྱ་སྐྱག་ཆེ་ཐག་ཆོད་ཅིག་བཏང་ནས། ད་ནི་འཁོན་ལན་ལེན་ཐུབ་སོང་སྙམས་ཏེ་སླར་གནས་འདིར་ལོག་ཡོང་རྒྱུ་མིན་པའི་དམ་བཅའ་བྱས་ཏེ་གྲོང་ཚོ་གཞན་ཞིག་ལ་བྲོས་ཕྱིན་པ་རེད།
    ཁོ་བྲོས་བྲོས་ནས་གང་ཙམ་ནས་ཙོང་ཞིང་ཞིག་གི་ནང་ཙོང་སྔོ་ཐིང་ཐིང་སྐྱེས་ཡོད་ས་ཞིག་ཏུ་སླེབས་སྐབས་ཁོ་པས། སྐྱག་དྲི་བྲོ་བའི་ཙོང་རྣམས་ང་ལ་ཉོན། གལ་ཏེ་སྐྱ་ཀ་ཞིག་གིས་ངའི་སྐོར་དྲིས་བྱུང་ན་ཁ་གོག་བཙུམ་སྟེ་བསྡད་ན་ཁེ་བཟང་ཆེ། དེ་མིན་ཁ་མང་ན་རྩ་བ་དགོག་རྒྱུ་ཡིན། ཞེས་བཤད་དེ་འཕུར་ཕྱིན་པས་ཙོང་རྣམས་ཁོང་ཁྲོ་ཧ་ཅང་ཆེན་པོ་ལངས་ཀྱང་བྱ་ཐབས་མ་བྱུང་བར་ལུས། དེ་ནས་ཁོ་འཕུར་ཏེ་ཉུང་མ་ཡོད་ས་དང་དེ་ནས་རི་ཤིང་ཡོད་ས། དེ་རྗེས་ཡང་གྲོང་ཚོ་གཞན་ཞིག་ཏུ་སླེབས་ཏེ་དེར་བྱིའུའི་ཚོགས་ཡོད་སར་སླེབས་སྐབས་ཚང་མར་སྔར་ཙོང་ལ་བཤད་པ་ལྟར་རྫིག་གཏམ་གང་མང་ལབ་པས་ཚང་མ་ཁོ་པར་མི་དགའ་བ་ཆགས།
རྒྱུན་ཏུ་གཤོག་རྩལ་མེད་པའི་བྱིའུ་གཏེ་པོ་ཐེངས་འདིར་ཐག་རིང་ཡུལ་ཏུ་འཕུར་སྐྱོད་བྱེད་དགོས་བྱུང་བར་བརྟེན་དཀའ་ལས་ཁག་དྲགས་པའི་རྐྱེན་གྱིས་གཉིད་ལ་ཤོར། སྐྱ་ཀ་ཁྲ་མོ་རང་གི་ཚང་ལ་ལོག་ཡོང་སྐབས་རང་གིས་དཀའ་ལས་བརྒྱབ་ནས་བཟོས་པའི་ཚང་སྐྱིད་པོ་དེ་ཐེར་ཚལ་འབའ་ཚལ་བཟོས་ཡོད་པ་མ་ཟད་གསོག་འཇོག་བྱས་པའི་ཟས་རིགས་རྣམས་ཀྱང་གང་སར་གཏོར་ཡོད་པ་དང་ཚང་ཤུལ་དེར་བྱ་སྐྱག་ཆེ་ཐག་ཆོད་ཅིག་བཏང་ཡོད་པ་སོགས་ལས་ངན་འདི་བཟོ་མཁན་ཁང་བྱིའུ་གཏེ་པོ་ཁོ་ཡིན་པ་ཐག་ཆོད། ད་རེས་ཁོ་ཐར་པར་མི་གཏོང་སྙམ་ཏེ་ལམ་སེང་དེ་ནས་ཐོན་ཏེ་ཁོ་འཚོལ་བར་བསྐྱོད།
སྐྱ་ཀ་ཁྲ་མོ་ཙོང་ཞིང་སྔོ་ཐིང་ཐིང་ཡོད་ས་དེར་སླེབས་པ་དང་སྦྲགས། ཙོང་ཞེས་པའི་སྨྱུག་མའི་སྡོང་པོ་འདྲ་བ་ལགས། ད་གིན་ཁང་བྱིའུ་གཏེ་པོ་ཞིག་གཟིགས་ལ་ཨེ་བྱུང༌། ཞེས་དྲིས་པར། ཙོང་རྣམས་ཀྱིས་དྲི་བ་དེ་ཐོས་པ་དང་ལམ་སེང༌། ད་གིན་ང་ཚོར་ངན་སྨྲས་བྱེད་མཁན་ཁོ་འཛིན་མཁན་ཡིན་པ་འདྲ་འདུག་སྙམས་ནས་ཁ་གཅིག་གྲགས་ཀྱིས། ཁོས་ང་ཚོར་མ་ཤོད་ཟེར་བྱུང༌། འོན་ཀྱང་ཁྱེད་ཀྱིས་ང་ཚོར་ཚུལ་མཐུན་བཀའ་དྲི་གནང་ཙང་མ་ཞུས་ན་ག་ནས་འགྲིག ཁོ་དེ་ནས་མར་སོང༌། དེ་ནས་མར་སོང་ཞེས་ལམ་བསྟན། དེ་ནས་མར་ལ་སོང་བས་གང་ཙམ་ནས་ཉུང་མ་ཡོད་ས་དེར་སླེབས་ཏེ། ཞལ་རས་དམར་ལ་མཛེས་པའི་ཉུང་མ་ལགས། ཁང་བྱིའུ་གཏེ་པོ་ཞིག་གཟིགས་ཨེ་བྱུང་ཞེས་དྲིས་པར་ཉུང་མ་དེ་རྣམས་ཀྱིས་ལམ་སེང༌། ཙོང་གིས་ལབ་པ་ལྟར་བཤད་ནས་ལམ་བསྟན། དེ་ནས་སྐྱ་ཀ་འཕུར་ཏེ་སོང་བས་གྲོང་ཚོ་ཞིག་ཏུ་སླེབས། གྲོང་ཚོ་དེའི་ཁང་པའི་ཐོག་ཁར་བྱ་བྱིའུ་མང་པོ་འཛོམས་ཏེ་གླེང་མོལ་སྣ་ཚོགས་བྱེད་ཀྱི་ཡོད་པ་མཐོང་བས་སྐྱ་ཀའི་སེམས་ལ་བྱིའུ་གཏེ་པོ་ཁོ་དེ་ཚོའི་ཁྲོད་དུ་མེད་དམ་སྙམས་ནས་བལྟས་ཀྱང་མ་མཐོང༌། སྐྱ་ཀས། གླུ་དབྱངས་སྙན་པའི་བྱ་ཚོགས་ལགས། ཁོ་ཁང་བྱིའུ་གཏེ་པོ་གཟིགས་ཨེ་བྱུང་ཞེས་དྲིས་པར། བྱ་རྣམས་ཀྱིས་སྤྱོད་ངན་བྱིའུ་ཁོ་འཛིན་བཟུང་བྱེད་མཁན་རེད་འདུག་སྙམས་ནས། ཁོས་ང་ཚོར་མ་ཤོད་ཟེར་བྱུང༌། ཁྱེད་ཀྱིས་ང་ཚོར་ཞེ་ས་གནང་ཙང་གོང་ལའི་འོག་ལ། གོང་ལའི་འོག་ལ་ཞེས་བསྟན་པས་སྐྱ་ཀས་ཁོ་གོང་ལའི་འོག་ནས་ལས་སླ་པོའི་ཐོག་འཇུ་བཟུང་བྱས་ཏེ་འཁྲིད་ཕྱིན། ལམ་བར་དུ་རི་ཤིང་དང་ཉུང་མ། ཙོང་སོགས་ཀྱིས་ཁོ་ལ། འུད་ཤོབ་བཤད་ན་ཡོང་རྒྱུ་དེ་རེད་ཅེས་སྙིང་འཚིམས་བརྒྱབ། ཁོ་གཉིས་བྱ་རྒྱལ་གྱི་སར་སླེབས་ནས་སྐྱ་ཀ་ཁྲ་མོས་གནས་ལུགས་རྣམས་བྱ་རྒྱལ་ལ་ཞུས་པས་བྱ་རྒྱལ་གྱིས་གནས་ཚུལ་བརྟག་དཔྱད་བྱས་རྗེས་བཀའ་གཏོང་ཐེངས་གཅིག་ལ་བྱ་དམངས་ཀྱིས་རུབ་བརྒྱབ་ནས་ཁོའི་བྱ་སྤུ་ཚང་མ་བཏོག་པ་མ་ཟད་མཐར་ཁོ་དྲག་དཔོན་ཁྲ་ཆེན་ལ་རྩིས་སྤྲོད་བྱས་པ་རེད།

བློ་རྩེ་གཉིས་ལྡན་གྱི་བྱི་ལ་དོམ་ཆུང༌།

སུ་ཇཱ་སློབ་བུ་བསོད་ནམས་བཟང་པོ།

    ཕྱི་ལོ་ ༡༩༥༩ ལོའི་དབྱར་དུས་ཤིག་ལ་ཡུན་རིང་ཞི་བདེར་ལོངས་སུ་སྤྱོད་བཞིན་ནམ་ཡང་འཚེ་བ་བྱེད་མྱོང་མེད་པའི་བྱི་ལ་དོམ་གྱི་ཕ་ཡུལ་བསིལ་ལྡན་གྲོང་ཚོར་གློ་བུར་སྤྱད་ཀིའི་ཇག་ཚོགས་ཤིག་སླེབས་ནས་བྱི་ལ་དོམ་རྣམས་རང་གི་ལུང་པར་སྡོད་བཟོད་མི་བདེ་བ་བཟོས་པ་མ་ཟད་ད་དུང་རིམ་པས་གསོད་རྡུང་གི་ལས་ངན་བརྩམས་པར་བརྟེན་བྱི་ལ་དོམ་གཟུགས་གཞི་ཐང་བ་རྣམས་བྲོས་བྱོལ་དུ་བསྐྱོད་པ་དང་དེ་མིན་ཆུ་ལ་མཆོངས་པ་སོགས་མང་པོ་ཞིག་རང་ཤི་རྒྱག་དགོས་བྱུང་བའི་གནས་ཚུལ་ཐབས་སྡུག་འདི་ལྟ་བུ་ཞིག་ཕྲད་སྐབས་དེ་བས་མང་པོ་ཞིག་ཅི་བྱེད་འདི་བྱེད་མི་ཤེས་པའི་སྐབས་དེར་བྱི་ལ་དོམ་རྒད་པོ་བཀྲ་ཤིས་ཀྱིས། ད་ནི་སྔར་སྲིད་པ་ཆགས་དུས་ནས་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཉམས་དགའ་བའི་བསིལ་ལྡན་གྲོང་ཚོ་འདི་ད་ཆ་བྱམས་དང་སྙིང་རྗེ་མི་ཤེས་པའི་སྤྱང་ཀིའི་ཚོགས་དེ་དག་གིས་མིང་ཙམ་མ་ལྷག་པར་བཅོམ་པར་འདུག་སྙམ་ནས་ཡིད་ལ་དངངས་འཚབ་ཆེས་ཆེར་སྐྱེས། བྱི་ལ་དོམ་རྒད་པོ་བཀྲ་ཤིས་ནི་ཐབས་ཤེས་ལ་མཁས་པ་ཞིག་ཡིན་པ་མ་ཟད་མིག་རྒྱང་རིང་པོར་གཟིགས་ཐུབ་མཁན་ཞིག་ཀྱང་ཡིན་པས། རང་ཉིད་ཀྱི་སེམས་སུ། གནས་སྐབས་རིང་ཇག་ཚོགས་འདི་ཚོའི་མཆེ་བའི་འོག་ནས་ང་ཚོ་ཐར་ཐབས་དཀའ་ལ་བྱི་ལ་དོམ་གྱི་གྲངས་འབོར་ནི་ཁོ་ཚོར་བསྡུར་ན་ཧ་ཅང་ཉུང་ཉུང་ཡིན་པས་དགྲ་ལ་དྲག་པོའི་དམག་འཐབ་བྱས་ཀྱང་མཐར་རྒྱལ་ཁ་ཤོར་རྒྱུ་ལས་མེད། དེ་ལས་གསར་སྐྱེས་ཀྱི་བྱི་ལ་དོམ་ཆུང་འདི་ཚོར་རེ་བ་ཞིག་བྱས་ནས་ཁོང་ཚོར་ལམ་སྟོན་ཞིག་བྱེད་ཐུབ་ན་མ་འོངས་པར་ཁོང་ཚོ་ཆེན་པོ་ཆགས་རྗེས་ཏན་ཏན་རང་ཡུལ་བསྐྱར་ལེན་ཐུབ་ངེས་རེད་སྙམ་ནས་བློ་སེམས་ཅུང་བདེ་བར་གྱུར།
དེ་ལྟར་ལོ་དང་ཟླ་བ་གང་ཙམ་སོང་རྗེས་སྤྱང་ཚོགས་ཀྱི་བཙན་གནོན་ཅུང་ཟད་ལྷོད་དུ་བཏང་རྐྱེན་བྱི་ལ་དོམ་ཚོར་ཕྲན་བུའི་གུ་ཡངས་ཐོབ་རྗེས་ཀྱི་དགོང་མོ་ཞིག བྱི་ལ་དོམ་བཀྲིས་ཀྱི་ནང་མི་རྣམས་དགོང་ཟས་ཟ་སྐབས་ཁྱིམ་མཚེས་ཨ་མ་རི་བོང་བློ་ལྡན་ལགས་དེར་ཡོང་སྟེ། དེང་སྐབས་ལ་མོའི་རྒྱབ་ཀྱི་ཚ་ཟེར་གྲོང་ཚོར་བྱི་ལ་དོམ་གྱི་སྒྲིག་འཛུགས་དང་སློབ་གྲྭ་ཡོད་པ་མ་ཟད་སློབ་དགེ་ཡང་བྱི་ལ་དོམ་རང་ཉིད་ཀྱི་མཁས་པ་ཡིན་ལུགས་བརྗོད་པ་དེ་ནི་བྱི་ལ་དོམ་བཀྲིས་ལ་གཏམ་བཟང་རྣ་བའི་བདུད་རྩི་ལྟ་བུར་གྱུར་ཏེ་དགའ་སྤྲོ་འབུམ་གྱིས་འཚིམས། དེའི་དགོང་མོ་བྱི་ལ་དོམ་རྒད་པོ་བཀྲིས་ཀྱིས་རང་གི་བཟའ་ཟླར། ང་ཚོའི་བུ་བྱི་ལ་དོམ་ཆུང་ཚ་ཟེར་གྲོང་ཚོའི་སློབ་གྲྭ་དེར་ངེས་པར་དཀའ་ངལ་འཛེམས་མེད་ཀྱིས་གཏོང་ཐུབ་པ་བྱེད་དགོས་ལུགས་བཤད་པ་བཞིན་གྲོས་མོལ་བྱུང་སྟེ་བུ་ལ་ཡང་སློབ་གྲྭ་དེར་སློབ་སྦྱོང་བྱེད་དགོས་པ་དང་དེའི་དགེ་མཚན་བཅས་རེ་རེ་བཞིན་བརྗོད་དེ་སང་ཉིན་དེ་རང་ལ་ཚ་ཟེར་གྲོང་ཚོར་གཏོང་རྒྱུ་ཐག་གཅོད་བྱས་སོ། །
སང་ཞོགས་སྔ་པོར་བྱི་ལ་དོམ་རྒད་པོ་བཀྲིས་ཀྱིས་རང་གི་ཕྲུ་གུ་མལ་ལས་བསླངས་ཤིང་ཨ་མས་ཞོགས་ཟས་བྱིན་རྗེས་ཕྱིར་ཐོན་རྒྱུའི་གྲ་སྒྲིག་བྱས། འགྲོ་ཁར་བྱི་ལ་དོམ་ཨ་མས་རང་གི་ཕྲུ་གུར། ལམ་བར་གཟུགས་པོར་བདག་གཅེས་དང་གྲུང་པོ་བྱེད་དགོས་ཚུལ་ལ་སོགས་པའི་སློབ་སྟོན་རྫོགས་རྒྱུ་མེད་པ་བྱེད་ཀྱིན་བྱི་ལ་དོམ་ཆུང་གི་མགོ་བོར་བྱིལ་བྱིལ་བྱས་ནས་སྨྱུག་རྩ་གང་ཙམ་ཞིག་སྤྲད་དེ། འདི་ལམ་ཟས་ཡིན་ཞེས་དང༌། བྱི་ལ་དོམ་ཕ་རྒན་བཀྲིས་ཀྱིས་གང་ཙམ་བར་སྐྱེལ་དུ་བསྐྱོད། ལམ་བར་དུ་བྱི་ལ་དོམ་ཕ་རྒན་བཀྲིས་ཀྱིས། རྩ་བའི་བུ་རང་ཕ་མ་རྒན་འཁོགས་གཉིས་དང་རང་ཡུལ་བཞག་ནས་འགྲོ་འདོད་མེད་ངེས་ལ་ངེད་གཉིས་ལའང་ཁྱེད་མེད་ན་མེད་ཐབས་མེད་པ་ཞིག་ཡིན། འོན་ཀྱང་ད་ལྟའི་ཆར་ཁྱེད་ཚོ་བྱི་ལ་དོམ་གཞོན་སྐྱེས་རྣམས་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་རྒྱུ་དེ་ནི་དེ་བས་གལ་ཆེ་བ་མ་ཟད་བུ་རང་གིས་སེམས་ལ་དུས་རྟག་ཏུ་འཇོག་དགོས་པ་ཞིག་ཡོད་པ་དེ་ནི། རང་ཉིད་བྱི་ལ་དོམ་ཡིན་པས་ང་ཚོ་བྱི་ལ་དོམ་གྱི་སྐད་ཡིག་རིག་གཞུང་དང་བཅས་པ་ཡག་པོ་ཤེས་པ་བྱེད་དགོས། དེ་མ་ཤེས་པར་ཕྱིར་བསིལ་ལྡན་གྲོང་ཚོར་ལོག་ཡོང་ན་སྲོག་ཆགས་གཞན་ཚོས་དགའ་པོ་བྱེད་ཀྱི་མ་རེད་ལ་ངེད་ཕ་མ་གཉིས་ལ་ཡང་བློ་ཕམ་ཡོང་རྒྱུ་ལས་མ་འདས་པས་དེ་དོན་ཁྱེད་ཀྱིས་ཤུགས་སྣོན་རྒྱག་དགོས། ཅེས་སློབ་སྟོན་བྱེད་ཀྱིན་འགྲོ་སྐབས་རི་བོ་ཤི་གསོན་གངས་ལའི་སྟེང་ཚ་ཟེར་གྲོང་ཚོའི་ཕྱོགས་སུ་འགྲོ་མཁན་བྱི་ལ་དོམ་གཞན་མང་པོ་ཐུག་པ་ཁོང་ཚོར་བྱི་ལ་དོམ་ཆུང་མཉམ་དུ་འཁྲིད་རོགས་ཞེས་མངགས་ཏེ་ཕ་བུ་ཁ་བྲལ་ཏེ་རང་རང་གི་གནས་སུ་མདུན་སྐྱོད་བྱས་སོ། །
བྱི་ལ་དོམ་ཆུང་གིས་ལམ་བར་ལྕང་ལོ་ཟས་སུ་བསྟེན་པ་དང་ཆུ་འཁྱགས་སྐོམ་ལ་བསྟེན་ནས་དཀའ་ངལ་ཁྱད་བསད་ཀྱིས་རྫ་རི་དང་སྤང་རི་སོགས་མང་པོ་ཞིག་འགྲིམས་མཐར་ཟླ་བ་གཅིག་ཙམ་གྱི་རྗེས་གཞི་ནས་ཚ་ཟེར་གྲོང་ཚོར་སླེབས་ཙམ་བྱུང༌། དེ་ནས་བཟུང་བྱི་ལ་དོམ་ཆུང་གིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཕ་མའི་བསླབ་བྱ་རྣམས་སེམས་ལ་བཅངས་ནས་བྱི་ལ་དོམ་གྱི་སྐད་ཡིག་གཙོ་བོར་གྱུར་བའི་ཕྱི་ནང་གི་ཤེས་ཡོན་ལ་སྦྱང་བརྩོན་ལྷོད་མེད་བྱས་པར་འབྲས་བུ་ཡང་ཕུལ་དུ་བྱུང་བ་ཐོབ་མུས་ཀྱི་སྐབས་ཤིག་ལ། རང་གི་འཛིན་གྲོགས་མང་པོ་ཞིག་གིས་བྱི་ལ་དོམ་གྱི་སྐད་ཡིག་ཡག་པོ་ཤེས་ཀྱི་མེད་རུང་ད་དུང་དེ་དག་ལ་སྦྱང་བརྩོན་མི་བྱེད་པར་སྐྲ་སེར་སྤྲེའུའི་སྐད་ཡིག་ཁོ་ནར་ཨུ་ཚུགས་ཀྱིས་སྦྱོང་བ་ལས་བྱི་ལ་དོམ་གྱི་སྐད་ཡིག་ལ་དོ་སྣང་བྱེད་ཀྱི་མེད་པ་དེ་དག་མཐོང་སྐབས་རང་ཉིད་ཀྱི་ཕ་མས་བྱི་ལ་དོམ་གྱི་སྐད་ཡིག་ལ་སློབ་སྦྱོང་ཧུར་བརྩོན་བྱས་ན་ཕུགས་རེ་ཆེན་པོ་ཡོད་སྐོར་གྱི་བསླབ་བྱ་གནང་བར་ཡང་ོདོགས་གཞི་ཕྲན་བུ་སྐྱེ་དགོས་བཟོས་པར་བརྟེན་རང་ཉིད་དགེ་རྒན་ཆེ་མོའི་སར་བསྐྱོད་དེ། རྒན་ལགས། བྱི་ལ་དོམ་ཆུང་མང་པོ་ཞིག་གིས་རང་གི་སྐད་ཡིག་ཡག་པོ་མ་ཤེས་ཀྱང་ད་དུང་སྦྱང་བརྩོན་མི་བྱེད་པར་སྐྲ་སེར་སྤྲེའུའི་སྐད་ཡིག་ལ་སྦྱང་བརྩོན་བྱེད་ཀྱི་འདུག་པས་རྒྱུ་མཚན་གང་ཡིན་ནམ། ཞེས་བཀའ་དྲི་ཞུས་པར་དགེ་རྒན་ཆེ་མོ་དེས། དེ་ནི་འཛམ་གླིང་འདིའི་ནང་སྲོག་ཆགས་འདྲ་མིན་གྲངས་ལས་འདས་པ་ཡོད་པའི་ནང་ནས་སྐྲ་སེར་སྤྲེའུའི་སྐད་ཡིག་ནི་ཡུལ་ལུང་མང་པོ་ཞིག་ཏུ་བེད་སྤྱོད་ཡོད་པའི་སྐད་ཡིག་ཅིག་ཡིན་རྐྱེན་དེང་སྐབས་འཛམ་གླིང་སྟེང་གི་སྤྱི་སྐད་ལྟ་བུ་ཆགས་ཡོད་པས་རེད་ལ་སྐྲ་སེར་སྤྲེའུའི་རིགས་ནི་དཔལ་འབྱོར་སོགས་གང་ཐད་ནས་ཕུན་སུམ་ཚོགས་ཤོས་ཤིག་ཡིན་པ་རེད། ཅེས་གསལ་བཤད་གནང་བས་བྱི་ལ་དོམ་ཆུང་གི་སེམས་ལ་བསམ་བློ་འདྲ་མིན་སྣ་ཚོགས་ཤིག་འཁོར་བ་དང་ལྷག་པར་རྒན་ལགས་ཀྱིས་འཛམ་གླིང་སྟེང་གི་སྤྱི་སྐད་རེད་གསུངས་པ་དེ་ཁོ་པའི་ཡིད་ནས་ནམ་ཡང་བརྗེད་ཐབས་མེད་པ་ལྟ་བུའི་སྐད་ཆ་ཞིག་ཆགས། དུས་དེ་ནས་བཟུང་ཁོ་པས་ཕ་མའི་བསླབ་བྱ་བཟང་པོ་རྣམས་རིམ་པས་བསྐྱུར་ནས་རང་ཉིད་ཀྱང་སྤྱི་སྐད་སྦྱང་ན་བཟང་སྙམ་པའི་བློ་འཁྲུལ་པ་ཅན་དེ་སྐྱེས་པར་སོང་ཕ་མེས་ཀྱི་དུས་ནས་ཡོད་པའི་བྱི་ལ་དོམ་གྱི་སྐད་ཡིག་ལ་སྦྱང་པ་བྱེད་རྒྱུ་དེ་ཉིན་རེ་ནས་ཉིན་རེ་བཞིན་བར་ཐག་རིང་དུ་བཏང་སྟེ་སྐྲ་སེར་སྤྲེའུའི་སྐད་ཡིག་ལ་སྦྱང་པ་བྱེད་ཀྱིན་སྐད་ཡིག་དེ་བེད་སྤྱོད་བྱས་ནས་དཔལ་འབྱོར་ཅན་ཞིག་ཏུ་འགྱུར་ན་སྙམ།
དུས་ཀྱི་འཁོར་ལོ་ནི་སྐད་ཅིག་ཙམ་ཡང་མི་ལྷོད་པར་མདུན་ནས་མདུན་དུ་བསྐྱོད་ཅིང་ཇི་ཙམ་སོང་མིན་མ་ཤེས་པར་བྱི་ལ་དོམ་ཆུང་འཛིན་རིམ་བཅུ་པར་སླེབས་ཤིང་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་གཏོང་རྒྱུའི་གྲ་སྒྲིག་གི་སྦྱང་བརྩོན་བྱེད་སྐབས་སྐྲ་སེར་སྤྲེའུའི་སྐད་ཡིག་རྣམས་གང་ཙམ་ཤེས་ཀྱི་ཡོད་ནའང་བྱི་ལ་དོམ་གྱི་སྐད་ཡིག་ལ་སྦྱང་པ་བྱེད་རྒྱུ་དེ་ལྷོད་གཡེང་དུ་སོང་བར་བརྟེན་སྐབས་དེར་མ་ཤེས་པ་མང་པོ་ཞིག་ཡོད་པ་རྣམས་དག་ཡིག་ནང་ལྟ་ཁུལ་བྱས་ཀྱང་ཇི་བཞིན་ཤེས་རྒྱུ་ཤིན་ཏུ་ཁག་པོར་གྱུར། དེ་ནས་ཟླ་གཅིག་ཙམ་གྱི་རྗེས་སུ་བྱི་ལ་དོམ་དགེ་རྒན་ཆེ་མོས་བྱི་ལ་དོམ་ཆུང་ཚོའི་ཡིག་རྒྱུགས་ཀྱི་འགྲུབ་འབྲས་གསུང་སྐབས་བྱི་ལ་དོམ་ཆུང་རང་ཉིད་བྱི་ལ་དོམ་གྱི་སྐད་ཡིག་རྒྱུགས་འཕྲོད་མེད་པའི་གསལ་བསྒྲགས་གནང་བ་མ་ཟད་ཡིག་རྒྱུགས་གང་རུང་ཞིག་མ་འཕྲོད་པའི་རིགས་རྣམས་སྔོན་དུ་ཞུས་པ་བཞིན་མུ་མཐུད་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མེད་པས་རང་ཉིད་ག་རེ་བྱེད་དང་གང་དུ་འགྲོ་བསམ་བློ་ཡག་པོ་ཐོངས་ཞེས་གསུངས། གནས་ཚུལ་དེ་དག་བྱི་ལ་དོམ་ཆུང་གིས་ཐོས་མ་ཐག་རང་ཉིད་ཀྱིས་ཕ་མའི་བཀའ་སློབ་བཟང་པོ་གནང་བ་རྣམས་ལ་མཐོང་ཆུང་བྱས་པའི་ལས་འབྲས་སྨིན་པ་ལྟ་བུ་བྱུང་འདུག་སྙམ་མུར་སེམས་སྡུག་གིས་མནར་བ་དང་འགྱོད་སེམས་རྟ་བོས་མི་ཟིན་པ་ཞིག་སྐྱེས་ཀྱང་དེ་ནི་རྦད་དེ་ཕྱིས་དྲགས་པའི་གནས་ཚུལ་ལགས། བོད་ཀྱི་གཏམ་དཔེར། ཁབ་རྩེ་གཉིས་ཀྱིས་འཚེམ་བུ་མི་ཡོང་བ་དང༌། བློ་རྩེ་གཉིས་ཀྱིས་དོན་མི་གྲུབ། ཅེས་པ་ལྟར་ལགས་ན་འབྱུང་འགྱུར་རང་རིགས་བྱི་ལ་དོམ་ཆུང་གཞན་རྣམས་ཀྱིས་དེ་ལྟར་མི་བྱེད་པར་རང་ཉིད་ཀྱི་ཕ་མས་ལམ་སྟོན་དང་བསླབ་བྱ་གནང་བའི་མདུན་ལམ་ཐོག་ཤར་སྐྱོད་གནང་ན་དགེ་མཚན་ཆེ་བའོ། །

རིན་ཆེན་ནོར་བུ།

སེར་བྱེས་གཙང་པ་བསམ་གཏན་རྡོ་རྗེ།

    ལམ་ཐག་ནི་ཇི་ཙམ་བསྐྱོད་ཀྱང་རིང་ལ། མདུན་ལམ་ནི་དེ་བས་ཀྱག་ཀྱོག་ལྡན་ནའང༌། ཇི་ཙམ་ཤར་བསྐྱོད་བྱས་པ་དེ་ཙམ་གྱིས་འོད་ཟེར་ལྡན་པ་ཞིག་ཡིན། དེ་ཡང་འཇིག་རྟེན་གྱི་འཚོ་བ་ཟེར་བ་དེའི་ནང༌། དྲོ་སྐྱིད་དང་གྲང་ངར་ཡང་ལྡན་ལ། དཀར་གསལ་དང་མུན་ནག་ཡང་ལྡན་པ། བདེ་སྐྱིད་དང་སྡུག་བསྔལ་ནི་དེ་བས་ལྡན་པའི་དུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་བསྐྱོད་
མུས་ཀྱི་ནང་ཕྲན་དང་མེ་ཏོག་ལྷ་མཛེས་གཉིས་གཉེན་སྒྲིག་བྱས་ནས་ལོ་ཉེར་ལྔ་ཏག་ཏག་ཕྱིན་ཟིན་འདུག འདས་ཟིན་པའི་བགྲང་བྱ་ཉེར་ལྔ་དེའི་ནང་ཕྲན་དང་མེ་ཏོག་ལྷ་མཛེས་གཉིས་ཀྱི་མཛའ་གཅུགས་ཀྱི་བརྩེ་སེམས་ཟབ་མོས་བཅིངས་པའི་ཁྱིམ་ཚང་ཆུང་ཆུང་འདིའི་ནང་བདེ་སྐྱིད་ཀྱི་འཇིག་རྟེན་གསར་པ་ཞིག་བསྐྲུན་ནས་དགའ་བའི་གཏམ་ཕར་བཤད་ཚུར་ཉན་དང༌། སྙན་པའི་གླུ་ཕར་གཏང་ཚུར་ཉན། མཐོ་ལ་ཁའི་རྩྭ་ལ་མཉམ་ཟ་དང༌། དམའ་གཙང་ཆུ་སྔོན་མོ་མཉམ་འཐུང་གི་དུད་ཁྱིམ་ཆུང་ངུ་འདིའི་ནང་མི་སྙན་པའི་གཏམ་སྦྲང་སྐད་ཙམ་གོ་མྱོང་མེད་པར་གནས།
    དེ་ཡང་མེ་ཏོག་ལྷ་མཛེས་ང་གཉིས་ཀྱིས་དེ་ལྟ་བུའི་དུད་ཁྱིམ་འདི་འཇིག་རྟེན་འདིའི་སྟེང་དུ་གསར་གཏོད་བྱ་རྒྱུའི་ས་བོན་ལྟ་བུ་ནི་འདི་ལྟར་ལགས། ང་གཉིས་དེ་སྔ་ཕན་ཚུན་ངོ་མ་ཤེས་པ་ནས་ངོ་ཤེས་པ་ཆགས་པ་དང༌། ངོ་ཤེས་པ་ནས་མཛའ་མཐུན་ལྡན་པ་ཞིག་ཆགས་པའི་དུས་རིམ་བརྒྱུད། ཉིན་ཞིག་མེ་ཏོག་ལྷ་མཛེས་ཀྱིས་རིན་ཆེན་གཟི་རིལ་དང་མཚུངས་པའི་དཀྲི་ག་གཉིས་ལྡན་གྱི་འདྲེན་བྱེད་ཟུང་ལས་ནམ་ཡང་ཉམས་པ་མེད་པའི་བརྩེ་དུང་གི་འོད་ཟེར་དེ་ཕྲན་གྱི་ཕྱོགས་སུ་འཚེར་ཞིང་གཡོ་བ་མེད་པར་ཕྲན་གྱི་གདོང་ལ་ཅེ་རེར་གང་ཙམ་བར་དུ་བལྟས་བྱུང་བ་དང་སྦྲགས་མཉེན་ཞིང་འཇམ་པའི་ལག་གཉིས་ཀྱིས་ཁོ་བོའི་འགྲམ་པ་ག་ལེར་སྐྱོར་ནས་འོ་ཡིད་ཚིམས་པ་ཞིག་བྱས་བྱུང༌། སྐབས་དེར་ངའི་སེམས་སུ་བདེ་སྐྱིད་ཀྱི་རྩ་བ་ཚུགས། བརྩེ་དུང་གི་མེ་ཏོག་བཞད། དགའ་སྐྱིད་ཀྱི་ལོ་འདབ་སྟོང་དུ་རྒྱས་ཏེ་ཕྲན་གྱིས་ངག་ལས་རང་དབང་མེད་པར། མེ་ཏོག་ལྷ་མཛེས་ལགས། ཁྱེད་ནི་ངའི་སྙིང་གི་ནོར་བུ་དང༌། སེམས་ཀྱི་བསྟེན་ས་ཁོ་ནར་གྱུར་སོང་བ་མ་ཟད། ད་དུང་ཁྱེད་ནི་་་ཞེས་ཕན་ཚུན་མཛའ་བརྩེའི་གླེང་མོ་མང་དག་ཅིག་བྱུང་བ་དེ་ནས་བཟུང་ང་གཉིས་ཀྱིས་འཇིག་རྟེན་འདིའི་སྟེང་དུད་ཁྱིམ་ཆུང་ཆུང་འདི་གསར་སྐྲུན་བྱེད་འགོ་ཚུགས་པ་ཞིག་ཡིན།
ཉིན་གཅིག་ཕྲན་རང་བཟོ་ཚོང་ཁང་གི་ལས་དོན་བསྒྲུབས་ཟིན་རྗེས་ནང་དུ་ལོག་ཡོང་སྐབས། མེ་ཏོག་ལྷ་མཛེས་ཀྱི་བཞིན་རས་ལ་གློ་བུར་སྐྱོ་ཉམས་ཀྱིས་ཁེངས་ཤིང་ཁོ་བོ་རིག་མ་ཐག་མིག་ཆུའི་དྲག་ཆར་འབབ་འགོ་ཚུགས་སོང་བས། ངའི་སེམས་ནང་དྲི་རྟགས་མང་པོ་ཞིག་ཤར་སོང་བ་ལས་དེ་མིན་དངོས་ཡོད་གནས་ཚུལ་གང་ཡིན་ཤེས་རྟོགས་མ་བྱུང་བ་དང་སྦྲགས་ཁོ་བོས་ངག་འཇམ་པོས། མེ་ཏོག་ལྷ་མཛེས་ལགས། དེ་རིང་ཁྱེད་རང་གིས་ཟས་གང་ཞིག་བཟའ་ཉེས་བྱུང་བ་ཡིན་ནམ། ཡང་ན་རློན་གང་ཞིག་འཐུང་ཉེས་བྱུང་བ་ཡིན་ནམ། དེ་མིན་ལས་གང་ཞིག་བྱེད་ཉེས་ཤོར་བ་ཡིན་ནམ། ཞེས་བརྗོད་པར་མེ་ཏོག་ལྷ་མཛེས་ཀྱིས་ཁོ་བོའི་མདུན་དུ་རྒྱུགས་ཡོང་སྟེ་བྲང་གི་སྟེང་འཁྱུད་ནས་དེ་བས་མིག་ཆུ་མང་བ་གཏོང་བ་ལས་གང་ཡང་བརྗོད་མ་བྱུང་བས། ཁོ་བོས་མེ་ཏོག་ལྷ་མཛེས་ཀྱི་འཇམ་མཉེན་ལག་པ་གཉིས་ནས་བཟུང་སྟེ། དེ་རིང་གློ་བུར་ཁྱེད་རང་ལ་མི་སྤྲོ་བའི་གནས་ཚུལ་གང་ཞིག་བྱུང་བ་ཡིན་ནམ། ཁོ་བོར་གསུངས་དང༌། ཞེས་བརྗོད་པར་མེ་ཏོག་ལྷ་མཛེས་ཀྱི་མེ་ལས་ཀྱང་དམར་བའི་མདོག་ཏུ་གྱུར་པའི་འདྲེན་བྱེད་གཉིས་ཀྱིས་ཁོ་བོར་བལྟས་ཏེ། བློ་བཟང་ལགས། དྲང་པོ་གསུངས་དང༌། བདེན་པ་ཨེ་ཡིན་མི་ཤེས། གང་ལྟར་ངས་གོ་ཐོས་ལ་ཁྱེད་ཚོའི་བཟོ་ཚོང་ཁང་གི་མི་འགའ་ཤས་ཤིག་རིང་མིན་རྒྱ་མཚོའི་ནང་ནོར་བུ་ལེན་དུ་བསྐྱོད་རྒྱུ་ཡིན་པ་མ་ཟད་དེའི་ནང་ནས་ཁྱེད་རང་ཨང་དང་པོར་ཕེབས་མཁན་རེད་ཅེས་ཤོད་ཀྱི་འདུག ཁྱེད་རང་ཆུང་དུས་རྒྱ་མི་དམར་པོའི་བཙན་དབང་འོག་འཚོ་དགོས་བྱུང་ཡོད་ལ། ད་ཆ་རང་དབང་ལུང་པར་སླེབས་རྗེས་ཡང་རྒྱ་མཚོའི་ནང་བསྐྱོད་དགོས་པ་འདི་ཚེ་སྔོན་ལས་ངན་པ་ག་རེ་བསགས་པའི་རྣམ་སྨིན་ཡིན་ནམ། རྒྱ་མཚོ་ནི་མཐའ་ཡས་ཤིང་གཏིང་མཐའ་མི་མངོན་པ་ཞིག་ཡིན་ལ། དེའི་ནང་ཆུ་སྦྲུལ་གདུག་པ་ཅན་དང༌། ཆུ་སྲིན་སྣ་ཚོགས། ཉ་མི་ཟན་ལ་སོགས་འགྲོ་བསྐྱོད་བྱེད་དཀའ་བའི་གནས་དེའི་ནང༌། གལ་ཏེ་ཁྱེད་རང་ཕེབས་དགོས་བྱུང་ཚེ་རིན་ཆེན་ནོར་བུ་རྙེད་རྒྱུ་ཕར་ཞོག རང་གི་གཅེས་པའི་སྲོག་ཤོར་བའི་བཀྲ་མི་ཤིས་པའི་གནས་ཚུལ་དེ་འདྲ་བྱུང་ཚེ་ང་དང་ཕྲུ་གུ་གང་འདྲ་བྱེད་དགོས་སམ། ཞེས་བརྗོད་བྱུང༌། ཁོ་བོས་གནད་དོན་དེ་རྣམས་ཤེས་མ་ཐག་ཐོག་མའི་བློ་དོགས་ཆེན་པོ་དེ་ཞི་བར་གྱུར་སོང་བ་དང་སྦྲགས། མེ་ཏོག་ལྷ་མཛེས་ལགས། ཁྱེད་རང་བུད་མེད་ཅིག་གི་ངོས་ནས་བཤད་ན་གནད་དོན་འདི་ནི་ཉེན་ཁ་ཅན་ཞིག་ཡིན་པར་སེམས་ངེས་ཀྱང༌། ཕྲན་སྐྱེས་པ་ཕོ་ཞིག་གི་ངོས་ནས་བཤད་ན་དེ་ནི། རེད་་་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དང༌། སྐལ་བཟང་གི་དུས་སུ་མཆི་ཞག བཀྲིས་ཀྱི་དུས་སུ་ངག་བཅད་ཀྱི་དཔེ་ལྟར་ལགས། དེང་སྐབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་མི་རྣམས་ཀྱི་བསམ་ཡུལ་ལས་འདས་ཤིང་ཧང་སང་དགོས་པ་ཞིག་ཡིན། དེང་སྐབས་ང་ཚོས་སྔར་བྱེད་མི་ཕོད་པའི་བྱ་བ་རྣམས་དེང་བྱེད་པ་དང༌། སྔར་འགྲོ་མ་མྱོང་བའི་རྒྱ་མཚོའི་ནང་དེང་འགྲོ་ཐུབ་པ། སྔར་ལེན་མ་མྱོང་བའི་ནོར་བུ་རྣམས་ལེན་ཐུབ་པ་བྱེད་ཀྱི་ཡོད། དེ་ནི་དུས་རབས་འདི་ཡི་སྐྱེ་བོ་རྣམས་ཀྱི་མེད་དུ་མི་རུང་བའི་ཕྲག་སྟེང་གི་ལས་འགན་ཞིག་ཡིན་པ་མ་ཟད་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་ཀྱང་ཡིན། ཡང་སྒོས་ང་ཚོས་མདུན་གྱི་སྤྱང་ཀིར་མི་ཞེད་པ་དང༌། རྒྱབ་ཀྱི་སྟག་ལ་མི་སྐྲག་པའི་བློ་སྟོབས་ཀྱི་ཕུགས་བསམ་དང་འདུན་པ་བཅངས་ནས་རྒྱ་མཚོའི་ནང་འཛུལ་ཞིང༌། ཞེད་སྣང་དང་བག་འཁུམས་ཀྱི་བསམ་པ་དང་འབྲེལ་ཐག་རྦད་དེ་བཅད་ནས་ལྷོ་ཕྱོགས་ཀྱི་བསིལ་རླུང་འཇམ་པོའི་ལྷན་རྒྱ་མཚོའི་སྟེང་དུ་མཆོངས་ཐེངས་ཤིག་ལ་ལོ་མང་མ་རྩ་བརྡིབས་པའི་ང་ཚོའི་ཁེ་ལས་བཟོ་ཚོང་ཁང་གི་མ་རྩ་དེ་རྣམས་རྒྱ་མཚོའི་ནང་ནས་བླངས་པའི་ནོར་བུ་གཅིག་གིས་ཁ་གསབ་ཐུབ་པ་བྱུང་སོང༌། གཟིགས་དང༌། འདི་ནི་ངས་ཁྱེད་ཉིད་ལ་དམིགས་བསལ་འ
ཁྱེར་ཡོང་བའི་བྱི་རུའི་སྡོང་པོ་ཞིག་ཡིན་ཞེས་བརྗོད་དེ་སྤྲད་པས། མེ་ཏོག་ལྷ་མཛེས་ནི་དེ་བས་ཧང་སང་པར་གྱུར་པ་མ་ཟད་རང་ཉིད་ཀྱི་བརྩེ་བའི་གཏན་གྲོགས་རྒྱ་མཚོའི་གཏིང་ཕྱིན་ཟིན་པ་ཤེས་རྗེས་དེ་བས་བརྗོད་མི་ཤེས་པའི་དགའ་སྐྱོའི་ཚོར་བ་དང་ལྷན་རིན་ཆེན་བྱི་རུའི་སྡོང་པོ་དེར་ལྟ་ཡིན་ལ། འདི་ནི་དངོས་གནས་ཡིན་ནམ་ཡང་ན་རྨི་ལམ་ཡིན། ཁྱེད་རང་གི་དཔའ་མཛངས་ལྡན་པའི་བྱས་རྗེས་ལ་གུས་མོས་བཀྲིན་ཆེ་ཞུ་རྒྱུ་ཡིན། གཟིགས་དང་བྱི་རུའི་སྡོང་པོ་་་་རྒྱ་མཚོའི་ནང་ནོར་བུ་ཡོད་རེད་ཟེར་བ་དེ་དངོས་གནས་བདེན་པ་རེད་འདུག་ག་ཞེས་བརྗོད་བྱུང༌། །

ངའི་ཁང་པ། འབུ་སྲིན་གྱི་གྲོང༌།

འབྲས་སྒོ་མང་བསོད་ནམས་ཡེ་ཤེས།

    ངའི་ཁང་པའི་གྲུ་ག་རེ་རེར་འབུ་སྡོམ་མང་པོ་ཡོད། དེ་ནི་གཅིག་བྱས་ན་ངས་ཁོ་ཚོར་གནོད་འཚེ་གཏན་ནས་མ་བྱས་པར་སོང་ཁོ་ཚོས་ངའི་ནང་འདི་ཞི་བདེའི་བསྟི་གནས་ཤིག་ཏུ་བསམ་པའམ། ཡང་ན་ངའི་ནང་ན་འབུ་སྲིན་མང་པོ་ཟ་རྒྱུ་ཡོད་པའི་རྐྱེན་གྱིས་ཡིན་སྲིད། གང་ལྟར་ངའི་གྲོགས་པོ་ཚོ་ངའི་ནང་ལ་ཡོང་ཐེངས་རེར། ཁྱེད་རང་གིས་ནང་ལ་གད་རྒྱག་སྐབས་ངའི་ཁ་ནས། ལགས་སོ། ཞེས་ཁས་ལེན་ཁུལ་བྱེད་ཀྱི་ཡོད་ན་ཡང་སེམས་ནང་བསླབ་བྱ་དེ་ཚོ་ནི་ངའི་ཁང་པའི་ནང་གི་གད་སྙིགས་འདི་ཚོ་དང་མཚུངས་པར་ཡ་མེད་འཇོག་གི་ཡོད།
ངའི་ཁང་པ་ཆུང་ཆུང་འདིའི་ནང་ལྟད་མོ་ལྟ་ཤེས་ན་འབུ་སྲིན་གྱི་གྲོང་ཁྱེར་ཞིག་ཡིན་ལ། འབུ་སྲིན་གྱི་གླིང་ག་ཞིག་ཀྱང་ཡིན། གཤམ་དུ་ངས་འབུ་སྲིན་ཁ་ཤས་ལ་ལྟད་མོ་བལྟ་རྒྱུ་ཡིན་པས། ཀློག་པ་པོ་སྐུ་ཉིད་ཀྱང་གཟིགས་འདོད་ཡོད་ན་མཉམ་དུ་གཟིགས་ན་འགྲིག ངའི་མགོ་བོའི་ཐད་ཀར་ཡོད་པའི་འབུ་སྡོམ་ཡ་གིས་ཐབས་ཤེས་ཡོད་རྒུ་བཏོན་ནས་དྲྭ་རྒྱ་འཐེན་རྗེས་ཁོ་རང་དྲྭ་རྒྱའི་དཀྱིལ་ཏག་ཏག་དེར་སོང་ནས་ཕྱོགས་བཞི་མཚམས་བརྒྱད་ལ་བལྟས་ནས་འབུ་སྲིན་བཟུང་ཨེ་ཐུབ་ལྟ་ཡིན་བསྡད་འདུག་པའི་སྐབས་དེར་ཏག་ཏག་སྒེའུ་ཁུང་ནས་ཕྱེ་མ་ལེབ་ཅིག་ནང་དུ་འཕུར་ཡོང་ནས་ཨང་གྲངས་བརྒྱ་ཅན་གྱི་གློག་གི་ཤེལ་རྡོག་དེར་གཡས་སྐོར་བཅུ་དང་གཡོན་སྐོར་བརྒྱད་བརྒྱབ་སོང༌། སྐབས་དེར་རྩངས་པ་ཁ་རལ་དགའ་ནས་རྩིག་ངོས་ཀྱི་པར་སྒྲོམ་རྒྱབ་ལོགས་ནས་མགོ་བོ་ཅུང་ཟད་བུད་ནས། ཀིར་་་ཀིར་་་ཀིར་་་་༌། ཞེས་ཕྱེ་མ་ལེབ་དེ་རང་གི་ཁ་ནང་དུ་གང་འདྲ་བྱས་ནས་ལེན་དགོས་སྙམ་བཞིན་ལྷ་འབོད་ཀླུ་འབོད་བྱེད་བཞིན་འདུག
དེའི་མཚམས་ཕྱེ་མ་ལེབ་དེ་སྒེའུ་ཁུང་གི་ཡོལ་བའི་སྟེང་དུ་བབས། རྩངས་པ་ཁ་རལ་འབྲོག་པའི་སྒོ་ཁྱི་ཤོར་བ་ལྟར་རྒྱུགས་ཐེངས་གཅིག་ལ་ཕྱེ་མ་ལེབ་ཀྱི་ཕྱོགས་སུ་བསྐྱོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཁོ་པ་དེར་མ་སླེབས་ཙམ་ལ་ཕྱེ་མ་ལེབ་དེ་འཕུར་སོང་བས། རྩངས་པ་ཁ་རལ་རྒྱུག་ཚོད་མ་ཟིན་པར་སྒེའུ་ཡི་ཡོལ་བའི་སྟེང་ནས་ས་ལ་ལྷུང༌། རྩངས་པ་ཁ་རལ་རང་ཉིད་ས་ལ་ལྷུང་ཡང་ན་ཟུག་ལ་བཟོད་བསྲན་བྱས་ཏེ་ཕྱེ་མ་ལེབ་གང་དུ་འཕུར་བའི་ཕྱོགས་ལ་སོ་ལྟ་བྱས། ཁང་པ་ཆུང་ཆུང་འདིའི་ནང་དུ་ཕྱེ་མ་ལེབ་ཡར་འཕུར་མར་འཕུར་ཐེངས་འགའ་བྱས་སོང་བ་དང་སྦྲགས་མཐར་སྡོམ་རྒྱའི་ནང་དུ་ལྷུང་སོང༌།
དེར་བརྟེན་འབུ་སྡོམ་དེས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཕྱེ་མ་ལེབ་དེ་ཕར་བསྡམས་ཚུར་བསྡམས་བྱས་ནས་ཤིན་ཏུ་རྣོ་བའི་མཆུ་ཏོ་བྲང་དཀྱིལ་དུ་བཙུགས་ནས་ལུས་ཟུངས་ཡོངས་རྫོགས་འཇིབ་ནས་ལྷ་ཡི་ལོངས་སྤྱོད་ལ་རོལ། ཚུལ་དེ་རྩངས་པ་ཁ་རལ་གྱིས་མཐོང་བས་འབུ་སྔོམ་གྱི་དྲྭ་རྒྱ་འཐེན་པའི་ཐབས་ཤེས་ལ་ཡིད་སྨོན་སྐྱེས་ཤིང་རང་ཉིད་ཅི་འདྲའི་ནུས་མེད་ཅན་ཞིག་རེད་ཨང་སྙམ་ཞིང༌། མཐར་ཨ་ཐང་ཆད་པའི་རུས་སྦལ་ཞིག་དང་འདྲ་བར་རྩིག་ངོས་སུ་ག་ལེར་འགྲོ་དགོས་པ་ལྟ་བུ་ཆགས་སོང༌། དེ་ནས་གང་ཙམ་སོང་རྗེས་རྩངས་པ་ཁ་རལ་ལ་གསོན་ཤུགས་ཤིག་རྒྱས་ནས་ཁང་པའི་ཐོག་ངོས་སུ་སོང་སྟེ་རྔོན་པས་རི་དྭགས་འཚོལ་བ་ལྟར་མགོ་བོ་གཡས་ལ་བསྐོར་ནས་གནམ་ལ་བལྟས་པ་དང་གཡོན་ལ་བསྐོར་ནས་ས་ལ་བལྟས་པས་ཆ་སྒམ་ཡོད་སར་འབུ་ཞིག་ཡོད་པ་མཐོང་སོང་བས་གློ་བུར་དུ་དེའི་ཕྱོགས་སུ་མདའ་འཕངས་པ་ལྟར་རྒྱུགས་སོང༌། འཁྲིས་སུ་སླེབས་ན་ཡང་བློ་ཁོག་ཆེ་བའི་འབུ་སྲིན་དེ་འགུལ་ཙམ་བྱས་མ་སོང༌། འོན་ཀྱང་ཞིབ་ལྟ་བྱེད་སྐབས་དེ་ནི་དྲི་མ་ཙམ་སྣ་ལམ་དུ་སོང་ཡང་མགོ་བོ་ན་བའི་འབུ་སྲིན་ཞིག་རེད་འདུག
ཧ་རོ། ངས་རྩངས་པ་ཁ་རལ་ལ་བལྟས་ནས་ཐང་ཆད་སོང༌། ད་ལྟད་མོ་ལྟ་མཚམས་བཞག་ནས་ཉལ་གུར་ཕུབ་ནས་ཉལ་རྒྱུ་ཡིན། ཚ་བ་ཆེ་བས་ངས་ཉལ་གུར་ནང་གཅེར་བུར་བསྡད་པ་ཡིན། ཅང་མ་འགོར་བར། ཙི། ཙི། ཞེས་དུག་སྦྲང་མང་པོ་བསོད་སྙོམས་ལ་སླེབས་སོང༌། ཉལ་གུར་ནང་དུ་མ་ཐར་བས་ཁོ་ཚོ་ཚང་མས་མཆུ་ཏོ་ཉལ་གུར་གྱི་ཨི་ཁུང་ཆུང་ཆུང་བརྒྱུད་ནང་དུ་བསྲིངས་ནས་མིག་གཉིས་འབུར་ཚུགས་སུ་ངའི་ཕྱོགས་སུ་ལྟ་ཡིན་འདུག་པ་དེ་དག་ནི་ཤིན་ཏུ་རྒྱགས་པའི་ངའི་གཟུགས་པོའི་ཞིམ་མངར་གྱི་ཁྲག་ལ་ལོངས་སྤྱོད་རྒྱུ་བྱུང་ན་ཅི་མ་རུང་ཟེར་བ་ལྟར་ལགས།
ཀློག་པ་པོ་ལགས་དེ་རིང་དགོང་མོ་ང་གཉིད་ཁུག་རན་སོང་བས་འདིར་མཚམས་འཇོག་ཞུ་རྒྱུ་ཡིན། དགོངས་འགལ་མེད་པ་ཞུ། ངས་ཉལ་གུར་བརྒྱབ་ཡོད་པས་རྩངས་པ་ཁ་རལ་དང་དུག་སྦྲང་གཉིས་ཀྱིས་ཁ་ལ་རག་ཐབས་མེད། ཁྱེད་རྣམས་ཐུགས་ཁྲལ་རྩ་བ་ནས་མི་དགོས།

སྔོན་གླེང༌།  

 

བརྩམས་སྒྲུང་ཕྱོགས་བསྒྲིགས། སྡེ་ཚན་གསུམ་པ།

གཞན་དངུལ་བརྐུས་ཏེ་ཨེཌ་སི་ཉོས།

སེར་བྱེས་བཀྲ་ཤིས་རྒྱལ་པོ།

    ནོར་གྱི་བློ་གྲོས་མ་མས་གཡུ་ཡི་ལྭ་བ་ཕུད་དེ་གསེར་གྱི་ན་བཟའ་བཀླུབས་དུས། བོད་གངས་ཅན་ལྗོངས་སུ་བདེ་སྐྱིད་ཀྱི་ལང་ཚོ་རྫོགས་པའི་དཔྱིད་ཀྱི་དཔལ་ཡོན་ཡོངས་སུ་བཞད་སྐབས། གྲོང་ཁྱེར་ལྷ་སར་བོད་ཀྱི་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཆོད་མཇལ་བ་རྣམས་དང༌། ཚོང་པ་ཁག་ལ་སོགས་མི་ཚོགས་ཀྱི་ཆུ་གཏེར་རྒྱས་པ་བཞིན་ཉིན་ལྟར་ཇེ་མང་དུ་གྱུར་ཏེ་རྒྱ་མཚོ་ཆེན་པོ་མཐའ་མི་མངོན་པ་བཞིན་དུ་གྱུར་པའི་དུས་ཚོད་དེ་ཡིན།
སྐབས་དེར་ཧ་ཅང་འཚང་ཁ་ཆེ་བའི་བར་སྐོར་འགག་ཏུ་མི་ཚོགས་རྣམས་ལྷན་ཅིག་འགུལ་བ་ལྟར་ཕར་ཡོམ་བྱེད་བཞིན་པའི་ཁྲོད་དུ། རྨོ་མོ་དབུ་སྐྲ་དཀར་པོ་དུང་ལྟར་གྱུར་པ་ཞིག་གིས་རང་གི་ཨམ་ཕྲག་སྲུབ་ནས་ཀོ་བའི་དངུལ་ཁུག་གི་ལུང་ཐག་སྣེ་གཅིག་ནག་ན་རེར་ཕྱི་ལ་ཐོན་བཞིན་ཇོ་ཁང་སྐོར་བར་བསྐྱོད་བཞིན་པ་དེ་ཏག་ཏག་ཕོ་གསར་གདོང་པ་ཅུང་དཀར་ཞིང་མིག་ཤེལ་ནག་པོས་ངོ་སྟོད་ཁེབས་པ་ཞིག་གིས་མཐོང་སྟེ་རྗེས་འདེད་བཏང༌། རྐུ་མིག་གི་ཞགས་པ་དེ་རྨོ་མོ་དེའི་དངུལ་ཁུག་གི་ལུང་ཐག་ཐོག་ཏུ་འབྲལ་མེད་འཁྱུད་ནས་ག་ལེར་རྨོ་མོ་གང་དུ་སོང་བ་དེའི་རྗེས་སུ་སོང༌། བར་སྐོར་གྱི་བྱང་ཕྱོགས་ར་མོ་ཆེའི་ཉེ་འགྲམ་དུ་འབྱོར་མ་ཐག རྐུན་མ་་་་ངའི་དངུལ་ཁུག་་་་ཅེས་སྐད་ངན་ཞིག་དང་ལྷན་མི་ཚོགས་ཀྱི་ཁྲོད་དུ་རྨོ་མོ་དེ་ཁ་སྦུབ་ཏུ་འགྱེལ་འདུག མི་རྣམས་ཀྱིས་འཚང་ཁ་ཆེན་པོས་ལྟ་རུབ་བརྒྱབ་སྟེ་བལྟས་ཀྱང་རྐུན་མ་དེ་ནི་བྲོས་ཏེ་མཐོང་སར་མེད་པར་གྱུར། རྒན་མོ་དེ་ནི་སྡུག་བསྔལ་གྱི་ངུ་སྐད་བར་སྐོར་གྱི་མི་ཚོགས་ཁྲོད་ལྷང་ལྷང་གྲགས། འོན་ཀྱང་རྐུན་པོས་བརྐུས་ཟིན་པའི་དངུལ་དེ་རྣམས་ཕྱིར་སློག་ག་ལ་སྲིད། ཡིན་ནའང་སྐྱེ་བོ་བྱམས་སེམས་ཅན་རེ་གཉིས་ཀྱིས་རྒན་མོ་དེར་སེམས་གསོ་དང་ཁ་ཏ་བྱས་ཏེ་དངུལ་སྒོར་ཕྲན་བུ་རེ་ཞལ་འདེབས་གནང་བ་ལས་གཞན་བྱ་ཐབས་བྲལ།
ཀློག་མཁན་གྱི་གྲོགས་པོ་ཚོ། རྐུན་པོ་དེའི་མིང་ལ་ཁྱི་སྐྱག་ཟེར་ཞིང་ཁོ་པ་དེ་སྔོན་ལྷ་ས་སློབ་འབྲིང་གཉིས་པའི་སློབ་མ་ཡིན། དེ་སྔོན་ཁོ་པ་དམའ་འབྲིང་སློབ་གྲྭ་ནས་མཐོ་འབྲིང་སློབ་གྲྭར་སྐྱོད་སྐབས་སློབ་ཡོན་སྤྲོད་རྒྱུ་མེད་སྟབས་མཐར་འཁྱམ་ཉུལ་གྱི་འཚོ་བ་སྐྱེལ་དགོས་བྱུང་བ་དང་རིམ་པས་རྐུ་མ་བརྐུས་ཏེ་འཚོ་བ་མ་སྐྱེལ་ཀ་མེད་བྱུང་བ་དེ་འདྲ་རེད་འདུག      ཉིན་དེར་ཁྱི་སྐྱག་ལ་ནོར་བུ་དགོས་འདོད་ཀུན་འབྱུང་ཐོབ་པ་བཞིན་པོ་ཏ་ལའི་རྒྱབ་ལོགས་ལྕང་གསེབ་ཏུ་ཤར་རེ་ཕྱིན་ནས། བརྐུས་ནས་ཐོབ་པའི་ཁུག་མ་དེ་བྲེལ་འཚུབ་ངང་ཁ་ཕྱེས་ཏེ་ལྟ་སྐབས་དེའི་ནང་དུ་རྒྱ་སྒོར་ཁྲི་གཅིག་ལྷག་ཙམ་ཡོད་པས་ཁོ་རང་དྲན་པ་འཐོར་ལ་ཉེ་བའི་དགའ་སྤྲོ་སྐྱེས། ཁོས་མགྱོགས་པོ་དངུལ་ལོར་རྣམས་རང་གི་དོར་མའི་ཁུག་མར་བླུགས་ཏེ་དངུལ་ཁུག་དེ་ཤིང་ནགས་གསེང་དུ་གཡུགས་ནས་རང་གི་རྐུན་རོགས་ཚེ་རིང་དང་འོད་ལྡན། ཟླ་རྒྱལ་གསུམ་ལ་ཁ་པར་བཏང་སྟེ། ལྷ་སའི་བྱང་ཕྱོགས་ཀྱི་རྒྱ་མིའི་ཟ་ཁང་ཞིག་ཏུ་འཛོམས་དུས་བཟོས། དེ་ལྟར་དུས་ཚོད་སྐར་ཆ་ལྔ་ཡང་སྔ་ཕྱི་མ་ཤོར་བར་ཁོ་ཚོ་དེར་འཛོམས་ནས་ཟ་ཁང་ཆེན་པོ་དེའི་ནང་དགོད་སྒྲས་ཁེངས་པ་བཟོས། ཐོག་མར་ཁོ་པ་ཚོས་ཕག་ཤ། བྱ་ཤ། ཉ་ཤ། བ་ཤ། རུས་སྦལ་ཤ སྡིག་སྲིན་ཤ་སོགས་ཤ་ཚལ་སྣ་ཁ་བཅུ་གཉིས་མངགས་ནས་དེ་དང་མཉམ་དུ་རྒྱ་ཆང་ཕིས་ཅཱུ་སྒམ་དྲུག་ཉོས་ཏེ། སྤྱང་ཀིར་ཤ་རག་པ་ལྟར་ཤ་རྣམས་བཟས། གླང་པོ་ཆེ་ཁ་སྐོམ་པར་ཆུ་འཕྲད་པ་བཞིན་ཆང་རག་རྣམས་བཏུངས་པས། མཐར་གྲོད་ཁོག་རྒྱགས་ཁ་ངོམ་སྟེ་ར་བཟིབ་དང་སྦྲགས་ཆགས་སྣེ་ཆང་གིས་འཁྲིད་ཅེས་པ་ལྟར་ཁོ་པ་ཚོས་དངུལ་མ་གཏོགས་མི་བསམ་མཁན་གྱི་ཟ་ཁང་བདག་པོ་རྒྱ་མི་དེར། སྒོར་མོ་སྤྲོད་རྒྱུ་ཡོད། རྒྱ་མོ་ཡོད་དམ་ཞེས་སྐད་ཆ་དྲིས་པར་རྒྱ་མི་དེས་ཁོ་པའི་ཟ་ཁང་སྦུག་ཏུ་ཉིན་མོ་སྲིན་བྱ་ལྟར་འཛུལ་སྡོད་མཁན་གྱི་རྒྱ་མོ་གཞང་ཚོང་མ་བཞི་འཁྲིད་ཡོང་སྟེ་ཁོ་ཚོར་རེ་རེ་མཚམས་སྦྱོར་བྱས།
    དེ་ལྟར་མཚམས་སྦྱོར་བྱས་པའི་རྒྱ་མོ་དེ་དག་གིས་འཛེམ་ཟོན་སྤུ་ཙམ་མི་བྱེད་པར་ཁོ་ཚོར་འཁྱུད་པ་དང༌། འོ་བྱེད་པ། མྱོས་བུམ་ངོམས་པ་སོགས་ཀྱི་ཆགས་གཟུགས་སྣ་ཚོགས་བསྟན་པས་ཁྱི་སྐྱག་དང་ཁོ་པའི་རོགས་པ་རྣམས་སྐམ་སར་ཆར་པའི་དཔེ་ལྟར་དངུལ་དེ་དག་ལ་སེར་སྣ་སྤུ་ཙམ་མེད་པའི་ཐོག་ནས་རྒྱ་མོ་རེ་རེའི་རྐུབ་ལ་སྒོར་ལྔ་བརྒྱ་རེ་སྤྲད་དེ་ཟ་ཁང་སྦུག་གི་ཁང་མིག་རེའི་ནང་རྒྱ་མོ་གཞང་ཚོང་མ་རེ་དང་རྐུན་མ་རེ་བསྒྲིགས་ཏེ་མི་སྙན་པའི་ཟུག་ངུ་དུ་མ་ཞིག་གི་ལྷན་དུ་འཁྲིག་སྤྱོད་ལ་རོལ་བས་ཉི་མ་ཡང་འཇིག་རྟེན་པའི་འཆལ་སྤྱོད་ལ་ངོ་ཚས་མ་བཟོད་པར་ཆུ་ལྷའི་པང་དུ་ཡིབ།
ཁྱི་སྐྱག་གཙོས་རྐུན་མ་བཞི་པོས། ཉི་མ་ནས་ཟླ་བ། ཟླ་བ་ནས་ལོ་དཀའ་ངལ་བརྒྱབ་སྟེ་རང་གི་ཁྲག་དང་རྔུལ་ཆུ་ལས་བསྒྲུབས་པའི་འབྲོག་པ་རྒན་མོའི་སྒོར་ཁྲི་གཅིག་དེ་བག་མེད་ལོངས་སྤྱོད་ཀྱི་དགོད་སྒྲའི་ནང་བསྐྱུར་བའི་ཉེར་ལེན་ཡིན་ནམ། ཡང་ན་སྔོན་གྱི་ལས་འབྲས་འཁོར་བ་གང་ཡིན་ཆ་མ་འཚལ་ཡང༌། གང་ལྟར་དེའི་རྗེས་ཀྱི་ཟླ་བ་བཞི་རྫོགས་ཉེའི་མཚམས་སུ་ཁོ་པ་བཞི་ཀར་རྒྱ་མོ་གཞང་ཚོང་མ་དེ་དག་གིས་སྦྱིན་པའི་ཨེཌ་སི་ཟེར་པའི་བཅོས་ཐབས་མེད་པའི་ནད་གཞི་དེ་འགོས་ཏེ་སྨན་བཅོས་གང་བྱས་ཀྱང་སྐྱོབ་ཐབས་བྲལ་བར་སོང་མཐར་གཤིན་རྗེའི་གྲོང་ཁྱེར་དུ་འགྱོད་གདུང་གི་ཁུར་ཚ་རང་གིས་མི་ཐེག་པ་རེ་འཁྱེར་ཏེ་སྨྲེ་ངག་འདོན་བཞིན་འགྲོ་དགོས་བྱུང་བ་རེད།
ཀློག་པ་པོ་ལགས། ཁོ་ཚོ་བཞིས་ང་ཚོར་ཁ་ཆེམས་ཤིག་བཞག་ཡོད་པ་དེ་ནི། “བོད་རིགས་སྤུན་ཟླ་ཚོ། རང་མི་རིགས་ཀྱི་མ་འོངས་མདུན་ལམ་ཆེད་བོད་ཀྱི་བདེན་མཐའ་གསལ་ཐབས་གནང་རྒྱུ་དེ་ནི་གལ་གནད་ཆེ་ཤོས་ཤིག་ཡིན་པ་དང༌། དེ་མིན་དེང་སྐབས་རྒྱ་མི་རིགས་ཀྱི་ང་ཚོར་སྦྱིན་པའི་གཞང་ཚོང་མཁན་གྱི་འཆལ་མོ་དེ་དག་ལ་ལུས་འབྲེལ་རྩ་བ་ནས་མ་གནང་རོགས། ང་ཚོར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་རག་པར་བརྟེན་མཐར་འཁྱམ་པོ་བྱེད་དགོས་བྱུང༌། འོན་ཀྱང་རྐུན་མ་རྒྱག་རྒྱུ་དེ་ནི་ང་ཚོའི་ནོར་འཁྲུལ་ཆེ་ཤོས་ཤིག་རེད་འདུག་པས་དགོངས་སེལ་ཞུ་རྒྱུ་ཡིན།” ཞེས་པའི་ཁ་ཆེམས་འདི་འདྲ་ཞིག་བཞག་སྟེ་འཇིག་རྟེན་འདི་ནས་ཁ་བྲལ་དགོས་བྱུང་བ་རེད།

གྲོགས་པོའི་སེམས་འཕྲིན།

སྟག་ཚང་ལྷ་བུ།

    ངའི་དྲན་ཤེས་ཀྱི་སེམས་ཁམས་སུ་འདས་ཟིན་པའི་བྱ་བ་གང་མང་ཞིག་བྱུང་ཟིན་མོད། འོན་ཀྱང་སྐྱོ་གདུང་གིས་མནར་བའི་བྱ་བ་ཞིག་དུས་ནམ་ཡང་བརྗེད་དུ་མེད། ཡིད་མཐུན་གྱི་གྲོགས་པོ་ལགས། ཁྱེད་དང་གྱེས་ཁའི་ཉིན་མོ་དེར། ཁྱེད་ཀྱིས་ང་ལ་གནང་བ་ནི། དམར་པོ་ཁྲག་གི་བརྩེ་དུང་དང་མཆུ་སྒྲོས་ཀྱི་འཛུམ་མདངས་ཡིན་ལ། ངས་དུས་ནམ་ཡང་ཉིན་གསུམ་གྱི་ཟས་དང་མཚན་གསུམ་གྱི་གཉིད་སོགས་བཅད་ནས་སེམས་ཁོང་གི་རེ་བ་ཁྱེད་ལ་བལྟས། ངས་བཅོས་མིན་གྱི་བརྩེ་དུང་དང་སྙན་ངག་གི་རླབས་ཕྲེང་ཁྱེད་ལ་གཏད་ཅིང༌། ལྷད་མེད་ཀྱི་མནའ་ཚིག་ཁྱེད་ལ་སྐྱེལ། གངས་དཀར་གྱི་མིག་ཆུ་དང་སྐྱོ་སྣང་གིས་བསྒྲིལ་བའི་འཇིག་རྟེན་ན། ང་གཉིས་ནམ་ཡང་འགྱུར་དུ་མེད་པའི་གྲོགས་པོ་ཡག་ཤོས་ཤིག ལེ་ལོའི་བན་བུན་དུ་མཆེད་པའི་ཅོལ་ཆུང་བདག འདུ་འཛི་ཆེ་བའི་དྷ་སའི་ཡུལ་ལྗོངས་ན། ཁེར་རྐྱང་གི་འཚོ་བའི་ཁྲོད། ཀྱག་ཀྱོག་གི་རྐང་ལམ་བརྒྱུད་ནས་མ་འོངས་པའི་མདུན་ལམ་གསར་པ་ཞིག་ལ་རེ་བ་ནི་ངའི་ལས་དབང་རེད། ཁྱེད་སྐུའི་གཟུགས་བརྙན་གྱི་དུང་ཟླ་དཀར་པོ་སྡུག་བསྔལ་གྱིས་སྐྱོམ་པའི་ངའི་སྙིང་ཁོང་ན་ཅི་ཡང་འཆར། འོན་ཏེ། ངའི་ལུས་རྟེན་རྣམ་ཤེས་དང་མ་བྲལ་ན་བརྩེ་བ་སེམས་དང་མི་འབྲལ་བའི་དམ་བཅའ་ཡོད། སྙིང་ཉེ་བའི་གྲོགས་པོ་ལཌ། ང་གཉིས་གྱེས་ཁའི་ཉིན་མོ་དེ། ངའི་སེམས་ཁོང་གི་སྡུག་བསྔལ་དང༌། སྙིང་ཁོང་གི་མཆི་མ་སོགས་ཡིན་མོད། དེ་ནི་སེམས་ཁམས་ཀྱི་འཇིག་རྟེན་ལ་དཔྱོད་མཁན་དང༌། གྱེས་བྲལ་ཀྱི་སྡུག་བསྔལ་མྱོང་མཁན་ཚོས་མ་གཏོགས། གཞན་སུས་རྟོགས་ཐུབ། བློ་གྲོས་ཀྱི་གཤོག་རྩལ་ཡངས་པའི་རིག་པའི་རལ་གྲི། ཁྱེད་ཀྱིས་རང་གི་འགྱུར་མེད་དམ་བཅའི་འདོད་དོན་ལ་འབྲས་བུ་སྨིན་ཕྱིར། ད་ལྟའི་འཇིག་རྟེན་འདིར་རྒྱང་མིག་གིས་བལྟས་ནས་མ་འོངས་འོད་སྟོང་འབར་བའི་མདུན་ལམ་དེ་རྙེད་པར་བྱས་ཏེ། མདུན་དུ་བསྐྱོད་ཅིག་ཨཱ་་་་་་་་་་ངས་ཀྱང་རེ་བའི་མིག་གིས་ཁྱེད་ལ་་་་་་་་་༌།

བརྩེ་སེམས་ཀྱི་མེ་ཏོག

སུ་ཇཱའི་སློབ་མ་ཉི་མ་མཚོ།

    རྟ་མདུན་དབང་པོ་ཆུ་ལྷའི་ཕོ་བྲང་དུ་ཕེབས་ཤིང་སྦྲང་ཆར་བསིལ་མའི་དངོས་གྲུབ་ལ་རོལ་བཞིན་པའི་སྐབས་དེར་གངས་ལྗོངས་ཀྱི་མ་ཡུམ་སློབ་གྲྭའི་སྤང་ལྗོངས་རྭ་བའི་ནང༌། དོན་གྲུབ་དང་བདེ་སྐྱིད་གཉིས་ཀྱི་བརྩེ་དུང་གི་མདུད་པ་གྲོལ་ནས་སྙིང་གཏམ་གྱི་སེམས་པ་དམར་རྗེན་དུ་ཕན་ཚུན་ལ་སྤྲོད་མུས་ངང་དུས་ཀྱི་འཁོར་ལོས་མཛེས་ཤིང་ཡིད་དུ་འོང་བའི་སློབ་གྲྭའི་ཁོར་ཡུག་ཐམས་ཅད་འཇམ་ཐིང་ཐིང་དང་ཁུ་སིམ་སིམ་དུ་གནས་མོད་སློབ་གྲྭའི་སྤང་ལྗོངས་དེའི་སྟེང་གཞོན་ནུ་ཕོ་མོ་ཁོང་གཉིས་ཀྱི་དགོད་སྒྲ་དང༌། འཛུམ་མདངས་བཅས་ཀྱིས་ཁེངས་ཤིང༌། ལྷག་པར་དུ་ཁོང་གཉིས་ལ་མཚོན་ན་ཧ་ལམ་ལྷ་ཡུལ་དུ་སླེབས་ཡོད་པ་ལྟ་བུའི་དགའ་སྐྱིད་ཀྱི་སྤྲོ་བ་ཞིག་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་རེད་འདུག
    རེད་་་་ཁོང་གཉིས་ནི་ཆུང་ལོ་གཅིག་སྟེང་མཉམ་འགྲོགས་མཉམ་རྩེ་བྱེད་མྱོང་བ་མ་ཟད། ན་ཆུང་གི་མེ་ཏོག་མཉམ་བཞད་ཐོག་སློབ་ཆུང་གི་ཁོར་ཡུག་གཅིག་ནང་སྐྱིད་རྟ་པོ་མཉམ་བཞོན་དང་སྡུག་འཁུར་པོ་མཉམ་འཁྱེར་བྱས་ནས་གྲོང་ཁྱེར་མི་རིགས་སློབ་འབྲིང་དུ་ཞུགས། སློབ་འབྲིང་དེའི་ནང་དུ་འབྱོར་བ་ནས་བཟུང་ཁོང་གཉིས་ནི་སྔོན་ལས་ཀྱང་ལྷག་པའི་བརྩེ་སེམས་ཤིག་རང་བཞིན་དུ་ཆགས་ཤིང༌། ཆུ་ཚོད་སྐར་ཆ་གཅིག་ཀྱང་བྲལ་མི་ཕོད་པའི་གནས་སུ་གྱུར།
དེ་ནས་དུས་ཡུན་གང་ཙམ་སོང་རྗེས་ཀྱི་ཉིན་ཞིག་བདེ་སྐྱིད་ཀྱིས་མཆན་འོག་ཏུ་དེབ་ཅིག་ཁྱེར་ནས་སློབ་གྲྭའི་རྒྱབ་ལོགས་ན་ཤིང་སྡོང་ཞིག་ཡོད་པ་དེའི་འོག་དོན་གྲུབ་བསྒུགས་ནས་བསྡད་ཡོད། གང་ཙམ་ནས་རྒྱབ་ཕྱོགས་ནས་མི་ཞིག་ཡོང་གི་ཡོད་པའི་གོམ་སྒྲ་ཐོས། བདེ་སྐྱིད་ཀྱིས་འཛུམ་པའི་ཞལ་དང་སྦྲགས། བསོད་ནམས་ལགས་ཁྱེད་རང་གང་དུ་ཕེབས་མཁན་ཡིན་ནམ། ཞེས་དྲིས་པར་བསོད་ནམས་ཀྱིས་དབུགས་རིང་ཞིག་གཏོང་གིན་ལ་ཀློག་དེབ་ཀྱི་བར་ནས་ཡི་གེ་ཞིག་བཏོན་ཏེ་མོར་སྤྲད་ནས་མྱུར་དུ་སློབ་ཁང་དུ་ཕྱིར་ལོག་སོང༌། བདེ་སྐྱིད་ཀྱི་འཚབ་ཚུབ་ངང་མར་བསྡད་དེ་ཡི་གེ་དེར་ལྟ་སྐབས་འདི་ལྟར་འཁོད་འདུག
༄༅། །སྙིང་ནས་བརྩེ་བའི་སྙིང་གྲོགས་བདེ་སྐྱིད་ལགས་སུ།
ཆེད་ཞུ།
ད་ནི་སློབ་གྲྭའི་ཁོར་ཡུག་འདི་ནས་ངེད་གཉིས་ཀྱི་བརྩེ་དུང་ལ་འབྲས་བུ་སྨིན་རྒྱུའི་སྐལ་པ་ཡོངས་སུ་རྫོགས་པས་ང་རང་སློབ་གྲྭ་ནས་ཕྱིར་བསྐྱོད་བྱས་ཏེ་དབུས་གཙང་ལྷ་སའི་ཡུལ་ནས་ཁྱེད་དང་ནམ་ཐུག་བསྒུག་རྒྱུ་ཡིན། འདི་ནི་ངའི་དྲིན་ཆེན་ཕ་མ་གཉིས་ཀྱིས་གནང་བའི་ལྡོག་མེད་ཀྱི་བཀའ་ཞིག་ཡིན་པས་ཁྱེད་རང་དགོངས་པ་ཡེ་ནས་མ་ཚོམ་རོགས་གནང༌། མ་ཟད་་་༌། བཅས་དོན་གྲུབ་ནས་ཟླ་ཚེས་བཟང་པོར།
ཕུལ།
དེ་ལྟར་ཆེས་སྟབས་བདེའི་འཕྲིན་ཡིག་འདི་བཀླགས་ཚར་རྗེས་བདེ་སྐྱིད་ཀྱི་ངོ་གདོང་ཡོངས་རྫོགས་མཆི་མས་བརླན་ཞིང་འགྲམ་པའི་ཁུར་ཚོས་གཉིས་ན་ད་དུང་མཆི་མའི་ཕྲེང་རྡོག་རྒྱུན་མ་ཆད་པར་གཤམ་དུ་འབབ་བཞིན་སློབ་ཁང་དུ་ཕྱིར་ལོག་སོང༌།
དེའི་རྗེས་བདེ་སྐྱིད་ལ་འགྲོ་རོགས་དེབ་དང་སྡོད་རོགས་དེབ་ལས་མེད་པས་རྟག་པར་དོན་གྲུབ་དྲན་རིམ་བཞིན་ཉིན་ཐོ་འགོད་དེབ་ནང་འབྲི་བ་དང་ཉིན་ལྟར་དོན་གྲུབ་ཀྱི་འཕྲིན་ཡིག་ལ་རེ་སྒུག་བྱེད་པ་ལས་གཞན་བྱ་ཐབས་གང་ཡང་མ་རྙེད། དོན་གྲུབ་སློབ་གྲྭ་ནས་ཕྱིར་ཐོན་པ་ནས་བཟུང་སློབ་གྲྭའི་ཕོ་གསར་འགའ་ཤས་ཤིག་གིས་བདེ་སྐྱིད་ཀྱི་པ་འགུག་གང་ཐུབ་བྱེད་པ་མ་ཟད། ཡི་གེ་ཡང་ཇེ་མང་དུ་བཏང་ཡང༌། བདེ་སྐྱིད་ཀྱིས་དོན་གྲུབ་དྲན་པའི་གདུང་བས་ཡི་གེ་དེ་དག་ཁ་ཡང་མ་ཕྱེ་པར་རེ་རེ་བཞིན་མེ་ལ་བསྲེགས།
དེ་ལྟར་ཟླ་བ་བཞི་ཙམ་སོང་རྗེས་དགེ་རྒན་གྱི་དུས་ཆེན་གྱི་ཉིན་ཞིག་ལ་རྒྱ་ཆེའི་སློབ་མ་ཡོངས་རྫོགས་དགའ་བའི་བྲོ་དང་སྐྱིད་པའི་གར་ལ་རོལ་བཞིན་ཡོད་མོད། བདེ་སྐྱིད་ནི་དེ་ལས་ལྡོག་སྟེ་སྔོན་དོན་གྲུབ་དང་གླེང་མོལ་བྱེད་སའི་ཤིང་སྡོང་དེའི་འོག་ཏུ་སོང་ནས་ཉིན་ཐོ་འབྲི་འགོ་བརྩམས། སྐབས་དེར་བསོད་ནམས་དགའ་སྤྲོའི་ངང་བདེ་སྐྱིད་ཀྱི་ཕྱོགས་སུ་རྒྱུགས་ཡོང་ནས་ཕྱག་བྲིས་ཤིག་མོ་ལ་སྤྲད། བདེ་སྐྱིད་ཀྱིས་དགའ་སྐྱོ་གཉིས་ལྡན་གྱི་མཆི་མ་གཏོང་བཞིན་ཡུན་རིང་རེ་སྒུག་གི་སྐོམ་སེལ་འཕྲིན་ཡིག་ཁ་ཕྱེ་སྐབས་དོན་གྲུབ་ཀྱི་འདྲ་པར་ཞིག་ཕྱི་ལ་མངོན་ཞིང་ཡི་གེ་ཀློག་འགོ་བརྩམས་པ་འདི་ལྟར་ལགས།
༄༅། །མཛའ་སེམས་གསེར་སྐུད་ཕྲ་མོས་བཅིངས་པའི་སྙིང་སྡུག་བདེ་སྐྱིད་ལགས།
བར་ལམ་མ་མཇལ་ཟླ་ཤས་རིང་ལ་ཁྱེད་རང་སྐུ་གཟུགས་བདེ་ཐང་ཡིན་ནམ། བློ་དམན་ང་རང་བདེ་ལེགས་ངང་ལྷ་སར་འབྱོར་ཞིང་ཨ་ཕའི་བཀའ་བཞིན་ཚོང་ཙག་ཙིག་རྒྱག་བཞིན་ཡོད། ད་དུང་ང་ཚོ་ལྷ་སའི་ནང་གི་་་་སོགས་མཇལ་དུ་ཕྱིན་པས་རེ་རེ་བཞིན་མཇལ་རྒྱུའི་གོ་སྐབས་ཐོབ་བྱུང་བ་བཅས། དོན་གྲུབ་ནས་ཟླ་ཚེས་ལ།
ཕུལ།
བདེ་སྐྱིད་ཀྱིས་འཕྲིན་ཡིག་དེ་བཀླགས་ཚར་མ་ཐག་མོའི་ཡིད་ཀྱི་གདུང་བ་ཐམས་ཅད་སྐད་ཅིག་ཉིད་ལ་རྒྱང་དུ་བསྐྲད་པས་གདོང་ལ་བཅོས་མིན་གྱི་འཛུམ་ཞིག་རང་བཞིན་དུ་གྲུབ་པ་མ་ཟད། ང་རང་དོན་གྲུབ་ཀྱི་མདུན་དུ་འགྲོ་བའི་དུས་ཚོད་ནི་ནམ་ཡིན་ནམ་སྙམ་པའི་ཐེ་ཚོམ་ཞིག་དང་མཉམ་དུ་ཉལ་ཁང་དུ་རྒྱུགས་སོང༌། ལོ་ཟླའི་ཕྲེང་རིམ་གྱི་དུས་ཚོད་ནི་རིམ་གྱིས་འཁོར་ཏེ་ཡུན་རིང་མ་འགོར་བར་བདེ་སྐྱིད་ཀྱང་སློབ་མཐར་ཕྱིན་ཅིང་རྒྱུགས་འབྲས་མཆོག་ཏུ་གྱུར་པ་ཞིག་ཐོབ་པ་དང་སྦྲགས་མུ་མཐུད་མཐོ་སློབ་ཀྱི་སློབ་གཉེར་ཡང་ལྷ་སར་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་བྱ་རྒྱུ་རག་པས། ད་ནི་དོན་གྲུབ་དང་མཉམ་སྡོད་བྱེད་རྒྱུའི་རེ་བ་ཡོངས་སུ་འགྲུབ་སོང་སྙམ་ནས་དགའ་སྤྲོས་ཡིད་སེམས་ཁེངས་ཤིང་སློབ་འགོ་ཚུགས་རྒྱུ་ལ་དེ་བས་བྲེལ་བ་ལངས།
    ལོ་དེའི་དབྱར་ཟླ་དྲུག་པར་བདེ་སྐྱིད་ཀྱིས་དངོས་པོ་ཐམས་ཅད་གྲ་སྒྲིག་བྱས་ཏེ་གཞུང་ལམ་གྱི་སྟེང་ནས་ལྷ་སའི་འགྲུལ་བཞུད་རླངས་འཁོར་སྒུག་ནས་སྡོད་སྐབས། ཏུའུ་་་་ཏུའུ་་་་ཟེར་བཞིན་རླངས་འཁོར་ཞིག་བདེ་སྐྱིད་བསུ་མཁན་ཞིག་དང་གཉིས་སུ་མ་མཆིས་པར་མདུན་དུ་སླེབས་པས་སྐད་ཆ་འདྲི་སྐབས་ལྷ་སར་འགྲོ་མཁན་ཡིན་པ་ཤེས་པས་ལམ་སེང་དེའི་ནང་ཆས། ཉིན་མཚན་དྲུག་ལ་བཞུད་པས་མཐར་ལྷ་སར་འབྱོར་ཞིང༌། དོན་གྲུབ་ཀྱང་གཞུང་ལམ་དེའི་སྟེང་སྒུག་ནས་བསྡད་ཡོད་པས་བདེ་སྐྱིད་ཐུག་མ་ཐག་དགའ་བའི་མཆི་མ་ལྷུང༌། དོན་གྲུབ་ཀྱིས་དེའི་ཉིན་བདེ་སྐྱིད་ཁྲིད་ནས་ཇོ་ཁང་སོགས་ལ་མཆོད་མཇལ་དུ་ཁྲིད། དེ་རྗེས་མཉམ་དུ་སློབ་གྲྭ་ཆེན་མོར་མིང་ཐོ་འགོད་པར་ཕྱིན་པ་དང༌། དེ་ནས་བདེ་སྐྱིད་ཁོང་གཉིས་ཟ་ཁང་ཞིག་གི་ནང་ཞལ་ལག་བཞེས་རྗེས་རང་རང་གི་གནས་སུ་གྱེས་ཏེ་མ་འགྲོ་ཀ་མེད་གྱུར།
ཉིན་དེ་ནས་བཟུང་དོན་གྲུབ་ལ་བར་གསེང་ཅུང་ཙམ་རག་དུས་ཨ་ཕ་ལ་མགོ་སྐོར་བཏང་ནས་སློབ་གྲྭ་ཆེན་མོ་དེའི་ནང་དུ་བདེ་སྐྱིད་ཐུག་ཏུ་འགྲོ་བ་དང༌། བདེ་སྐྱིད་ཀྱང་དོན་གྲུབ་ཉིན་གཅིག་མ་ཐུག་ན་ཡིད་སེམས་སྟོང་སེང་སེང་དུ་གྱུར་ཏེ་ལུས་ཀྱི་ཡོད། དེ་ནས་ཡུན་རིང་མ་འགོར་བར་གནས་ཚུལ་དེ་ལྷ་སའི་མར་འཚོང་མཁན་ཚང་མས་ཤེས་ཤིང་ཡོད་པ་བརྒྱུད་དོན་གྲུབ་ཀྱི་ཨ་མས་ཀྱང་མཁྱེན། དོན་གྲུབ་ཀྱི་ཨ་མས་བསམ་བློ་གཏོང་བཞིན་རང་གི་བུར་བརྗོད་གསལ། དོན་གྲུབ་ཁྱེད་རང་ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་བུ་མོ་ཞིག་ལ་བརྩེ་དུང་གི་འབྲེལ་བ་ཡོད་པ་གོ་ཐོས་བྱུང༌། ཁྱེད་ཀྱིས་རང་གི་ཕ་མར་གདེང་འཇོག་མི་བྱེད་དམ། ངེད་ཕ་མ་གཉིས་ལ་གཅེས་ཕྲུག་ཁྱེད་ལས་མེད་པས་ཁྱེད་ཀྱིས་བག་མེད་ཀྱི་སྤྱོད་པ་འདི་འདྲ་བྱས་ན་ངོ་མི་ཚའམ། ཁྱེད་ཀྱི་ཚེ་གང་གི་འདུན་མ་ང་ཚོས་སྔ་ས་ནས་བཙལ་ཡོད། ཅེས་སྐད་ཆའི་མཇུག་མ་རྫོགས་གོང་དོན་གྲུབ་ནི་གཤོག་སྒྲོ་མེད་པའི་བྱ་ཞིག་གིས་ནམ་འཕང་གཅོད་པ་དང་འདྲ་བར་གྱུར་ཏེ་ཚིག་ལན་གཅིག་ཀྱང་མ་སློག་པར་ཁྱར་ཁྱོར་ངང་ནས་སློབ་གྲྭ་ཆེན་མོ་དེའི་ཕྱོགས་སུ་སོང་སྟེ་བདེ་སྐྱིད་བསྒུགས་ནས་བསྡད།
ཅུང་ཙམ་འགོར་རྗེས་བདེ་སྐྱིད་དབུགས་སྟོད་ལ་འཚང་བ་བཞིན་དོན་གྲུབ་ཀྱི་མདུན་དུ་བྱ་འཕུར་བ་ལྟར་རྒྱུགས་ཡོང༌། དེར་སླེབས་པ་དང་དོན་གྲུབ་ཀྱི་གདོང་མདོག་དེ་མཐོང་བ་དང་སྦྲགས་རེ་ཞིག་ཧང་སང་པའི་སྒོ་ནས་སྨྲས་པ། དོན་གྲུབ་ག་རེ་བྱས་སོང༌། ང་དང་འགྲོགས་མི་འདོད་པ་ཡིན་ནམ་ཞེས་དྲིས། དོན་གྲུབ་ཀྱིས་རང་གི་ཨ་མས་བཤད་པ་ཇི་བཞིན་བརྗོད་དུས། བདེ་སྐྱིད་ནི་རྩ་བ་ཆད་པའི་སྡོང་རྒན་ཇི་བཞིན་ས་ལ་འགྱེལ་ནས་ཅི་ཡང་མི་ཚོར་བར་གྱུར། དོན་གྲུབ་འཇིགས་སྣང་དང་དངངས་སྐྲག་ངང༌། བདེ་སྐྱིད་ཀྱི་མགོ་བོར་ཆུ་གཏོར་བ་སོགས་བྱས་ནས་མྱུར་དུ་སྐྱོར་ནས་དྲན་པ་གསོས་ཐབས་བྱས། གང་ཙམ་ནས་དྲན་པ་སོས་ཙམ་བྱུང་བས་ཁོ་དགའ་སྣང་དང་ལྷན་དུ་བདེ་སྐྱིད་ལ་སེམས་གསོ་མང་པོ་བྱས་རུང༌། བདེ་སྐྱིད་ཀྱིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པ་མ་ཟད། ཕྱིར་མིག་ཙམ་ཡང་མ་བལྟས་པར་ཐད་ཀར་སློབ་གྲྭའི་ནང་ཤར་རེ་བསྐྱོད་དོ། །
དེ་ནས་བཟུང་གཞོན་ནུ་དེ་གཉིས་ཀྱི་བརྩེ་དུང་གི་མེ་ཏོག་དེ་སད་སེར་གྱིས་བཅོམ་ནས་གར་སོང་མེད་པས་ལོ་རྒྱུས་ནང་རྗེས་དྲན་བྱ་རྒྱུ་ཞིག་ལས་མ་འདས་སོ།། །།

ཁུ་བྱུག་རྒྱལ་པོར་བསྐོས་པ།

མ་སུ་རི་སློབ་དགེ་བུ་མོ་ཚེ་རིང་ལྷ་མོས་བཏུས།

    གནའ་སྔ་མོ་སྔ་མོ་བྱ་རྣམས་ལ་བྱ་ཡི་རྒྱལ་པོ་ཞིག་བསྐོ་རྒྱུའི་བསམ་ཚུལ་གཅིག་གྱུར་བྱུང་སྟེ་བྱ་དམངས་ཚོགས་ནས་གྲོས་བསྡུར་བྱས་པ་རེད། བྱ་ཁ་ཤས་ཀྱིས་ཁྱུང་ཆེན་གཟུགས་སྟོབས་ཆེ་ལ་སྤུ་མདོག་མཛེས་པས་རྒྱལ་པོ་བྱས་ན་བཟང་ཚུལ་བཤད་པས། བྱིའུ་མཐེབ་ཏོག་གིས། ཏིག་ཏིག་ཏིག་བྱ་ཆེ་ཆུང་ལ་མ་གཟིགས་སྤུ་ཆ་ཡག་ཉེས་ལ་གཟིགས་ཞེས་སྐད་བརྒྱབ། ཡང་བྱ་ཁ་ཅིག་གིས་བྱིའུ་འཇོལ་མོ་དེ་གསུང་སྐད་སྙན་པས་རྒྱལ་པོར་བསྐོ་གཞག་བྱས་ན་བཟང་ཚུལ་བཤད་པས། བྱིའུ་ཏིང་ཏིང་མས། སྐད་སྙན་པོ་འདྲ་འདྲ་ཡིན་ཞེས་སྐད་བརྒྱབ། བྱ་ཁ་ཤས་ཀྱིས་ཐང་དཀར་རྒོད་པོ་དེ་གཤོག་རྩལ་ཆེ་ལ་གཟུགས་སྟོབས་ཆེ་བས་བྱ་ཡི་རྒྱལ་པོར་བཟང་ཚུལ་བཤད་པས། དེ་བཞིན་བྱ་ཆེ་བ་རྣམས་ཀྱིས་ཆག་སྒོ་མེད་ན་ཆེ་ཙམ་ཡག་ཅེས་སྐད་ཅོར་བརྒྱབ་པས་མཐའ་མའི་ཐག་གཅོད་ཅིག་རྩ་བ་ནས་མ་བྱུང་བ་རེད།
བྱ་པུ་ཤུད་ཀྱིས་བྱ་གཞན་རྣམས་ཀྱིས་སྐད་བརྒྱབ་པའི་དུས་དེ་ལ་རང་ཉིད་ཕར་འགྲོ་ཚུར་འོང་བྱེད་ཀྱིན་བསམ་བློ་གང་ཙམ་བཏང་རྗེས། ཏོག་ཙམ་སྒུགས་དང་ཞེས་སྐད་བརྒྱབ་པ་དང་སྦྲགས། མགྲིན་པ་གཟེངས་ཙམ་བྱས་ཏེ་ངས་བལྟས་ན་ད་ལྟའི་བསམ་ཚུལ་ཚང་མ་ཕྱོགས་གཅིག་གིས་མོས་ཀྱང་གཅིག་གིས་མོས་མཐུན་བྱེད་ཀྱི་མི་འདུག དེ་ལས་ངས་བལྟས་ན་སང་ཉིན་ཞོགས་པ་ཉི་མ་ཤར་བ་སུས་སྔོན་ལ་མཐོང་མཁན་དེ་བྱ་ཡི་རྒྱལ་པོར་བསྐོ་བཞག་བྱས་ན་བསམ་འཆར་ག་རེ་འདུག་ཅེས་གྲོས་དྲིས་པས་ཚང་མ་ཐུག་པ་འཁོལ་བའི་སྒང་ལ་ཆུ་གྲང་མོ་བླུགས་པ་ལྟར་གྱུར་ཏེ་མགྲིན་གཅིག་ཏུ་མོས་མཐུན་བྱས། སང་ཞོགས་ནམ་གསལ་མ་ཐག བྱ་དམངས་རྣམས་འཛོམས་ཏེ་ཤར་རི་མཐོན་པོའི་རྩེ་ལ་མིག་ཅེ་རེར་བལྟས་ནས་བསྡད་ཡོད་ཅིང་རང་ཉིད་ཀྱིས་ཉི་མ་ཤར་བ་སྔོན་ལ་མཐོང་བའི་འབད་བརྩོན་བྱེད་ཀྱི་ཡོད། སྐབས་དེར་སྤྱང་གྲུང་ལྡན་པའི་འང་གུས་ནུབ་རིའི་ལྡེབས་ལ་བལྟས་ནས་བསྡད་པ་རེད། ཁུ་བྱུག་གི་བསམས་པར། ཉི་མ་ཤར་ནས་ཤར་གྱི་ཡོད་ཀྱང་འང་གུ་ནུབ་ལ་ལྟ་དགོས་དོན་གང་ཡིན་ནམ་སྙམ། གང་ཙམ་ནས་ནུབ་ཕྱོགས་སྤང་རིའི་ལྡེབས་ལ་ཉི་མའི་འོད་ཟེར་སེར་ལྷག་གེར་ཤར་བ་ན། འང་གུས་ལམ་སེང་ཉི་མ་ཤར་སོང་ཞེས་སྐད་རྒྱག་རྩིས་བྱེད་སྐབས་ཁུ་བྱུག་གིས་གནས་ཚུལ་དེ་ཤེས་ཏེ་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་རྩམ་པ་དེ་ལམ་སེང་འང་གུའི་ཁའི་ནང་བཤོས། ཨ་ཇོ་འང་གུ་རྩམ་པ་འགོམས། ཉི་མ་ཤར་བ་ངས་མཐོང༌། ཉི་མ་ཤར་བ་ངས་མཐོང༌། ཞེས་སྐད་བརྒྱབ་པ་ན། འང་གུ་ནི་ཁ་རྩམ་པས་འགགས་ཏེ་འུང་གུ་་་འུང་གུ་ཟེར་རྒྱུ་ཙམ་ལས་མེད་པ་ཆགས་པས་བྱ་གཞན་རྣམས་ཀྱིས་ཁུ་བྱུག་གིས་ཉི་མ་ཤར་བ་དང་པོ་མཐོང་བ་རེད་བསམས་ནས། བྱ་རྒྱལ་ལ་ངོས་འཛིན་བྱས་པ་རེད།
ཁུ་བྱུག་བྱ་རྒྱལ་དུ་བསྐོས་པ་དང་བྱ་ཁྲིམས་གང་མང་གཏན་འབེབས་བྱས་ཤིང༌། དཔྱིད་མཇུག་དང་དབྱར་སྟོད་དུ་ཁུ་བྱུག་མོན་ནས་སླེབས་ཏེ་གསུང་བྱོན་རན་པའི་དུས་སུ་བྱ་གཞན་རྣམས་ཤིང་སྡོང་རྩེ་དང་རིའི་སྒང་ལ་བསྡད་ཆོག་གི་མེད་པར་རི་འདབས་དང་ས་ལ་བབས་ནས་སྡོད་ཀྱི་ཡོད་པ་ང་ཚོའི་མི་རབས་གོང་མ་རྣམས་ཀྱིས་ཡ་མཚན་བྱེད་མི་དགོས་པར་མཐོང་ཆོས་སུ་ཡོད་ནའང༌། དེང་སྐབས་བྱ་ཁྲིམས་རྟ་རྔ་ཙམ་ཞིག་པས་བྱ་རྣམས་རི་འདབས་དང་ས་སྟེང་ལ་ཆེད་དུ་འབབ་དགོས་ཀྱི་མེད་པ་དེ་ལྟར་ཡིན་ཚུལ་བརྗོད་ཡོད།
བྱ་རྒྱལ་འདེམས་རྒྱུ་དེ་རྩོད་རྙོག་མེད་པའི་སྒོ་ནས་ལེགས་གྲུབ་བྱུང་བར་བྱ་རྣམས་ཀྱིས་སྤུ་ཤུད་ཀྱི་བློ་གྲོས་ལ་བསྔགས་བརྗོད་ཆེན་པོ་བྱས་ཏེ་བྱ་སྤུ་ཤུད་དེ་བྱ་ཡི་དྲུང་ཡིག་དུ་བསྐོ་བཞག་བྱས་པ་རེད། དེར་བརྟེན་མི་རྣམས་ཀྱིས་སྤུ་ཤུད་ཀྱི་མཆུ་ཏོ་རིང་པོ་ཡོད་པ་དེ་དྲུང་ཡིག་གི་སྨྱུ་གུ་ཡིན་ཚུལ་བརྗོད་ཀྱི་ཡོད།

བདག་གི་ཨ་ཕ།

བཀྲིས་དོན་གྲུབ།

    བདག་ཆུང་དུས་ནས་ཨ་མ་དང་ལྷན་དུ་བསྡད་ཅིང༌། ལོ་དྲུག་ཐོག་ད་གཟོད་ཨ་ཕ་དང་ལྷན་དུ་སྡོད་དགོས་བྱུང༌། ཨ་ཕ་དང་ལྷན་དུ་གནས་པ་དེ་ཨ་མ་ལྟ་བུའི་སྙིང་ཉེ་བའི་ཚོར་སྣང་ཞིག་བྱུང་མ་མྱོང༌། ཨ་ཕ་གཞུང་དོན་ཆེད་ཕྱོགས་བསྐྱོད་དུ་ཕེབས་ནས་རྒྱུན་རིང་པོ་འགོར་སོང༌། བར་ལམ་གློ་བུར་དུ་བདག་གིས་ཨ་ཕ་ཧ་ཅང་དྲན་བྱུང་བ་མ་ཟད། ཁོང་བདག་ལ་ཧ་ཅང་སྙིང་ཉེ་པོ་ཡོད་པའི་ངེས་ཤེས་ཀྱང་སྐྱེས་བྱུང༌།
ཨ་ཕའི་གཤིས་ཀ་ཤིན་ཏུ་འཇམ་པས། བདག་ཁོང་དང་ལྷན་དུ་རྩེད་མོ་རྩེ་བར་ཤིན་ཏུ་དགའ། སྐབས་འགར་ཁོང་རྒྱུན་གཏན་ལྟར་ཞི་འཇམ་ལྡན་པ་ཞིག་མ་ཡིན་པས། བདག་གི་བློ་ཡུལ་ལས་རིང་དུ་འདས།
   བྱིས་པ་སུ་ཡིན་ཡང་རྔན་པ་ཟ་རྒྱུར་ཤིན་ཏུ་དགའ། ཆུང་དུས་ཨ་མ་དང་ལྷན་དུ་ཕྱི་ལོགས་སུ་བསྐྱོད་སྐབས། ག་དུས་ཡིན་ཡང་ཟས་མི་ཚར་བའི་རྔན་པ་མང་དག་ཅིག་གནང་གི་ཡོད། འོན་ཀྱང་ཨ་ཕ་དང་ལྷན་དུ་སྡོད་སྐབས། བདག་ལ་རྔན་པ་རག་རྒྱུ་ཡང་ཆེས་ཉུང་དུ་སོང༌། ཐེངས་གཅིག་བདག་ཁ་སྐོམ་སྟེ། ཁོང་ལ་འཁྱགས་པ་བྱི་རིལ་ཞིག་ཉོ་རོགས་ཞུས་ཀྱང༌། ཁོང་གིས་ད་དུང་སྣང་མེད་ཀྱིས། འཁྱགས་པ་བྱི་རིལ་ཉོ་ནས་ཅི་བྱེད། མདུན་གྱི་ཟ་ཁང་ཞིག་ནང་ཆུ་གྲང་མོ་འཐུང་ཆོག་གསུངས་བྱུང༌། དེར་བརྟེན། བདག་གིས་བཟོད་པ་སྒོམ་བཞིན་ཁོང་དང་ལྷན་དུ་མདུན་ཕྱོགས་སུ་བསྐྱོད་ནའང༌། ཆུ་གྲང་མོ་བཙོང་སའི་ཟ་ཁང་གཅིག་ཀྱང་མ་མཐོང་བས། བདག་གི་བསམ་པར། ཨ་ཕ་ང་ལ་དེ་ཙམ་སྙིང་ཉེ་པོ་མི་འདུག་སྙམ།
དུས་རྒྱུན། ཨ་ཕས་ག་དུས་ཡིན་ཡང་ཁ་ཁུ་སིམ་མེར་དཔེ་དེབ་ཀློག་གིན་སྡོད་ཅིང༌། བདག་གཅིག་པུར་རྩེད་མོ་རྩེ་འདོད་མེད་སྐབས། ཁོང་རྩེད་རོགས་སུ་སྐད་གཏོང་གི་ཡོད། འོན་ཀྱང༌། ཁོང་གིས་ག་དུས་ཡིན་ནའང་ལག་པ་གཡུག་གཡུག་ཙམ་བྱས་ཏེ་བདག་ལ་སྒུག་ཏུ་འཇུག་པ་ཡིན། ཁོང་གིས་ཏོག་ཙམ་སྒུགས་དང་གསུང་སྐབས་ཉུང་མཐར་ཡང་ཆུ་ཚོད་ཕྱེད་ཀ་ཙམ་འགོར་ངེས་ཡིན་སྟབས། བདག་ལ་རྟག་པར་ལག་པ་གཡུག་གཡུག་བྱས་ཏེ་ཅུང་ཙམ་སྒུགས་དང་ཞེས་པའི་ངག་བརྡ་གཏོང་བའམ། ཡང་ན་སྐད་ཆ་ཚིག་འགའ་བཤད་རྗེས། མུ་མཐུད་དེ་དཔེ་དེབ་ཀློག་ངེས་ཡིན་པས། བདག་ནི་ཉོབ་ཐག་ཆོད་དེ་ཁོང་གཡུགས་ཏེ་སོང་བ་ཡིན། བདག་གི་བསམ་པར། ཨ་ཕ་ནི་མི་མགོ་མཁྲེགས་པོ་ཞིག་ཡིན་པར་སྙམ།
བདག་འཚར་ལོངས་འབྱུང་བ་དང་ཆབས་ཅིག བདག་གིས་ཨ་ཕ་ལ་སློབ་སྦྱོང་ཐད་སྐད་ཆ་འདྲི་རྒྱུ་ཡང་རིམ་བཞིན་ཇེ་མང་དུ་སོང༌། དང་ཐོག་ཁོང་གིས་ངང་རྒྱུད་རིང་པོས་འགྲེལ་བཤད་བསྐྱོན་ནའང༌། ངེད་གཉིས་ཀྱི་བསམ་ཚུལ་ག་དུས་ཡིན་ཡང་གཅིག་གྱུར་ཆགས་ཐུབ་ཀྱི་མི་འདུག སྐབས་འགར་ངས་རང་ཉིད་ཀྱི་ནོར་འཁྲུལ་ཆུང་ངུ་ཁག་ངོས་ལེན་མི་བྱེད་སྐབས། ཨ་ཕས་བདག་ལ་མིག་ལོག་བལྟ་ཞིང༌། འགྲམ་རྩའང་སྔོན་པོར་གྱུར་འགྲོ་བས་ཞེད་སྣང་ཧ་ཅང་ཆེ། བདག་ཁོང་ལ་སྐྲག་ནའང་མ་སྐྲག་མདོག་མདོག་བྱས་ཏེ་ཁ་རྩོད་བརྒྱབ་པས། ཁོང་གིས་བདག་ལ། ཁྱོད་ཀྱིས་སློབ་སྦྱོང་ལ་ལྟ་བ་འདི་ལྟར་བཟུང་ཚེ། མ་འོངས་པར་གྱོང་གུད་ཆེན་པོ་ཕོག་ངེས་ཡིན། ཞེས་སྔོན་བརྡ་ཡང་གནང༌། ཡིན་ནའང༌། བདག་གིས་སྣང་མེད་བྱས་པ་མ་ཟད། ད་དུང་ཁོང་གིས་ང་ལ་ཞེད་སྣང་བསྐུལ་བར་སྙམ། མཐའ་མཇུག ཁོང་གི་གསུང་ཚིག་ཚང་མ་ལུང་བསྟན་བཞིན་དུ་མངོན་དུ་གྱུར་བྱུང༌། བདག་ལ་ད་ལྟ་གྱོང་གུད་ཆེན་པོ་བྱུང་བས། དེ་སྔོན་ཁོང་གིས་གསུངས་པ་ལྟར་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་སློབ་སྦྱོང་བྱེད་པའི་གོམས་གཤིས་འཇགས་ཐབས་མ་བྱས་པར་འགྱོད་པ་ཤིན་ཏུ་ཆེ།
བདག་གི་སློབ་སྦྱོང་གི་གྲུབ་འབྲས་ནི་སྐབས་རེར་ལེགས་ཤིང་སྐབས་རེར་དམན་པས། གྲུབ་འབྲས་ལེགས་སྐབས་བདག་གིས་ང་རྒྱལ་བྱས་ཤིང༌། གྲུབ་འབྲས་དམན་དུས་བློ་ཞུམ་པའི་ངང་ཚུལ་དེ་ཨ་ཕས་མཐོང་མི་བཟོད་པ་ཡིན། ལོ་གསར་སྐབས་ཨ་ཕའི་ནང་དུ་མཐོ་སློབ་ཀྱི་དགེ་རྒན་ཁག་ཅིག་ཕེབས་བྱུང༌། ཁོང་ཚོའི་གཏམ་གླེང་ནང་སོ་སོ་རང་ཉིད་ཀྱི་ཕྲུ་གུའི་སློབ་སྦྱོང་ལ་གདེང་སྤོབས་ཆེན་པོ་མངོན་གྱི་འདུག་ནའང༌།  ཨ་ཕས་ནི་བདག་ལ་གདོང་གཏད་དེ། ཁོ་ཡོད་པ་མ་རེད། འབྲིང་རིམ་སློབ་གྲྭའི་ནང་རྨང་གཞི་བརྟན་པོ་མེད་ཁར། རྩེད་མོར་རྔམས་དྲཌ་པས། ཚན་རིག་སློབ་གཉེར་བྱེད་པའི་ཚད་ལོང་གི་མ་རེད་གསུངས། སྐབས་དེར་བདག་ནི་ངོ་ཚས་གདོང་མདོག་དམར་པོར་གྱུར་མོད། ནན་གྱིས་མིག་ཆུ་མ་བཏང་བར་སྒོམ་ནས་བསྡད་པ་ཡིན། བདག་གིས་མཐོང་གསལ་ཞིག་ལ། ཨ་ཕས་སྐད་ཆ་དེ་གསུངས་པ་དང་ཆབས་ཅིག་ཞལ་རས་དམར་པོར་གྱུར་སོང༌། འོན་ཀྱང༌། བདག་ནི་ཁོང་ལ་སྡང་སྟེ། ཁོང་གིས་བདག་ལ་ཆ་མཐོང་གང་ཡང་མི་གནང་བས་བདག་ལ་ཐུགས་རེའང་ཆེན་པོ་གཏད་མེད་པར་སྣང༌།
དུས་དེ་ནས་བཟུང༌། བདག་ཅུང་བློ་ཞུམ་པ་དང་ཆབས་ཅིག ཨ་ཕ་ལ་ཅུང་སྐྲག་པར་གྱུར། ངས་ཨ་ཕའི་ཤེས་ཡོན་གྱི་གནས་ཚད་ཇི་ཙམ་ཡིན་མིན་མི་ཤེས་ཀྱང༌། མཐོ་སློབ་ཀྱི་སློབ་ཕྲུག་དང་དགེ་རྒན་ཁག་ཅིག་རྒྱུན་དུ་ཨ་ཕའི་མདུན་དུ་ཡོང་ནས་བགྲོ་གླེང་མང་པོ་བྱེད་པ་ཙམ་ལས། བདག་གིས་ཁོང་ལ་མོས་གུས་བྱེད་ཀྱི་མེད། ཕྱིས་སུ་བདག་གི་འཛིན་གྲྭའི་དགེ་རྒན་གྱིས་གསུངས་པ་ལྟར་ན། ཨ་ཕ་ནི་ད་ལྟ་རང་རེའི་སྤྱི་ཚོགས་ནང་ཆེས་དཀོན་པའི་འབྲིང་རིམ་སློབ་གྲྭའི་ཚན་རིག་དགེ་རྒན་ཕུལ་བྱུང་ཞིག་ཡིན་པ་མ་ཟད། བོད་ཀྱི་ཚན་རིག་སློབ་དེབ་ཐོག་མར་རྩོམ་སྒྲིག་བྱེད་མཁན་གྱི་རླབས་ཆེན་མི་སྣ་ཞིག་ཡིན་པའང་ཐོས། འོན་ཀྱང༌། དུས་རྒྱུན་ཨ་ཕས་བདག་གི་སློབ་སྦྱོང་ལ་བསྐུལ་འདེད་གནང་བ་ཙམ་ལས། ཁོང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་གནས་བབ་བདག་ལ་ནམ་ཡང་གསུངས་མ་མྱོང༌། དེ་སྔོན་གྱི་ཁོང་གི་སྤྱོད་ཚུལ་ཐམས་ཅད་ཇི་འདྲའི་དོན་དངོས་དང་འཚམས་ཤིང་སྙིང་ཉེ་བ་ལའང༌། དེས་ན། བདག་ནི་དངོས་གནས་ལྐུགས་པ་ཞིག་མ་ཡིན་ནམ།
བདག་གིས་ཨ་ཕ་གང་མགྱོགས་ཕྱིར་ལོག་པར་རེ་སྒུག་བྱས། ཁོང་གིས་དེ་སྔ་ལྟར་བདག་གི་སློབ་སྦྱོང་ལ་ལམ་སྟོན་གནང་སྟེ། བདག་ལ་རྒྱབ་རོགས་གནང་ན་ཅི་མ་རུང་བསམ། དེ་དང་ཆབས་ཅིག བདག་གིས་ཁོང་ལ་ཞུ་རྒྱུར། ངས་ཁོང་གི་ཞི་དུལ་གྱི་གཤིས་རྒྱུད་དང༌། བསླད་མེད་ཀྱི་བརྩེ་དུང༌། གཏིང་མི་མངོན་པའི་ཤེས་ཚད་བཅས་ཡོད་ཚད་ཀྱི་རྗེས་སུ་འབྲངས་ཏེ་ཤེས་སྤྱོད་གཉིས་ལྡན་གྱི་བོད་མི་ཞིག་བྱེད་པའི་ཆོད་སེམས་བརྟན་པོ་འཛུགས་རྒྱུ་ཡིན།
མཆན། རྩོམ་ཡིག་འདིའི་ནང་ཐོག་མར་ཨ་ཕ་ནི་མགོ་བོ་མཁྲེགས་ཤིང༌། བརྩེ་བ་མེད་པ་ལྟ་བུ་ཞིག་ཡིན་པ་དཔེར་ན། ཨ་ཕས་ཁོ་པར་མིག་ལོག་ལྟ་ཞིང༌། འགྲམ་རྩའང་སྔོན་པོར་གྱུར་འགྲོ་བས་ཞེད་སྣང་ཧ་ཅང་ཆེ་ཞེས་པ་བཅས་བྲིས་ཡོད། འོན་ཀྱང་དུས་ཡུན་གང་འཚམས་འགྲོགས་རྗེས། ཁོ་པས་ཨ་ཕ་རྒྱུས་ལོན་བྱུང་བ་སྟེ། ཨ་ཕས་རང་ཉིད་ཀྱི་བུའི་སྐྱོན་ཆ་སྦ་གསང་ངམ་རྒྱབ་རྩ་མི་གནང་བའི་གཤིས་རྒྱུད་བྲིས་ཡོད། རྩོམ་ཡིག་གི་མཇུག་ཏུ། ངས་ཁོང་གི་ཞི་དུལ་གྱི་གཤིས་རྒྱུད་དང༌། བསླད་མེད་ཀྱི་བརྩེ་དུང༌། གཏིང་མི་མངོན་པའི་ཤེས་ཚད་བཅས་ཡོད་ཚད་ཀྱི་ཡོད་ཚད་རྒྱུས་ལོན་བྱས་ཟིན་ཞེས་རྩོམ་ཡིག་ཧྲིལ་པོའི་ནང་དོན་འགྱུར་ཁུག་ལྡན་ཞིང༌། མི་སྣའི་རང་གཤིས་འབུར་དུ་ཐོན་པ་མ་ཟད། མི་སྣའི་གཏམ་གླེང་སྤྱད་དེ་ཁོང་ཚོའི་བསམ་བློ་དང༌། གཤིས་རྒྱུད་མཚོན་ཞིང༌། རྩོམ་ཡིག་གི་བརྗོད་དོན་སྙིང་པོའང་འབུར་དུ་བཏོན་ཡོད།

བྱི་ལ་དོམ་ཆུང་དང་སྤྲེའུ་གསེར་མདོག་ཅན།

རྡོར་གླིང་ཆོས་དགེ་བསྟན་འཛིན་ཀླུ་སྒྲུབ།

    མཛེས་ཤིང་ཡིད་དུ་འོང་བའི་ཡུལ་ལྗོངས་ཀྱི་མཐའ་སྐོར་དུ་ལྟ་ན་སྡུག་པའི་ཤེལ་གྱི་མཆོད་རྟེན་དགུང་ལ་རེག་པ་ལྟ་བུའི་གངས་ཀྱི་རི་བོས་ཀུན་ནས་བསྐོར་ཅིང༌། དྭངས་ཤིང་བསིལ་བའི་ཆུ་བོ་ཡན་ལག་བརྒྱད་ལྡན་དང༌། མཚོ་དང་མཚེའུ་རྣམ་པར་བཀྲ་བ། ཆུ་བྱ་དང་ངང་པ། ངུར་པ་ལ་སོགས་བྱ་རིགས་སྣ་ཚོགས་ཀྱིས་འགྱུར་ཁུག་ལྡན་པའི་གསུང་སྙན་སྒྲོག་ཅིང་འཕུར་ལྡིང་གིས་དགའ་བདེར་རོལ་བ། དབྱར་གྱི་དུས་སུ་ལྷ་ཡི་སྐྱེད་མོལ་ཚལ་ལྟར་ཁ་དོག་རྣམ་པར་བཀྲ་བའི་སྣ་མང་མེ་ཏོག་གིས་སྤང་ལྗོངས་མཛེས་པར་བརྒྱན་པའི་བོད་གངས་ཅན་ལྗོངས་སུ། སེམས་ཅན་ཀུན་གྱི་ནང་ནས་རང་བཞིན་གྱི་སྤྱོད་ལམ་བཟང་ལ་རྟག་ཏུ་གཞན་ལ་གནོད་འཚེ་སྤངས་པའི་ཡིད་འོང་སྲོག་ཆགས་བྱི་ལ་དོམ་ཞེས་བྱ་བ་ཞིག་ཡོད། བྱི་ལ་དོམ་ནི་ཞོགས་ལྟར་སྔ་པོ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་ཆེད། འཁྲི་ཤིང་གཞོན་ནུ་རྣམས་ལ་འཁྱུད་ནས། ཕར་མཆོང་དང་ཚུར་མཆོང་གིས་ལུས་ཀྱི་རྩལ་སྦྱོང་བྱེད་པ་དང༌། དེ་ནས་སྨྱུག་རྩ་དང་ཤིང་འབྲས་སྣ་ཚོགས་ལེན་ནས་རང་ཉིད་ལོངས་སུ་སྤྱོད་པ་མ་ཟད་གཞན་ལའང་ཕངས་མེད་སྦྱིན་པའི་སྐབས་ཤིག་ལ། སྤྲེའུ་གསེར་མདོག་ཅན་གྱིས་དེ་རྣམས་རེ་རེ་བཞིན་མཐོང་བ་ན་ཤིན་ཏུ་ཡ་མཚན་ནས། བྱི་ལ་དོམ་ལ་འདི་སྐད་ཅེས་སྨྲས་སོ། །
མཐོང་ན་ཡིད་འོང་བྱམས་པའི་སེམས་དང་ལྡན། །བཅུད་ལྡན་ཤིང་འབྲས་ཕངས་མེད་གཞན་ལའང་སྟེར། །ཁྱེད་ཀྱི་མཚན་ལ་གང་ཞིག་ཞུ་བ་ཡིན། །ཁྱེད་ལ་མཛའ་བའི་གྲོགས་པོ་སུ་ཞིག་ཡོད། །ཁྱེད་ཀྱི་འཚོ་བའི་ཟས་བཅུད་གང་ལ་བརྟེན།།གཞན་ཕན་སེམས་བཟང་འདི་འདྲ་སུ་ཡིས་བསླབས། །ཞེས་དྲིས་པའི་ལན་དུ། བྱི་ལ་དོམ་ཆུང་གིས་དགའ་བའི་འཛུམ་དང་བཅས་ཏེ། སྤྲེའུ་གསེར་མདོག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །རྣམ་དཔྱོད་བློ་རིག་གསལ་ལ་ལུས་རྩལ་ལྡན། །སེམས་ལྡན་རང་བཞིན་ལུས་ལ་གསེར་མདོག་འཕྲོ། །དེ་སྔོན་མ་མཐོང་སེམས་ཅན་ཁྱེད་ནི་སུ། །དྲི་བ་དེ་འདྲ་གནང་བ་ངོ་མཚར་ཆེ། །ང་ཡི་མིང་ལ་བྱི་ལ་དོམ་ཁྲ་ཟེར། །ང་ལ་མཛའ་བའི་གྲོགས་པོ་སུ་ཡང་མེད། །ང་ཡི་རིགས་རྒྱུད་གངས་ལྗོངས་སྨད་དུ་བྱུང༌། །སྡོད་གནས་སྨྱུག་ཚལ་ནགས་ཁྲོད་བྲག་གསེབ་ཡིན། །གཞན་ཕན་སེམས་བཟང་ཕ་མེས་རིག་གཞུང་ཡིན། །གཞན་གྱིས་མ་བསླབ་ཕྱག་ན་པདྨོའི་ཞིང༌། །སྐྱེས་ཙམ་རང་བཞིན་ངང་གིས་ཤེས་པ་ཡིན། །ཞེསསྨྲས་པ་ན།  སྤྲེའུ་གསེར་མདོག་ཅན་གྱིས། ཁྱེད་ཀྱིས་གསུངས་པའི་གཏམ་དེ་དག །རྣ་བར་སྙན་ཞིང་བློར་ཐད་པ། །སེམས་རྒྱུད་ལ་ཕན་དོན་ལ་འང༌། །བདེན་པའི་རང་བཞིན་ཞིག་འདུག་གོ  །ང་ལ་དེ་སྔོན་བདེན་གཏམ་དེ་འདྲ་ཤོད་མཁན་སུ་གཅིག་ཀྱང་མ་བྱུང༌། ད་བར་ང་ལའང་བློ་གཏད་སའི་གྲོགས་པོ་ཞིག་མེད་པས། ཁྱེད་ཀྱིས་ཕྲན་ལ་བློ་གཏད་ཐུབ་པའི་གྲོགས་བཟང་པོ་ཞིག་བྱས་ན་ལེགས་སམ། ཞེས་དྲིས་པར་བྱི་ལ་དོམ་གྱིས་དེའི་ལན་དུ། སྤྱིར་སེམས་ཅན་ཀུན་ལ་མཛའ་གྲོགས་ཕལ་པ་མང་ཡང་བློ་གཏད་འཕེར་བའི་གྲོགས་བཟང་སྲིད་མཐའ་ཙམ་ཡིན། དེར་བརྟེན་ངས་དེ་སྔོན་སེམས་ཅན་གཞན་སུ་ཞིག་ལའང་གྲོགས་པོ་བྱེད་མྱོང་མེད། ཡིན་ཡང་ཁྱེད་རང་ནི་རང་བཞིན་གྱིས་སེམས་རྒྱུད་བཟང་ལ་ཞི་དུལ་བ་ཞིག་འདུག་ན། ང་རང་གཉིས་གྲོགས་པོ་བྱས་ཚེ། ངའི་གཤིས་སྤྱོད་ནི། ཆོས་ལ་བརྩོན་ཞིང་སྡིག་ལ་འཛེམས། །དམ་པའི་ཆོས་ལ་སྤྲོ་བ་དང༌། །སེམས་ཅན་གཞན་ལ་གནོད་འཚེ་སྤངས། །དེ་འདྲའི་སྲོག་ཆགས་ཤིག་ཡིན་ན། །ཁྱེད་ཀྱང་དེ་ལྟར་བྱེད་ནུས་སམ། །ཞེས་སྨྲས་པར་སྤྲེའུ་གསེར་མདོག་ཅན་གྱིས། ཨ་ཙི་དེ་འདྲ་མ་གསུངས་གྲོགས་དམ་ལགས། །ང་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་སྤྲེའུ་བྱང་སེམས་ཀྱི་རིགས་ལས་སྐྱེས་པའི་སྲོག་ཆགས་ཤིག་ཡིན་ན། ཁྱེད་ཀྱིས་གསུངས་པ་དེ་དག་ཐམས་ཅད་ལ་འོས་ཤིང་ནུས་པ་ལས་གཞན་མ་མཆིས་ཞེས་སྨྲས་སོ། །དེ་ནས་བཟུང་ཁོང་གཉིས་ཕན་ཚུན་གཅིག་ཡིད་གཅིག་ལ་ཡིད་ཆེས་ཤིང་བརྩེ་བ་དང་བྱམས་པའི་དཔལ་ཕུན་སུམ་ཚོགས་ལ། སྙན་པའི་གཏམ་དང་དགའ་བའི་རྣམ་པས་ཁེངས་ཤིང་ཟས་སུ་ཤིང་འབྲས་རྐང་གཅིག་ཙམ་ཡིན་ཡང་ཕན་ཚུན་ཐུན་མོང་དུ་ལོངས་སྤྱོད་ཅིང་གནས་མུར། ཡུན་རིང་སོང་བས་སོ་སོའི་རིགས་རྒྱུད་ཀྱང་མང་དུ་འཕེལ་ནས། དེ་གཉིས་ཀྱི་བཟང་པོའི་སྤྱོད་ཚུལ་ལ། སྲོག་ཆགས་ཀུན་གྱི་བསྔགས་འོས་སུ་གྱུར་ཏེ། ཡུལ་གྲུ་མང་པོར་སྙན་པའི་གྲགས་པས་ཁྱབ་པར་གྱུར་པས། ཕྱོགས་ཕན་ཚུན་ཀུན་གྱི་སྲོག་ཆགས་མང་པོ་ཞིག བྱི་ལ་དོམ་དང་སྤྲེའུ་གསེར་མདོག་ཅན་གནས་ཡུལ་དེར་འཚང་ཀ་ཤིག་ཤིག་ངང་འགྲོ་འོང་རྒྱུན་མ་ཆད་པ་བྱེད་བཞིན་དགའ་སྐྱིད་ཀྱི་སྣང་བས་ཁྱབ་སྟེ་དུས་ཡུན་རིང་པོ་སོང་བའི་རྗེས་སུ། ཤར་ཕྱོགས་ནས་གདུག་རྩུབ་ཆེ་ལ་ཆོས་ཁས་མི་ལེན་པའི་དོམ་ནག་ཁྱུ་ཞིག་ཡོང་སྟེ་ཡུལ་དེའི་ཞི་བདེ་བག་ཕེབས་ཀྱི་འཚོ་བ་དེ་དག་རིམ་པས་མེད་པར་བཟོས་པ་མ་ཟད། སྲོག་ཆགས་ཀྱི་འཇིག་རྟེན་ནང་ཡིད་དབང་འཕྲོག་པའི་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་བྱི་ལ་དོམ་ལ་སོགས་ཁོ་པ་ཚོས་དབང་འོག་ཏུ་བསྒྱུར་ཏེ་དུས་ཡུན་བརྒྱ་ཕྲག་ཕ
ྱེད་ལ་ཉེ་བའི་ནང་བསད་བཅོམ་དང༌། ཕྱི་རྒྱལ་ཁག་ལ་བཙོངས་པ་སོགས་བྱས་རྐྱེན། དེང་སྐབས་རྩ་ཆེའི་སྲོག་ཆགས་དེ་དག་གི་རིགས་རྒྱུད་རྣམས་རྩ་མེད་དུ་འགྲོ་ཉེའི་ཉེན་ཁའི་ནང་གནས་ཡོད་པ་ནི་སྲོག་ཆགས་འཇིག་རྟེན་གྱི་ཛ་དྲག་གནས་ཚུལ་ཞིག་ཆགས་ཡོད།

སྔོན་གླེང༌།  

བརྩམས་སྒྲུང་ཕྱོགས་བསྒྲིགས། སྡེ་ཚན་བཞི་པ།

བརྩེ་དུང་གི་དྲོད་ཁོལ་མ་ཡལ་བའི་ང་དང་རྩྭ་ཐང༌།

སྤོ་ཆུང་ཚང་དོན་གྲུབ་ལྷ་དར།

    ཡངས་ཤིང་རྒྱ་ཆེ་ལ་ཨུཏྤལ་དང་གུར་གུམ་སོགས་ཀྱི་ལང་ཚོའི་དཔལ་ཡོན་སྐར་ཚོགས་ལྟར་བཞད་ཅིང༌། ལྷན་སྐྱེས་ཀྱི་དྲི་ཞིམ་ནོར་འཛིན་མའི་རྭ་བར་ལང་ལོང་དུ་འཕྱུར། གཡང་དཀར་ལུ་གུའི་འབའ་སྒྲ་དང༌། ལྷ་གཡག་ངར་མའི་ཧར་སྒྲ། ཟི་ཆུང་འབྲི་མོའི་ངུར་སྒྲ་བཅས་ནི་ཇི་འདྲའི་སྙན་ཞིང་ལྟ་ན་སྡུག་པ་ལ་ཨང༌། རྐང་དྲུག་བུང་བའི་ཁྱུ་ཚོགས་ཀྱང་འཕུར་ལྡིང་གི་གཤོག་རླབས་ཁྲོད་ནས་ལྷམ་ལྷེམ་དུ་དྲི་ཞིམ་གྱི་འཚོ་རླབས་ལ་རོལ་བའི་རྩྭ་ཐང་སྟེ། ཁྱོད་ནི་ནག་ནོག་གི་གོང་བུ་འདུས་པའི་སྦྲ་ཁྱིམ་ཆགས་སའི་རྟེན་ཕུར་དང༌། འབྲོག་ཐང་སྟེང་གི་གཞོན་ནུ་ཕོ་མོ་རྣམས་ཀྱིས་འགྱུར་ཁུག་ཉམས་བརྒྱའི་དབྱངས་རྟ་འཐེན་སའི་འཁོར་ཐག་རིང་མོ་ཞིག་ཀྱང་ཡིན་པས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ལགས། གསོན་དང༌། ཁྱེད་ནི་སྦྲ་གུར་གྱི་མེ་ཏོག་གསེབ་ཏུ་དྲོད་འཇམ་ཉི་མའི་ཟེར་གྱི་མདངས་ལ་ཕྱོགས་པའི་རྒན་རབས་ཚོའི་ཞལ་ནས་ཐོན་པའི་གནའ་བོའི་གཏམ་རྒྱུད་གྲགས་ཅན་འཁྲུངས་སའི་གླེང་སྟེགས་ཤིག གལ་ཏེ་ཁྱེད་མེད་ན་གདོང་དམར་བོད་ཀྱི་ཕ་སའི་བདག་དབང་དང༌། ཞི་བདེ་ཡི་ཁ་སྐོང༌། བདེན་དཔང་གི་མཚོ་རླབས་བཅས་ལ་མདུན་མཆོངས་ཀྱིས་འཚོལ་སྙེགས་བྱེད་སའི་ལམ་ཆེན་ཞིག་ག་ལ་ཡོད། དེར་བརྟེན་འབྲོག་ཕྲུག་ངས་ཀྱང་འབྱུང་འགྱུར་གྱི་ཕུགས་བསམ་དང་ལས་དབང་གི་གྲུབ་ཆ་སོགས་ཡོད་ཚད་ནས་ཡོད་ཚད་རྩྭ་ཐང་ཁྱེད་ཀྱི་ཐིག་ལེ་རུ་ཕུལ་ཟིན་ལ། རང་ཉིད་ཀྱི་ཟུངས་ཁྲག་དྲོ་མོས་ང་གཉིས་བར་གྱི་ལས་དབང་དང༌། བརྩེ་དུང༌། ལ་རྒྱ་བཅས་ལ་འགྱུར་བ་མེད་པར་ད་ཆ་ཁྱེད་དྲན་པའི་སྐྱོ་དབྱངས་འདི་མི་ཡུལ་ནས་ཐལ་སོང༌།

རྐུན་མ་ལས་སླ་པོར་འཇུས་པ།

ཚེ་དབང་རྟ་མགྲིན།

    བོད་མི་རྣམས་ཀྱིས་ལོ་གསར་སྐབས། སྡེར་ཁ་གྲ་རྒྱས་པོ་སྒྲིག་གཤོམ་བྱེད་སྲོལ་ཡོད་པ་བཞིན། འདི་ལོ་ཆུ་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་གྱི་སྐབས་དེར། བདེ་སྐྱིད་ཁང་གསར་ཞེས་པའི་ཁྱིམ་ཚང་ཞིག་ཡོད་པ་དེའི་ནང་དུ་ཡང་ནམ་རྒྱུན་ལྟར། བོང་གུའི་ཨམ་ཅོག་དང་ཁ་ཟས་སོགས་ཀྱི་བཞེས་གྲོ་རྩིག་པ་བརྒྱབས་པའི་སྡེར་ཁའི་སྟེང་དུ། མངར་ཟས་བྱི་རིལ་དང་སྦི་སི་ཀུ་ཊི་སོགས་བརྩིགས་ཡོད་པའི་ཁར་ཤིང་ཏོག་ཀུ་ཤུ་དང་མངའ་རིས་ཁམ་བུ། ཕྱུར་རྡོག་སྟར་ཀ ཚ་ལུ་མ། ཀེ་ལའམ་ངང་ལག་སོགས་དང༌། ལྷག་པར་དུ་ཡང་ཕར་བལྟས་ན་མིག་ལ་མཛེས་ཤིང་ཁ་ལ་བཟས་ན་ཞིམ་པའི་རྒུན་འབྲུམ་དཀར་པོ་དང་ནག་པོ་ཕོན་ཆེན་སྤུངས་ནས་ཁྲ་ཕུང་ཕུང་དུ་བཤམས་ཡོད་པ་རེད།
བདེ་སྐྱིད་ཁང་གསར་ནི། མི་ཚང་ཧྲག་ཅིང་བུ་ཕྲུག་མང་བའི་མི་ཚང་སྟོབས་འབྱོར་དང་ལྡན་པ་ཞིག་ཡིན། ཚེས་གཅིག་གི་དགའ་སྟོན་གྲུབ་རྗེས་ལོ་གསར་ཚེས་གཉིས་གསུམ་ནས་བྱས། སྡེར་ཁའི་སྟེང་གི་ཤིང་ཏོག་རྣམས་ཕལ་ཆེར་མ་སོང་ན་མཚན་མོ་གཤོག་པ་སྐྱེས་ནས་འཕུར་འགྲོ་ཡི་ཡོད་པ་བཞིན། ཉིན་རེ་ནས་ཉིན་རེར་ཉུང་དུ་ཉུང་དུ་འགྲོ་ཡི་ཡོད་པ་རེད། དེར་བརྟེན་བདེ་སྐྱིད་
ཁང་གསར་གྱི་ཨ་མ་འཛོམས་པ་ལགས་ཀྱིས་རང་གི་ཕྲུ་གུ་རྣམས་ལ་རེ་རེ་བཞིན། སྡེར་ཁའི་སྟེང་གི་ཤིང་ཏོག་རྣམས་སུས་བཟས་པ་ཡིན་ནམ་ཞེས་སྐད་ཆ་དྲིས་ཀྱང༌། ང་ཡིན་ཞེས་ཁས་ལེན་བྱེད་མཁན་སུ་ཡང་མ་བྱུང་སྟབས། འུ་ཐུག་ནས་རང་གི་བཟའ་ཟླ་བཀྲ་ཤིས་ལགས་སུ་གནས་ཚུལ་དེ་རྣམས་རེ་རེ་བཞིན་ཞུ་དགོས་བྱུང་བ་རེད། སྐབས་དེར་བཀྲ་ཤིས་ལགས་ཀྱིས་ཨ་མ་འཛོམས་པར། འཛོམས་པ་་་་་ གང་ཡང་བྱེད་ཀྱི་མ་རེད། རྐུན་མ་སུ་ཡིན་སང་ཉིན་ངས་བལྟ་ཆོག ཁྱེད་རང་གང་ཡང་མ་གསུང་བར་ཞལ་རོགས་བཞུགས་ཨ། ཞེས་གསུངས་པ་རེད།
སང་ཉིན་དེར་བཀྲ་ཤིས་ལགས་ཀྱིས་ཕྲུ་གུ་རྣམས་བསྐོངས་ནས་སྤྱིར་བཏང་གི་གད་མོ་ཤོར་བྱེད་ཀྱི་མཚར་གཏམ་མང་པོ་ཞིག་བཤད་པའི་རྗེས་སུ། ད་ནི་ངས་སྡེར་ཁའི་སྟེང་གི་ཤིང་ཏོག་རྐུ་མཁན་དེ་སུ་ཡིན་ངོ་ཤེས་སོང༌། ཞེས་ལབ་པས་ཕྲུ་གུ་རྣམས་ཀྱིས། ངོ་ཤེས་ན་འོ་ན་སུ་དང་སུ་རེད་དམ་གསུངས་དང༌། ཞེས་དྲིས་པར། པཱ་ལགས་ཀྱིས་བུ་བཅོ་ལྔ་ཚེ་རིང་དང་བུ་མོ་གནམ་གང་ལྷ་མོ་གཉིས་རེད། ཅེས་གསུངས་པ་རེད། བཅོ་ལྔ་ཚེ་རིང་དང་གནམ་གང་ལྷ་མོ་གཉིས་ཀྱིས་ད་དུང་ཡང་ཁས་ལེན་རྩིས་རྩ་བ་ནས་བྱེད་ཀྱི་མེད་པའི་ཁར། ང་ཚོས་རྐུན་མ་བརྒྱབ་པའི་ར་སྤྲོད་གང་ཞིག་སྟོན་གནང་རྒྱུ་ཡོད་དམ། ཞེས་པཱ་ལགས་མཐའ་བཀར་བས། པཱ་ལགས་ཀྱིས། ད་ལྟ་ཁྱེད་གཉིས་ཀྱི་སོ་དང་སོ་རྙིལ་ནག་པོ་ཆགས་འདུག་པ་དེ་ར་སྤྲོད་གསལ་ཤོས་ཡིན་གསུངས་ཤིང༌། སྡེར་ཁའི་སྟེང་གི་རྒུན་འབྲུམ་ནག་པོ་རྣམས་བཟས་དྲགས་པའི་རྐྱེན་གྱིས་ཁྱེད་རང་གཉིས་ཀྱི་སོ་དང་སོ་རྙལ་ནག་པོ་ཆགས་འདུག ཅེས་གསུངས་ཏེ་ར་སྤྲོད་གསལ་པོ་གནང་བར་བརྟེན་མཐར་རང་དབང་མེད་པར་ཁས་ལེན་བྱེད་དགོས་བྱུང་བ་རེད། དེ་ལྟར་སྡེར་ཁའི་སྟེང་གི་ཤིང་ཏོག་རྐུན་མ་རྒྱག་མཁན་ལས་སླ་པོར་འཇུས་པ་རེད།

སྐྱུར་དྲགས་པའི་འཚོ་བ།

སུ་ཇཱ་སློབ་གྲྭའི་ཉི་མ་མཚོ།

    མི་ཚེ་ནི་ད་སྐྱེས་ད་འཇིག་གི་འགྲུལ་བཞུད་ཀྱི་འཇའ་ཚོན་ཅན་ཞིག་ཡིན་ལ། དེ་བཞིན་མིའི་འཚོ་བ་ནི་གསང་བའི་ཕོ་བྲང་གི་གནས་མལ་ཞིག་དང་འདྲ་བར་ཧ་ཅང་ལྐོག་གྱུར་གྱི་གབ་ཚིག་ཅིག་ཡིན།
ཕྱི་ལོ་ ༡༩༩༥ ལོར་ཁ་བ་སྒྲོལ་མས་ཞིང་འབྲོག་གི་འཚོ་བ་སྙིང་ཁོང་ནས་དོར་ཏེ་ཡུལ་གྲུ་གཞན་ཞིག་ཏུ་གོམ་ཁ་བསྒྱུར་རྒྱུའི་གྲ་སྒྲིག་བྱས། བོད་ཟླ་ ༧ ཚེས་ ༡༢ ཀྱི་དགོང་མོ་དེར་ཁ་བ་སྒྲོལ་མ་དལ་བུར་མལ་ནས་ལངས་ཏེ་མདུན་ཕྱོགས་ཀྱི་རྐང་ལམ་ཕྲ་མོ་དེད་ནས་གྲོང་ཁྱེར་གྱི་ཕྱོགས་སུ་གོམ་འགྲོས་མྱུར་མགྱོགས་ཀྱིས་སོང༌། སྐྱ་རེངས་བུ་མོས་མི་ཡུལ་གྱི་གཉིད་ཁམས་ལ་གོམ་སྒྲ་སྒྲོག་བཞིན་པའི་ཞོགས་པ་དེར། ཁ་བ་སྒྲོལ་མ་གྲོང་ཁྱེར་གྱི་བཞི་མདོར་སླེབས་པ་དང་འགྲུལ་བཞུད་རླངས་འཁོར་ཞིག་འཚོལ་ཆེད་མིག་ཟུང་ཧྲིག་ཧྲིག་གིས་གང་སར་ལྟ་བཞིན་པའི་སྐབས་དེར། བུ་མོ་གང་དུ་འགྲོ་མཁན་ཡིན་ནམ། ཞེས་གློ་བུར་དུ་རྒྱབ་ཕྱོགས་ནས་དགེ་འདུན་པ་ཞིག་གིས་བརྗོད། ཁ་བ་སྒྲོལ་མའི་མིག་རྒྱང་རིང་ལ་ལྟ་བཞིན་པ་དེ་ཕྱིར་འཁོར་ཏེ། ང་ལྷ་སར་འགྲོ་མཁན་ཡིན། ཞེས་ལན་དེ་བྱིན་པ་དང་དོགས་སྣང་གང་ཡང་མེད་པར་ཡང་བསྐྱར་མདུན་ཕྱོགས་སུ་བལྟས། ཊོས་་་ཊོས་་ཞེས་འགྲུལ་བཞུད་རླངས་འཁོར་ཞིག་ཀྱང་ཁ་བ་སྒྲོལ་མའི་བསམ་ཚུལ་རྟོགས་པ་བཞིན་དེར་སླེབས། དེའི་ནང་གི་ན་གཞོན་ཞིག་གིས། ལྷ་སར་འགྲོ་མཁན་ཕེབས་ཤོག ཅེས་སྐད་ཤུགས་ཆེན་པོས་སྒེའུ་ཁུང་ནས་ལབ་བཞིན་པའི་སྐབས། ཁ་བ་སྒྲོལ་མས་ཐེ་ཚོམ་སྤུ་ཙམ་མེད་པར་རླངས་འཁོར་དེར་འཛུལ། དགེ་འདུན་པ་དེ་ཡང་དེ་མུར་རླངས་འཁོར་དེའི་ནང་དུ་འཛུལ། ཁ་བ་སྒྲོལ་མས་རླངས་འཁོར་ནང་སླེབས་མ་ཐག་རང་ཉིད་ཀྱི་གནས་ཁང་དུ་སླེབས་པ་བཞིན་བག་ཕེབས་ཀྱིས་གཉིད་ཁམས་འགྲིམས།
    ཉིན་གཉིས་པའི་ཞོགས་པ་དེར། རླངས་འཁོར་ནག་ཆུ་གྲོང་ཁྱེར་གྱི་གཞུང་ལམ་དུ་བསྡད་པ་དང་འགྲུལ་བཞུད་པ་ཚོ་གཅིག་མཇུག་གཉིས་མཐུད་ཀྱིས་ཟ་ཁང་འཚོལ་བར་སོང༌། འོན་ཀྱང་ཁ་བ་སྒྲོལ་མ་ད་དུང་ཡང་ཚོར་བ་གང་ཡང་མེད་པར་རྨི་ལམ་གྱི་སྤང་ལྗོངས་ཤིག་ན་འདོད་པའི་རྩེད་འཇོར་གཡེང༌། དགེ་འདུན་པ་དེས་ཁ་བ་སྒྲོལ་མའི་བྱ་སྤྱོད་མཐོང་བ་དང་རླངས་འཁོར་གྱི་སྒོ་ཆེན་དེར་ལྟ་ཙམ་ཞིག་བྱས་ནས་མོའི་ཕྱོགས་སུ་བསྐྱོད། བུ་མོ། བུ་མོ། ཁྱེད་རང་གཟུགས་གཞི་བདེ་པོ་མི་འདུག་གམ། ཞེས་ཐུགས་བརྩེ་ཆེན་པོས་དྲིས། ཁ་བ་སྒྲོལ་མས་རང་ཉིད་ཀྱི་འདྲེན་བྱེད་ཟུང་འཕུར་ཙམ་བྱས་ཏེ། གང་ཡང་མིན། ཞེས་ལན་བརྒྱབ་པ་དང་ཡང་བསྐྱར་མགོ་བོ་བསྙིལ། དགེ་འདུན་པ་དེས་མུ་མཐུད་དེ། བུ་མོ། ས་ཐག་རིང་པོར་འགྲོ་དུས་བློ་རིག་བསྒྲིམ་དགོས། ལྷག་པར་དུ་ཡང་རླངས་འཁོར་འདིའི་ནང་གི་འགྲུལ་པ་མང་ཆེ་བ་རྒྱ་མི་རེད། བོད་པ་ཞིག་ཡོད་པ་ནི་ངེད་གཉིས་རང་རེད། རྐུན་མ་ལ་སོགས་པ་ཤོར་སྲིད་པས་ཅ་དངོས་སོགས་ལ་གཟབ་གཟབ་བྱེད་དགོས། ཉིན་མཚན་ཀུན་ཏུ་གཉིད་མ་ཉལ་ན་བཟང༌། ཞེས་བསླབ་བྱའི་ཚུལ་དུ་བརྗོད་སྐབས་ཁ་བ་སྒྲོལ་མས་གཞི་ནས་ངག་རྒྱུན་གྱི་གཏམ་དཔེ་སྟེ། འགྲུལ་ལམ་ན་རྐུན་མ་མང༌། ཞེས་པའི་སྡོམ་ཚིག་དེ་ཡིད་ལ་གསལ་ལེར་ཤར། ཡིན་རུང་ངག་ལས་གང་ཡང་མ་བརྗོད་པར་མགོ་བོ་ལྕོག་ཙམ་བྱས།
འགྲུལ་བཞུད་པ་ཚོར་ཟ་ཁང་རྙེད་དེ་ཕྱིར་རླངས་འཁོར་དུ་འཛུལ་བ་དང་བྱ་བཞག་ཆེན་པོ་ཞིག་གྲུབ་སོང་བ་བཞིན་རྐུབ་སྟེགས་སྟེང་དུ་འཕྲེད་ཉལ་བྱས། ཡུད་ཙམ་མ་འགོར་བར་རླངས་འཁོར་ཡང་བསྐྱོད་འགོ་ཚུགས། ཁ་བ་སྒྲོལ་མས་རླངས་འཁོར་འགྲོ་བཞིན་པའི་འགྲོས་དང་བསྟུན་ནས་གཡས་གཡོན་གྱི་འགྲུལ་པ་དག་ལ་མིག་ཟུང་གིས་ཟུར་མདའ་ཞིག་འཕངས་པ་ན་ད་གཟོད་གཞི་ནས་དགེ་འདུན་པ་ཁོང་གིས་གསུངས་པ་བཞིན་བོད་པ་ཁོ་གཉིས་མ་གཏོགས་མེད་པ་ཤེས། ལག་བརྒྱངས་ཆེན་པོ་ཞིག་བྱས་ཏེ་སྒེའུ་ཁུང་ལ་བལྟས།
དགེ་འདུན་པ་ཁོང་གིས་ཁ་བ་སྒྲོལ་མའི་ལོ་རྒྱུས་ཤེས་འདོད་པའི་རྦ་རླབས་གཡོ་ནའང་གློ་བུར་འདྲིས་མེད་ངང་འདྲི་མ་ཕོད། རླངས་འཁོར་བཞུད་ནས་དགོང་དྲོ་དེར་སླེབས་དུས་དགེ་འདུན་པ་ཁོང་གིས་རང་ཉིད་ཀྱི་རྒྱབ་ཁུག་ནང་ནས་བག་ལེབ་ཅིག་བཏོན་པ་དང་དུམ་བུ་གཉིས་སུ་བཏང་སྟེ་ཕྱེད་ཀ་ཁ་བ་སྒྲོལ་མར་གནང་བ་དང་སྦྲགས་མོའི་ལོ་རྒྱུས་ལ་རྒྱུས་ལོན་ཆེད་དྲི་བ་གང་མང་ཞིག་བཏང་བས། ཁ་བ་སྒྲོལ་མས་སྐམ་ཟིན་པའི་རང་ཉིད་ཀྱི་མཆུ་གཉིས་ལ་ལྕེ་ཡིས་རློན་པ་བཟོས་ཏེ་རང་གི་ལོ་རྒྱུས་རྣམས་མ་ལུས་པར་ཆ་ཚང་དགེ་འདུན་པ་ཁོང་ལ་བཤད་པ་གཤམ་གསལ།    ངའི་མིང་ལ་ཁ་བ་སྒྲོལ་མ་ཟེར། ད་བར་དུ་ངས་ཞིང་འབྲོག་གི་འཚོ་བའི་ཁྲོད་ནས་ནོར་གནག་གི་རྐང་རྗེས་དེད་དེ་མི་ལོ་བཅོ་ལྔ་ཡི་བགྲང་བྱ་རྣམས་རྩྭ་ཐང་དུ་ཐིམ། ད་ནི་ངའི་མི་ཚེ་ཡི་བགྲོད་བྱ་ནི་སྣུམ་ཟད་ཀྱི་མར་མེ་ཞིག་དང་མཚུངས་པར་འཚོ་བ་ཇེ་ཞན་ནས་ཇེ་སྡུག་ཏུ་གྱུར་སོང༌། ན་ནིང་དགུན་ཁར་ངའི་ཕ་མ་གཉིས་ལ་རྒྱ་གཞུང་ནས་ྋགོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པར་ཁ་བྲལ་བའི་ཉེས་པ་གཡོགས། ངའི་ཕ་མ་གཉིས་ཀྱིས་བདེན་པ་དམར་རྗེན་དུ་བཏོན་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པར་བརྟེན། རྒྱ་དམག་གིས་མེ་མདའ་རྒྱག་ཐེངས་གཅིག་གིས་ངའི་སེམས་ཁོང་གི་ཕ་མ་གཉིས་འཇིག་རྟེན་གཞན་ཞིག་ཏུ་བརྫངས་སོང༌། ངའི་རྨོ་རྨོ་ལགས་ཀྱིས་ཉེས་མེད་ཉེས་ཆད་དེ་དག་ལ་ཡི་མུག་དྲག་པོ་སྐྱེས་ཏེ་གདུང་མའི་ཁ་ནས་དཔྱང་ཐག་གིས་རང་ཉིད་ཀྱི་སྲོག་རང་གིས་བཅད། ད་ནི་འཇིག་རྟེན་འདིར་ངའི་འཚོ་བ་ལ་འོད་སྣང་མེད་པ་ནི་གསལ་བཞིན་པའི་ལམ་བུ་དེ་རེད། དེར་བརྟེན་དེ་རིང་ངས་འགྲུལ་བཞུད་འདི་བརྒྱུད་ནས་རྒྱ་གར་དུ་འགྲོ་རྩིས་ཡོད། ཅེས་གསང་བའི་སྐད་ཆ་དེ་རྣམས་ལྷུག་པོར་བརྗོད་པས་ན། དགེ་འདུན་པ་ཁོང་ཡང་སྐྱོ་གདུང་གིས་ཡོངས་སུ་བཟི་བས་ཁ་བ་སྒྲོལ་མར་སེམས་གསོ་བྱ་དགོས་སྙམ་ཡང༌། ངག་མ་ཁྲོལ། སྐབས་དེར་ཚ་ཟེར་ཉི་འོད་ཀྱང་ནུབ་རིའི་རྒྱབ་ཏུ་ཡལ་ཞིང༌། རྒྱུ་སྐར་གྱི་འོད་མདངས་རེ་གཉིས་དལ་བུར་ཤར་བ་དང་དགེ་འདུན་པ་ཁོང་ཡང་རང་གནས་སུ་ཕེབས་ཏེ་ཁ་བ་སྒྲོལ་མར་སྙིང་རྗེ་དྲག་པོ་ཞིག་སྐྱེས།
རེད་ཡ། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། དགེ་འདུན་པ་ཁོང་ནི་སྐུ་འབུམ་དགོན་པའི་བླ་སྤྲུལ་ཞིག་ཡིན་པ་དང༌། མཚན་ལ་རྒྱ་མཚོ་ལགས་ཟེར། ཁོང་གིས་ད་བར་དགོན་པའི་སྒྲིག་གཞི་རྒྱ་གཞུང་ནས་གཏན་འབེབས་བྱས་པར་ངོ་རྒོལ་ཐེངས་གསུམ་ཙམ་བྱས་པར་ཁྲག་སྦྱོར་ལ་བྱང་ཆ་ཆེ་བའི་རྒྱ་དམག་གིས་ཁོང་ལ་མནར་གཅོད་མང་པོ་བཏང༌། མཐར་ཁོང་གསང་བའི་ངང་རྒྱ་གར་དུ་བྲོས་འགྲོ་དགོས་བཟོས་པ་འདི་ལྟར་རེད། དེ་རིང་ཁོང་གིས་བོད་མི་རིགས་ཀྱི་གནས་སྟངས་དང་ཁ་བ་སྒྲོལ་མའི་མི་ཚེ་ལ་བསམ་བློ་གཅིག་ཏུ་བཏང་ནས་མཚན་གཅིག་གི་དུས་ཚོད་དེ་ཡང་ག་འདྲ་སོང་བ་ཧ་གོ་ལོང་མེད་པར་སྐད་ཅིག་ཉིད་ལ་རྫོགས་པ་ལྟ་བུ་བྱུང་བ་རེད།
ཕྱི་ཉིན་དགེ་འདུན་པ་མཚན་ལ་རྒྱ་མཚོ་ལགས་ཞུ་བ་ཁོང་ཁ་བ་སྒྲོལ་མའི་མདུན་དུ་སོང་ནས་སེམས་གསོ་གང་ཙམ་མཛད་པ་དང་རང་ཉིད་ཀྱི་ལོ་རྒྱུས་དེ་དག་ལ་སོགས་ཞིབ་པར་བཤད། ལྷག་པར་དུ་བོད་མི་རིགས་སྤྱི་ཡི་བདེ་སྡུག་སོགས་ཕྲ་ཞིང་ཞིབ་པར་འགྲེལ་བརྗོད་བྱས་པ་དང༌། ཁ་བ་སྒྲོལ་མར་ཡང་རྒྱ་གར་གྱི་བོད་གཞུང་སློབ་གྲྭ་ཞིག་ཏུ་འཛུལ་ཞུགས་ཐུབ་པ་བྱས་ཏེ་མ་འོངས་པར་བོད་གངས་ཅན་གྱི་རྒྱལ་ཁབ་སྐྱོང་མཁན་གྱི་བོད་མི་བཟང་པོ་ཞིག་བྱ་ཐུབ་པའི་མངགས་བྱ་ནན་མོ་བྱས། ཁ་བ་སྒྲོལ་མས་སྐུ་ཞབས་རྒྱ་མཚོ་ལགས་ཀྱི་སེམས་གསོ་དང་ལམ་སྟོན་དེ་དག་ཐོས་རྗེས་སེམས་ཤུགས་ཆེན་པོ་ཞིག་གི་གོ་ཆ་བཟུང་ནས་རྒྱ་གར་དུ་འབྱོར་རྗེས་བཙན་བྱོལ་བོད་གཞུང་སློབ་གྲྭ་ཞིག་ཏུ་འགྲོ་ཐུབ་པར་རེ་བ་རྩེ་གཅིག་ཏུ་གཏད།
ལྷ་སར་འབྱོར་བའི་ཉིན་དེར། སྐུ་ཞབས་རྒྱ་མཚོ་ལགས་ནས་ཁ་བ་སྒྲོལ་མ་ཁྲིད་ནས་གནས་མཇལ་དུ་བསྐྱོད་པ་མ་ཟད། གནས་དགོན་རེ་རེའི་ནང་གི་ལྷ་སྐུ་དག་ལ་འགྲེལ་བཤད་གསལ་པོ་མཛད། ས་རུབ་ཁར་སྐུ་ཞབས་རྒྱ་མཚོ་ལགས་ནས་ཡང་བསྐྱར་ཁ་བ་སྒྲོལ་མ་ཁྲིད་ནས་ཇོ་ཁང་གི་རྡོ་གཅལ་སྟེང་བརྐྱངས་ཕྱག་ཕུལ་བར་སོང༌། མཚན་གུང་ཡོལ་རུང་ཁོང་གཉིས་ཀྱིས་མུ་མཐུད་དེ་བརྐྱངས་ཕྱག་འཚལ་བཞིན་གསོལ་འདེབས་གནང་གིན་བཞུགས།
ཟླ་བའི་འོད་ཟེར་གྱི་གོམ་འགྲོས་རིམ་གྱིས་འཁོར་བས་གང་མཚམས་ཤིག་ནས་སྔོ་བསངས་མའི་ལྟོ་དཀྱིལ་དུ་སླེབས། ལྷ་སའི་བར་སྐོར་ལ་སོགས་གཡས་གཡོན་རྣམས་འཇམ་ཐིང་ཐིང་དང་ཁུ་སིམ་སིམ་དུ་གྱུར། སྐབས་དེར་ཁ་བ་སྒྲོལ་མ་ངལ་དུབ་ཀྱིས་རྔུལ་ཆུས་བརླན་པའམ་ཡང་ན་ཕ་མ་དྲན་པའི་མིག་ཆུས་བརླན་པ་གང་ལྟར་ཡང་རང་གི་དཔྲལ་གདོང་ཕྱིས་ཙམ་ཕྱིས་ཙམ་བྱེད་ཀྱིན་ངལ་གསོ་ཅུང་ཙམ་རྒྱག་འགོ་བརྩམས། སྐུ་ཞབས་རྒྱ་མཚོ་ལགས་ཀྱང་ཅི་ཞིག་དྲན་པ་བཞིན་ཙོག་བུར་བཞུགས་ནས་བསམ་གཞིགས་གནང༌།
སྐུ་ཞབས་རྒྱ་མཚོ་ལགས་ནས་རང་ཉིད་ཀྱི་ཟུར་དུ་ཡོད་པའི་རྒྱབ་ཁུག་ཆུང་ཆུང་དེ་བསྔོགས་ནས་ཆེ་ཆུང་མཚུངས་པའི་ཤོག་བུ་གང་མང་ཞིག་ཕྱིར་བཏོན་གནང་སོང༌། ཤོག་བུ་རེ་རེའི་སྟེང་དུ། བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པས་རྒྱ་མིས་ཇུས་མེད་ཇུས་གཏོགས་ལ་བརྟེན་ནས་འདུག་འདོད་མེད་པ་བཞིན་རྒྱ་གུང་ཁྲན་ཏང་མྱུར་དུ་བོད་ནས་རྒྱུགས་ཤིག ཅེས་གསལ་པོ་བྲིས་ཡོད་པ་མ་ཟད། ལ་ལའི་སྟེང་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་གྱི་ཚོན་རིས་ཀྱང་མངོན་འདུག ཁ་བ་སྒྲོལ་མས་ཡི་གེ་དེ་ཙམ་མི་ཤེས་ཀྱང་རྒྱལ་དར་དེ་མཐོང་བ་དང་ཡ་མཚན་པའི་ངང་ནས། འདི་ཅི་ཞིག་རེད་དམ། ཞེས་ངག་ནས་དྲི་བ་ཞིག་ཐལ་བས། སྐུ་ཞབས་རྒྱ་མཚོ་ལགས་ནས་གཡས་ལྟ་གཡོན་ལྟ་ཞིག་གནང་སྟེ་སྐད་གདངས་དམའ་མོས། འདི་ང་ཚོའི་བོད་གངས་ཅན་རྒྱལ་ཁབ་ཀྱི་རྒྱལ་དར་རེད། ཁྱེད་ཀྱིས་འདི་ནས་ཕྱག་འཚལ་གསོལ་འདེབས་བྱོས་དང༌། ངས་ཡིག་ཆ་འདི་བར་སྐོར་གྱི་གང་སར་བཀྲམ་ཆོག དེ་ནས་ནམ་མ་ལངས་གོང་ངེད་གཉིས་ས་ཆ་འདི་ནས་ཐར་བར་བྱ་དགོས། ཞེས་མངགས་བྱ་མཛད་མ་ཐག་ཁོང་ཡར་བཞེངས་ཏེ་ལས་འགུལ་དུ་བསྐྱོད། ཁ་བ་སྒྲོལ་མས་ཇོ་ཁང་གི་མདུན་དེར་ཐལ་མོ་སྙིང་ཁར་སྦྱར་ནས་སྨོན་ལམ་རྩེ་གཅིག་ཏུ་བཏབ། ཐྲག་ཐྲག ཁ་བ་སྒྲོལ་མས་སྐུ་ཞབས་རྒྱ་མཚོ་ལགས་ཕྱིར་ཕེབས་པའི་གོམ་སྒྲ་ཐོས་པ་དང་ཕྱོགས་བཞི་ལ་ལྟ་ཙམ་བྱས། སྐབས་འདིར་རྒྱུ་སྐར་གྱི་འོད་མདངས་རིམ་བཞིན་ཡལ་ནས་སྐྱ་རེངས་དལ་གྱིས་ཤར་བས། སྐུ་ཞབས་རྒྱ་མཚོ་ལགས་ནས་ཁ་བ་སྒྲོལ་མ་ཁྲིད་ནས་བཀྲ་ཤིས་ལྷུན་པོར་འགྲོ་མཁན་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་འཛུལ།     ཉིན་དེར་སྐུ་ཞབས་རྒྱ་མཚོ་ལགས་དང་ཁ་བ་སྒྲོལ་མ་གཉིས་བདེ་ལེགས་ངང་བཀྲ་ཤིས་ལྷུན་པོའི་མདུན་དུ་འབྱོར་ཏེ་མཆོད་མཇལ་ལའང་བསྐྱོད་ཐུབ་པ་བྱུང༌། ཁོང་གཉིས་ཀྱིས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་དག་ལ་དངོས་སུ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཐོབ་ཅིང་སྐབས་དེར། འཛམ་གླིང་འདིའི་ནང་གི་བཙོན་པ་ཆུང་ཤོས། བོད་མི་ས་ཡ་དྲུག་གི་མིག་ཟུང་ཡ་གཅིག་ལྟ་བུར་གྱུར་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོའི་ཞལ་རས་ཡིད་ལ་འཆར་ནས་གདུང་སེམས་ཆེན་པོ་སྐྱེས་པ་དང་སྦྲགས་འདྲེན་བྱེད་ཟུང་ལས་མཆི་མ་དྭངས་མོ་བཞུར།
དེའི་དགོང་དྲོ་སྐུ་ཞབས་རྒྱ་མཚོ་ལགས་ནས་ཁ་བ་སྒྲོལ་མ་བོད་ཀྱི་ཟ་ཁང་ཞིག་ཏུ་སྡོད་དུ་བཅུག་རྗེས་ཁོང་རང་རྒྱ་གར་ལ་ལམ་ཁྲིད་པ་ཞིག་འཚོལ་ཆེད་གསང་བསྐྱོད་བྱས། ཁ་བ་སྒྲོལ་མ་ཟ་ཁང་དེར་སྒུག་ནས་ཆུ་ཚོད་ ༤་༥་༦་༧ འདས་རུང་སྐུ་ཞབས་རྒྱ་མཚོ་ལགས་ནི་ད་དུང་ཕེབས་མེད། མོ་བྲེལ་བས་བསྐུལ་ཏེ་སྒོ་འགྲམ་ལ་སོ་ལྟ་ཡང་ཡང་བྱས་པ་མ་ཟད། གལ་སྲིད་ས་རུབ་རུང་སྐུ་ཞབས་རྒྱ་མཚོ་ལགས་མ་ཕེབས་ན་རང་ཉིད་ཟ་ཁང་དེར་འདུག་ཆོག་མིན་སོགས་བསམ་བློ་ཡང་སྣ་ཚོགས་ཤིག་འཁོར་བཞིན་དེ་བས་སེམས་ཁྲལ་སྐྱེས། ཆུ་ཚོད་དགུ་པ་ཟིན་དུས་ཟ་ཁང་གི་འགྲུལ་པ་དག་རིམ་བཞིན་ཡལ་ནས་སྟོང་ཟིང་ངེར་གྱུར་པ་དང་ཁ་བ་སྒྲོལ་མ་སྔར་བས་བྲེལ་བ་སྐྱེས། སྦྱིན་བདག་ལགས། སྐུ་ཞབས་རྒྱ་མཚོར་ཅི་ཞིག་བྱུང་བ་ཡིན་ནམ། ཁོང་ད་དུང་ཡང་་་༌། ཞེས་བརྗོད་སྐབས། སྦྱིན་བདག་གིས་ཀྱང་རྒྱ་མཚོ་ཕྱིར་བསྐྱོད་དེ་དུས་ཚོད་རིང་ཙམ་འགོར་བ་གཞི་ནས་རྟོགས། སྦྱིན་བདག་ཕྱི་སྐོར་སོང་ནས་ཡར་ལྟ་མར་ལྟ་ཞིག་བྱེད་པ་དང་ཅི་ཞིག་དྲན་པ་གསོས་པ་བཞིན་རང་གི་སྟོད་ཐུག་གྱོན་ནས་སྐུ་ཞབས་རྒྱ་མཚོའི་རྗེས་སྙེགས་བྱེད་པར་བསྐྱོད་རྩིས་བྱས། སྐབས་དེ་རང་ལ། ཐྲག་་་ཐྲག་་་ཐྲག་་་ གློ་བུར་དུ་སྒོ་བརྡུང་བའི་སྒྲ་ཤུགས་ཆེན་ཞིག་ཐོས། ཁ་བ་སྒྲོལ་མ་དེ་བས་འཚབ་ཤ་ལང་བ་དང་ལྷན་དུ་སྒོ་ཕྱེ་བར་བསྐྱོད། སྒོ་ཕྱེ་མ་ཐག འདིར་ཁ་བ་སྒྲོལ་མ་ཞེས་པའི་བུ་མོ་ཞིག་འདུག་གམ། ཞེས་ཆ་རྒྱུས་གང་ཡང་མེད་པའི་ན་གཞོན་ཕོ་གསར་གཉིས་སྒོ་འགྲམ་དུ་ལངས་ནས་དེ་ལྟར་བརྗོད། ལགས།   ང་ཡིན། ཞེས་ཁ་བ་སྒྲོལ་མས་ཐད་ཀར་ལན་བཏབ། ན་གཞོན་གཉིས་ལམ་འཁྲིད་པ་ཡིན། སྐུ་ཞབས་རྒྱ་མཚོ་ལགས་བཞི་མདོར་སྒུག་བཞུགས་ཡོད་པས་ཁྱོད་རང་མྱུར་དུ་ལམ་ལ་ཆས་ཤོག ཅེས་བརྗོད་པར་ཁ་བ་སྒྲོལ་མས། ད་ནི་བསམ་དོན་འགྲུབ་སོང་སྙམ་བཞིན་ཟ་ཁང་དེ་དང་བྲལ་ནས་ན་གཞོན་དེ་གཉིས་ཀྱི་རྗེས་ཤར་བསྐྱོད་བྱས། གང་ཙམ་ཞིག་བསྐྱོད་དུས་ཁ་བ་སྒྲོལ་མས་ན་གཞོན་གཉིས་དེར་ཞིབ་ལྟ་ཞིག་བྱེད་ཞོར་བསམ་བློ་ཞིག་འཁོར་རྗེས། སྐུ་ཞབས་རྒྱ་མཚོ་ལགས་གང་དུ་ཡོད་དམ། ཞེས་ངག་ནས་རང་དབང་མེད་པར་དྲི་བར་ཐལ། ན་གཞོན་གཉིས་དེས་དགོད་ཆུང་དགོད་གྱིན་ལ། མགྱོགས་པོ་ཤོག་དང༌། སྐུ་ཞབས་རྒྱ་མཚོ་ལགས་ཕར་ཕྱོགས་ན་ང་ཚོ་སྒུག་ཀྱིན་བཞུགས་ཡོད་པ་རེད། ཅེས་བཤད། ཁ་བ་སྒྲོལ་མས་ན་གཞོན་གཉིས་ཀྱི་དགོད་ཚུལ་ལ་བརྟགས་པ་ན་རང་ཉིད་ཡིད་མ་ཆེས་པའི་བློ་ཞིག་སྐྱེས། འོན་ཀྱང་ད་ནི་མུན་ནག་གི་ཁྲོད་འདིར་ཀྱག་ཀྱོག་མང་བའི་འགྲོ་ལམ་གང་མང་ཞིག་བརྒྱུད་ནས་གནས་ངེས་མེད་དེ་འདྲ་ཞིག་ཏུ་འབྱོར་འདུག་པས་བསམ་བློ་བེད་མེད་དུ་གྱུར། ཡུན་རིང་མ་འགོར་བར་ཁོང་ཚོ་ཐོག་བརྩེགས་གསུམ་ཅན་གྱི་ཁང་པ་ཞིག་གི་མདུན་དུ་སླེབས་པ་དང་ན་གཞོན་གཉིས་ཀྱིས་རྒྱ་གཞས་ཤིག་སྐད་ཤུགས་ཆེན་པོས་གཏོང་བཞིན་རྡོ་སྐས་འཛེགས་ཏེ་སོང༌། ཁ་བ་སྒྲོལ་མ་ཐེ་ཚོམ་དང་བཅས་ན་གཞོན་གཉིས་ཀྱི་རྗེས་ལ་ཡར་འཛེགས་ཏེ་ཁང་པ་དེར་བསྐྱོད། ཁང་ཆུང་དེར་སླེབས་རྗེས། ཁ་བ་སྒྲོལ་མའི་རེ་བ་ལྟར་སྐུ་ཞབས་རྒྱ་མཚོ་ལགས་དང་ཕྲད་རྒྱུ་ཕར་བཞག་ཁོང་གི་གྲིབ་གཟུགས་ཙམ་ཡང་རྙེད་རྒྱུ་མེད་པས། དེ་བས་འཇིགས་སྣང་དང་སེམས་ཁྲལ་དུས་གཅིག་ཏུ་སྐྱེས་དགོས་པར་གྱུར། སྐུ་ཞབས་རྒྱ་མཚོ་ལགས་གང་དུ་ཡོད་དམ། ཞེས་བསྐྱར་དུ་དྲིས་པར། ན་གཞོན་གཅིག་གིས། ཏོག་ཙམ་སྒུགས་དང༌། ཞེས་ཁྲོ་གཉེར་དྲག་པོ་ཞིག་བསྟན་པས་ཁ་བ་སྒྲོལ་མ་ཁུ་སིམ་མེར་ལུས་པ་དང་སྦྲགས། ཊིར་་་ཊིར་་༌། ཞེས་ཁ་པར་གྱི་སྒྲ་གྲགས། ན་གཞོན་གཟུགས་རིང་དེས་ཁ་པར་ཚུར་ལེན་ནས། ཡིན་ཡིན། ང་རྡོ་རྗེ་ཡིན་་་ཧ་་ཧ་་ཧ་་༌། ཡོད། མགྱོགས་པོ་ཡིན་ད། ཞེས་རྒྱ་སྐ
ད་ཐོག་བཤད་མ་ཐག་ཁ་པར་མར་བཞག ཁ་བ་སྒྲོལ་མས། ཁ་པར་རྒྱག་མཁན་སྐུ་ཞབས་རྒྱ་མཚོ་ལགས་རེད་དམ། ཞེས་དྲི་དགོས་བསམས་རུང༌། ན་གཞོན་དེའི་རྣམ་འགྱུར་ལ་ཁྲོ་གཉེར་ཆེ་དྲགས་པས་དྲི་མ་ཕོད། སྐབས་དེར་ཁོ་མོའི་སེམས་ནང་དྲི་བ་གང་མང་ཞིག་འཁོར་ཡང་སྐུ་ཞབས་རྒྱ་མཚོ་ལགས་ཕེབས་རྒྱུར་བསྒུག་རྒྱུ་ལས་གཞན་བྱ་ཐབས་མ་རྙེད་པར་ལུས།
ཐྲག་་་ཐྲག་་ཐྲག སྒོ་བརྡུངས་པ་དང་སྦྲགས། ཁ་བ་སྒྲོལ་མས་ཐེ་ཚོམ་སྤུ་ཙམ་མེད་པར། སྐུ་ཞབས་རྒྱ་མཚོ་ལགས་ཕེབས་བྱུང༌། ཞེས་ངག་ནས་ཤོར། ན་གཞོན་དེས་སྒོ་ཕྱེ་མ་ཐག ནང་དུ་ཕེབས་ཤོག་ཅེས་རྒྱ་སྐད་ནས་བརྗོད་པ་དང་ལོ་ཚད་མཉམ་པའི་ཕོ་གཞོན་དྲུག་དུས་གཅིག་ཏུ་ནང་དུ་འཛུལ། གདོང་པ་ནག་པོ་ཅན་གྱི་ཕོ་གསར་དེས་སྒོ་དེར་རྡོག་ཐོ་ཞིག་གཞུས་ནས་མར་བརྒྱབ། ཁ་བ་སྒྲོལ་མ་སེམས་འཚབ་སྐྱེས་ཏེ་སྒོ་འགྲམ་དུ་འགྲོ་རྩིས་བྱེད་སྐབས། སྡོད་་་མར་སྡོད། ཁྱོད་ག་པར་འགྲོ་རྩིས་ཡོད་་་་༌། ཅེས་ཕོ་གཞོན་ཞིག་གིས་བཀག དེ་འཕྲལ་ཁ་བ་སྒྲོལ་མ་སྡུག་བསྔལ་གྱིས་ཡོངས་སུ་བཏུམས་པ་དང༌། ཕ་མ་ནང་བཞིན་བྱམས་སྐྱོང་གནང་མཁན། ལྷག་བསམ་ཅན་གྱི་སྐུ་ཞབས་རྒྱ་མཚོ་ལགས་ཀྱི་གཟུགས་བརྙན་དེ་མོའི་མིག་མདུན་དུ་ཕྲ་ལྷམ་མེར་མངོན།
རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། སྐབས་འདིར་ཁྱེད་རྣམ་པར་སྐུ་ཞབས་རྒྱ་མཚོ་ལགས་གང་དུ་ཕེབས་ཡོད་དམ་ཞེས་པའི་དྲི་བ་ཆེན་པོ་ཞིག་སླེབས་ཡོད་སྲིད་པས། སྐུ་ཞབས་རྒྱ་མཚོ་ལགས་ཀྱི་གནས་ཚུལ་རྣམས་རིམ་བཞིན་གཤམ་དུ་འགོད་ཆོག་པ་ཞུ་རྒྱུ་ཡིན།
སྐུ་ཞབས་རྒྱ་མཚོ་ལགས་ཁ་བ་སྒྲོལ་མ་དང་བྲལ་ནས་ལམ་ཁྲིད་པ་ཞིག་འཚོལ་བར་འགྲོ་བའི་ལམ་བར་དུ་བོད་པའི་ཕོ་གཞོན་ཞིག་དང་འཕྲད། ཕོ་གཞོན་དེའི་མིང་ལ་རྡོ་རྗེ་ཟེར། རྡོ་རྗེ་ཟེར་བའི་ཕོ་གཞོན་འདི་ནི་རྒྱ་གར་ལ་འགྲོ་རྩིས་བྱེད་མཁན་གྱི་བོད་མི་རྣམས་རྩད་གཅོད་བགྱིས་ཏེ་དེ་དག་རྒྱ་མིར་རྩིས་སྤྲོད་བྱེད་མཁན་གྱི་བོད་མི་ཀླད་མེད་ཅིག་རེད། ཁོས་རང་གི་མི་རིགས་ཡུལ་བྱོལ་དུ་འགྲོ་རྩིས་བྱེད་མཁན་མང་དག་ཅིག་རྒྱ་མིར་རྩིས་སྤྲོད་ཀྱི་ལས་ཀ་དེ་གཉེར་ཏེ་ལོ་ངོ་མང་དག་ཅིག་འགྲོ་མུས་ཡིན་པ་བཞིན། ཐེངས་འདིར་ཡང་སྐུ་ཞབས་རྒྱ་མཚོ་ལགས་ཁོ་པས་མཐོང་རྗེས། བརྟག་ཞིབ་བྱས་པ་བརྒྱུད་རྒྱ་གར་དུ་འགྲོ་མཁན་ཞིག་ཡིན་པར་དོགས་པ་ཟ་བ་དང་སྦྲགས། འཛུམ་དམུལ་དམུལ་གྱིས། སྐུ་ཞབས་ལགས། གང་དུ་ཕེབས་སམ། ཞེས་དྲིས། སྐུ་ཞབས་རྒྱ་མཚོས། ང་ལས་དོན་ཞིག་གི་ཆེད་དུ་འདིར་ཡོང་བ་ཡིན། ཞེས་གསུངས་སྐབས་གཡོ་སྒྱུ་ལ་གོམས་པ་ཆེ་བའི་རྡོ་རྗེ་ཟེར་བའི་མི་དེས་ལམ་སེང་སྐུ་ཞབས་རྒྱ་མཚོའི་ལག་པ་ནས་བཟུང་སྟེ། སྐུ་ཞབས་ལགས། དེང་སང་རྒྱ་མིས་ང་ཚོར་སྡོད་བཟོད་མི་བདེ་བར་ཟོ་མུས་འདུག་ན་ཡུན་རིང་མ་འགོར་བར་ང་རང་རྒྱ་གར་རང་དབང་ལུང་པར་བོད་མི་བཙན་བྱོལ་བ་གཞན་ཚོ་ནང་ལྟར་ཡུལ་བྱོལ་དུ་འགྲོ་རྩིས་ཡོད། ཁྱེད་རང་་་་་༌། ཞེས་བཤད་པར་རྒྱ་མཚོས་ཕྱི་ལ་བོད་པའི་ཁྱད་ཆོས་གཙང་མ་ལྡན་ཞིང་ཁ་ནས་བོད་པའི་རྩ་དོན་རྐྱང་རྐྱང་ཤོད་མཁན་གྱི་རྡོ་རྗེ་ལ་གདེང་འཇོག་ཆེན་པོ་ཞིག་བྱས་ཏེ་རང་ཉིད་དང་ཁ་བ་སྒྲོལ་མའི་ལོ་རྒྱུས་རྣམས་ཀྱང་མ་ལུས་པར་རེ་རེ་བཞིན་བཤད། སྐབས་དེར་རྡོ་རྗེས་ཁ་བ་སྒྲོལ་མ་ད་ལྟ་གང་དུ་ཡོད་དམ། ཞེས་དྲིས་པར་སྐུ་ཞབས་རྒྱ་མཚོས་ལམ་སེང༌། གཡག་ཟ་ཁང་ནང་སྒུག་བསྡད་ཡོད། ཅེས་བརྗོད་པ་རྡོ་རྗེ་ཟེར་བའི་ཁྲམ་པ་དེས་སྐུ་ཞབས་རྒྱ་མཚོའི་ལོ་རྒྱུས་དང་ཁ་བ་སྒྲོལ་མ་སོགས་ཀྱི་མིང་ཙམ་ཐོས་པས་སེམས་སྤྲོ་བས་བཟི་ཞིང་གདོང་ལ་རྒྱལ་ཁའི་འཛུམ་མདངས་རྒྱས་ཏེ། སྐུ་ཞབས་ལགས། དེང་སང་གངས་འབབ་བཞིན་ཡོད་པས་འགྲམ་བརྒྱུད་ནས་སོང་ན་ལམ་བདེ་པོ་ཡོད། དེར་བརྟེན་ཁྱོད་འདིར་ཅུང་ཙམ་སྒུག་དང་ངས་འགྲམ་གྱི་སྤུན་མཆེད་ལ་ཁ་པར་ཞིག་བཏང་ནས་ང་ཚོ་མཉམ་དུ་ཡོང་ན་འགྲིག་མིན་སྐད་ཆ་ཞིག་དྲིས་ཆོག ཅེས་བཤད་པ་དང་རྡོ་རྗེ་ཁོ་རང་ཁ་པར་གཏོང་བར་སོང༌།
སྐུ་ཞབས་རྒྱ་མཚོ་ལགས་ནས་དེར་སྐར་མ་བཅུ་ཙམ་སྒུག་ནས་སྡོད་སྐབས་རླངས་འཁོར་ཆུང་ཆུང་ཞིག་ཁོང་ཡོད་སར་ཐད་ཀར་སླེབས། ཁོང་གང་ཡང་མི་སྙམ་པར་རྡོ་རྗེ་སྒུག་གིན་བསྡད། དེ་མ་ཐག་རླངས་འཁོར་ཆུང་ཆུང་དེའི་ནང་ནས་ཉེན་རྟོག་པ་ལྔ་གཅིག་མཇུག་གཉིས་མཐུད་ཀྱིས་ཐོན་ཏེ་ཐད་ཀར་ཁོང་གི་མདུན་དུ་ཡོང་ནས་སྐུ་ཞབས་རྒྱ་མཚོར་ལག་ལྕགས་བརྒྱབ་ཏེ་ཁྲིམས་ཁང་ལ་ཁྲིད། སྐུ་ཞབས་རྒྱ་མཚོས་རང་ཉིད་རྡོ་རྗེའི་མགོ་སྐོར་འོག་ཏུ་ཚུད་པར་འགྱོད་པ་དུས་གཅིག་ཏུ་སྐྱེས་པ་དང་སྦྲགས། ལོ་ན་ཆུང་ཞིང་གཞན་ཡུལ་ལ་གོམས་འདྲིས་མེད་པའི་བུ་མོ་ཁ་བ་སྒྲོལ་མ་མིག་ལམ་དུ་འཁོར། ཡིན་རུང་རང་ཉིད་ནི་ལྕགས་རིའི་ནང་དུ་བཅུགས་ཟིན་པས་བྱ་ཐབས་གང་ཡང་མ་རྙེད་པར་ལུས།
རྡོ་རྗེ་ཟེར་བ་དེས་འགྲམ་ལ་ཁ་པར་གཏོང་ཁུལ་གྱིས་སྐུ་ཞབས་རྒྱ་མཚོར་མགོ་བསྐོར་བཏང་སྟེ་རྒྱ་མིའི་ཉེན་རྟོག་པར་ཁ་པར་བཏང་བ་རེད། དེ་ལྟར་སྐུ་ཞབས་རྒྱ་མཚོ་ལགས་རྒྱ་མིའི་ཉེན་རྟོག་པར་རྩིས་སྤྲད་མ་ཐག་ཁོ་པར་རྒྱ་མིའི་ལས་ཁུངས་ནས་དངུལ་ལོར་ཆག་པ་ཞིག་རག་པར་རྒྱལ་ཁའི་རྣམ་འགྱུར་ཞིག་དང་མཉམ་དུ་རང་ཉིད་ཀྱི་གྲོགས་པོ་ལྷག་དོན་ཁྲིད་ནས་ཁ་བ་སྒྲོལ་མའི་ཕྱོགས་སུ་བསྐྱོད་པ་རེད།
སྐུ་ཞབས་རྒྱ་མཚོ་ལགས་བཙོན་ཁང་དུ་འབྱོར་བའི་ཉིན་གསུམ་རིང་རྒྱ་དམག་གིས་རྡུང་རྡེག་དང་མནར་གཅོད་བར་མེད་དུ་བཏང་བ་མ་ཟད། གློག་རྒྱུག་སོགས་ཀྱིས་དུད་འགྲོའི་བེམ་གཟུགས་ཤིག་ལ་བརྡུངས་པ་བཞིན་གྲངས་མེད་གཞུས། ཡིན་རུང་སྐུ་ཞབས་རྒྱ་མཚོ་ལགས་ཀྱི་མཐོང་ལམ་དུ་འཆར་བ་ནི་ན་ཆུང་ཁ་བ་སྒྲོལ་མ་ཡིན་ལ། སེམས་ངོགས་སུ་ཤར་བ་ཡང་ཁ་བ་སྒྲོལ་མའི་མི་ཚེ་ཡིན། ལྷག་པར་དུ་རེ་བ་གསོན་པ་ཞིག་གིས་སྙིང་དམར་བསྲེགས་པ་ནི་ཁ་བ་སྒྲོལ་མ་རང་ཉིད་ལྟར་རྡོ་རྗེ་ཟེར་བ་དེའི་གཡོ་སྒྱུའི་འོག་མ་ཚུད་པར་རྒྱ་གར་དུ་བྲོས་ཐུབ་ན་སྙམ་པའི་འགྱུར་མེད་ཀྱི་བློ་ཆུང་འདི་རེད།
བཙོན་ཁང་དུ་སླེབས་པའི་ཉིན་བཞི་པ་དེར་སྐུ་ཞབས་རྒྱ་མཚོ་ལགས་སུ་ནག་ཉེས་ཆེན་པོ་ཞིག་ཕོག་པ་དེ་ནི་མི་བསད་ལག་དམར་བ་ཡིན་པར་ངོས་ལེན་བྱེད་དུ་བཅུག་པ་དེ་རེད། མ་བྱས་པའི་ལས་ཁས་ལེན་རྒྱུ་ནི་སུས་ཀྱང་མི་ཐེག་པའི་རྡོག་ཁྲེས་ཤིག་ཡིན་པས། སྐུ་ཞབས་རྒྱ་མཚོ་ལགས་ནས་མགོ་བོ་འཕྲེད་དུ་གཡུགས་བཞིན་ངས་ནམ་ཡང་མི་བསད་མ་མྱོང༌། ཞེས་སྐད་ཤུགས་ཆེན་པོས་འབོད་སྒྲ་བསྒྲགས། ཉེན་རྟོག་པས་སྐུ་ཞབས་རྒྱ་མཚོ་ལགས་སུ་བཅར་བརྡུངས་དྲག་པོ་བཏང་པའི་མཐར་ཐབས་ཟད་འུ་ཐུག་ངང་ནས་ཉེན་རྟོག་པ་དེ་རྣམས་ངལ་གསོ་བརྒྱབ་པ་དང༌། རྒྱ་མཚོ་ལགས་བཙོན་ཁང་གི་རྭ་བ་དེར་ཀྲོང་ངེར་ལངས་ནས་འདུག་ཏུ་བཅུག ཉིན་དེའི་མཚན་མོར་ཟླ་བའི་འོད་ཟེར་རབ་ཏུ་བཀྲ་ལ། ཁོར་ཡུག་ཐམས་ཅད་འཇམ་ཐིང་ངེར་གནས། སྐུ་ཞབས་རྒྱ་མཚོ་ལགས་ནས་སྒོ་སྲུང་བ་དེ་གཅིག་པུའི་གཟུགས་བརྙན་ལ་བལྟ་བཞིན་བསམ་བློ་སྣ་ཚོགས་འཁོར། ཁོང་གིས་སྒོ་སྲུང་བ་བསད་དེ་བྲོས་དགོས་སྙམ་ཡང༌། བསམ་བློ་གཞན་ཞིག་བཏང་རྗེས། གཅིག་ནས་རང་ཉིད་དགེ་འདུན་པ་ཞིག་ཡིན་པ་དང༌། གཉིས་ནས་རང་ཉིད་བཙོན་རྭར་འཇུག་མཁན་རྡོ་རྗེ་ཡིན་པས་ཉེས་མེད་སྒོ་སྲུང་བ་བསད་ནས་སྙིང་རྗེ་སྙམ་པ་རེད།
མཚན་དཀྱིལ་ཡོལ་ཙམ་ལ་སྐུ་ཞབས་རྒྱ་མཚོ་ལགས་ཡར་ལངས་དྲགས་པའི་རྐྱེན་ཡིན་གང་ལྟར་རང་གི་ལུས་པོ་མ་ཐེག་པར་ཐང་ལ་འགྱེལ། སྐབས་དེར་སྒོ་སྲུང་བ་དེར་འབྱོར་ནས་སྐུ་ཞབས་རྒྱ་མཚོ་ལགས་ཡར་སྐྱོར། སྐུ་ཞབས་རྒྱ་མཚོས་རང་ཉིད་སྐྱོར་མཁན་གྱི་སྒོ་སྲུང་བར། གྲོགས་པོ་ད་ནི་ང་རང་ཤི་ན་བསམས་ཀྱི་འདུག་པས་ང་གློད་རོགས་གནང༌། ང་སྐྱོར་མི་དགོས། ཞེས་ངག་ལྡབ་ལྡིབ་ངང་བཤད། སྐབས་དེར་སྒོ་སྲུང་བ་དེའི་མིག་ཟུང་མཆི་མས་ཁེངས་ཏེ། གྲོགས་པོ་ངས་ད་བར་དུ་བཙོན་པ་བྱས་ཏེ་མི་ཚེ་བསྐྱལ་བ་ཡིན། ཁྱོད་ཉིན་གསུམ་བཞི་འདིའི་རིང་ཅིའི་ཕྱིར་སེམས་ཤུགས་ཆག་དགོས། ཞེས་སེམས་གསོའི་ཚུལ་དུ་བརྗོད་དེ་ཡར་སྐྱོར་ཙམ་བྱས། སྐུ་ཞབས་རྒྱ་མཚོ་ལགས་ནས་མིག་ཟུང་ཕྱེ་ཙམ་གནང་སྟེ་ཡང་བསྐྱར་ས་ལ་ཉལ། སྒོ་སྲུང་བས་བསམ་བློ་གཏོང་བཞིན་ཡང་བསྐྱར་མིག་ཆུ་བཏང༌། ཡུན་རིང་མ་འགོར་བར་སྐྱ་རེངས་ཀྱི་འོད་མདངས་དལ་བུར་མི་ཡུལ་ལ་སླེབས་ལ་ཉེ་བའི་སྐབས། སྒོ་སྲུང་བས་ཅི་ཞིག་ཐག་བཅད་པ་བཞིན་ཡར་ལངས་ནས་སྒོའི་ཟུར་གྱི་ཁང་ཆུང་དེར་བསྐྱོད། རྒྱབ་ཁུག་ཆེན་པོ་ཞིག་འཁུར་ནས་ཕྱིར་ཡོང་བ་དང་ཡར་ལྟ་མར་ལྟ་ཞིག་བྱས་ཏེ་སྐུ་ཞབས་རྒྱ་མཚོ་ལགས་སྐྱོར་ཏེ། ཁོང་ཡར་བཞེངས་དང༌། ངེད་གཉིས་འདི་ནས་བྲོས་འགྲོ སྤྱིར་བཏང་ངས་ཁྱེད་རང་གཅིག་པུ་བཏང་ན་ཆོག་མོད། འོན་ཀྱང་ངས་རང་ཉིད་ཀྱི་སྲོག་བཙོང་དགོས་པས་་་་༌། གྲོགས་པོ་མགྱོགས་པོ་ལོངས་དང་འགྲོ། ཞེས་བཤད་པ་དང་སྐུ་ཞབས་རྒྱ་མཚོ་ཡར་འཐེན་ཙམ་བྱས། སྐུ་ཞབས་རྒྱ་མཚོས་སྒོ་སྲུང་བའི་བྱེད་སྟངས་དག་མཐོང་པ་དང་སྐད་ཆ་ཞིག་བཤད་འདོད་བྱུང་རུང་ནམ་ལངས་བཞིན་ཡོད་པས་གཞན་གྱིས་ཤེས་དོགས་ཀྱིས་ཁོང་གཉིས་མགྱོགས་པོ་བཙོན་ཁང་དེ་ནས་བྲོས། གསང་ལམ་དུ་སླེབས་པ་དང་སྐུ་ཞབས་རྒྱ་མཚོ་ལགས་ནས་ཁ་བ་སྒྲོལ་མ་འཚོལ་བར་འགྲོ་གྲབས་བྱས། སྒོ་སྲུང་བ་འཇིགས་སྐྲག་གིས་དེད་ནས། གྲོགས་པོ། ད་འགོར་མི་ཉན། གལ་སྲིད་ངེད་གཉིས་འདི་ལྟར་ལྷོད་ལྷོད་བསྡད་ན་བཙོན་ཁང་དུ་སྲོག་འཇལ་རྒྱུ་རེད། གྲོགས་པོ་མྱུར་དུ་འགྲོ་དང༌། ངེད་གཉིས་འདི་ནས་ཐར་བ་བྱེད་དགོས། ཁ་བ་སྒྲོལ་མ་ནི་པར་དང་ཡི་གེ་སོགས་ཀྱི་ལམ་ནས་འཚོལ་ཐུབ་པའི་བྱ་ཐབས་ཡོད། ཅེས་མགྲིན་པ་འདར་བཞིན་སྨྲས། སྐུ་ཞབས་རྒྱ་མཚོ་ལགས་ནས། གང་ཞིག་བྱ་དགོས་ཆ་མ་འཚལ་བར་གནས་དེར་ཀྲོང་ངེར་བཞེངས་ནས་བཞུགས། སྒོ་སྲུང་བས་མིག་ཆུ་གཏོང་བ་དང་མགོ་བོ་གཏུགས་ནས་ཞུ་བ་བྱས་པས་སྐུ་ཞབས་རྒྱ་མཚོ་ལགས་ནས་ཀྱང་སྒོ་སྲུང་བའི་བཀའ་དྲིན་སྙིང་བཅངས་ཀྱིས་མདུན་བསྐྱོད་བྱ་འགོ་བརྩམས་སོ། །
སྒོ་སྲུང་བ་དང་སྐུ་ཞབས་རྒྱ་མཚོ་ལགས་གཉིས་ཁ་ཕྱོགས་ངེས་གཏན་མེད་པའི་ལམ་གང་རུང་ཞིག་བརྒྱུད་ནས་ནགས་རི་དང་གངས་རི་གྲངས་མེད་བརྒལ་ཏེ་ཉིན་དེའི་ཉི་འོད་དྲོད་མོ་དེ་ནུབ་རིའི་རྒྱབ་ཏུ་བསྐྱལ། མཚན་མོ་དེར་ཁོང་གཉིས་ངལ་དུབ་ཀྱིས་མནར་བས་ངལ་གསོ་བར་བརྩམས། སྐུ་ཞབས་རྒྱ་མཚོ་ལགས་གྲོད་པ་ལྟོགས་དྲགས་པས་བཞིན་རས་ཡོངས་རྫོགས་སྐྱ་སེར་དུ་གྱུར་ཡོད་པས། སྒོ་སྲུང་བས་བག་ལེབ་སྐམ་པོ་ཞིག་རྒྱབ་ཁུག་ལས་བཏོན་ཏེ་ཁོང་ལ་ཕུལ། ཁོང་གིས་བག་ལེབ་དེ་མཆོད་པ་དང་ལུས་ལ་ནུས་ཤུགས་སྔོན་དང་མི་འདྲ་བ་ཞིག་རྒྱས། ཡར་ངོའི་ཟླ་བ་དེ་ནི་མཚན་མོའི་འགྲུལ་བཞུད་པའི་སྒྲོན་མེ་ཞིག་དང་མཚུངས་པར་དགྱེས་ཚོར་ཆེན་པོས་ཨ་སྔོན་ནས་འཛུམ། ཕལ་ཆེར་སྐུ་ཞབས་རྒྱ་མཚོ་ལགས་དང་སྒོ་སྲུང་བ་གཉིས་བཙོན་འོག་ནས་ཐར་བར་དགའ་བསུ་བྱེད་པ་ཞིག་དང་ཀུན་ནས་མཚུངས། ཁོང་གཉིས་ཀྱང་ཟླ་འོད་དང་བསྟུན་ནས་མུ་མཐུད་དེ་མདུན་བསྐྱོད་བྱས། རི་རྒྱལ་ཆེན་པོ་ཞིག་གི་ཕ་རོལ་ཏུ་སླེབས་དུས་སྤང་ཐང་ཆེན་པོ་ཞིག་མངོན་པ་དང་འཇིག་རྟེན་ཀྱང་འོད་ཀྱིས་ཁེངས་ནས་མུན་པ་རིམ་པས་བསལ། སྐུ་ཞབས་རྒྱ་མཚོ་ལགས་སྐྱོ་སྣང་ཞིག་སྐྱེས་ཏེ། ཁ་བ་སྒྲོལ་མ་སྙིང་རྗེ། མོ་རང་ཕ་མ་མེད་པའི་དྭ་ཕྲུག་བདག་མེད་ཅིག་ཡིན་པས། ངས་འདི་ལྟར་བསྐྱུར་ནས་སོང་ན་་་་་༌། ཞེས་གོམ་པ་སྤོ་མཚམས་འཇོག་གནང་བར། སྒོ་སྲུང་བས་རང་ཉིད་ཀྱི་ངག་སངས་ཙམ་བྱས་ཏེ་ཁོང་ལ་སེམས་གསོ་དང་སྦྲགས་རང་ཉིད་ཀྱི་ལོ་རྒྱུས་རྣམས་ཞིབ་པར་བཤད་པ་གཤམ་གསལ།
སྐུ་ཞབས་ལགས། ཁྱེད་ཀྱིས་ངའི་སྟེང་ལ་ཐུགས་བསམ་ཞིག་བཞེས་གནང་དང༌། ངའི་ཕ་མ་དང་བུ་ཕྲུག སྤུན་ཉེ། ཆུང་མ་སོགས་སྡུག་གི་མུན་པར་ལུས་ཡོད། ཁྱེད་ཀྱིས་བུ་མོ་ཞིག་གི་ཆེད་དུ་འདི་འདྲའི་ཐུགས་ཁྲལ་གནང་ན་་༌། ཕྱི་ལོ་ ༡༩༧༣ ལོར་ང་ལ་མི་གསོད་ལག་དམར་གྱི་མ་ཉེས་ཁག་གཡོག་གིས་བཙོན་འཇུག་ལོ་ ༢༠ བྱས། དེ་ནས་ ༡༩༩༣ ལོར་ང་བཙོན་པའི་འཚོ་བ་ལས་ཐར་རུང་བཙོན་སྒོ་སྲུང་བའི་ལས་འདི་སྤྲད། ད་ལོ་རང་ལོ་ ༤༣ ཡིན། ཕ་མ་གཉིས་ཀྱང་དགུང་ལོ་བགྲེས་སོང་ཆགས་ཡོད། དེང་སྐབས་ང་སྒོ་སྲུང་ཆགས་པ་ནས་བཟུང་ཆུང་མ་དང་ཕ་མ་ལ་སོགས་པའི་ནང་མི་ཚོར་ཉིན་ལྟར་ཐུག་ཆོག་པའི་དབང་ཆ་ཡོད་པ་མ་ཟད། སྒོ་སྲུང་བར་གླ་ཆ་ཡང་རྒྱ་སྒོར་ ༢༠༠ རེ་ཟླ་རེར་འབབ་བཞིན་ཡོད། འོན་ཀྱང་ངས་རང་ཉིད་ཀྱིས་དཀའ་སྡུག་མྱངས་བའི་ཉམས་མྱོང་ཁྲོད་ཁྱོད་གཅིག་པུའི་མི་ཚེ་ལ་གཞིགས་ནས་ས་མཐར་བྲོས་པ་འདི་རེད། ཁ་བ་སྒྲོལ་མ་ནི་ད་ལྟ་ལོ་ན་ཆུང་ཆུང་ཡིན་པས་ལས་ཀ་གང་ཡིན་རུང་བྱ་ཐུབ། ཁོ་མོའི་མི་ཚེ་ལ་ང་ཚོ་ལྟ་བུའི་དཀའ་སྡུག་ནམ་ཡང་མྱོང་མི་སྲིད། ངའི་ཕྲུ་གུ་ཆེ་ཤོས་དེ་འདི་ལོ་རང་ལོ་བཅུ་
གཉིས་ཡིན། ད་དུང་དེ་ལས་ཆུང་བའི་ཕྲུ་གུ་གསུམ་ཡོད། ད་ཆ་ང་རང་འདི་ལྟར་གྱར་བས་ཁོང་ཚོར་པ་ཕ་ཟེར་བའི་བརྟེན་ས་གང་
ཡང་མེད་པ་མ་ཟད་ངའི་ཆུང་མ་ཡང་དབང་པོ་སྐྱོན་ཅན་ཡིན། འོ་ན་ཁོང་ཚོས་འཚོ་རྟེན་སུ་ལ་བཅོལ། ཞེས་སྒོ་སྲུང་བས་བཤད་མཚམས་འདིར་སླེབས་དུས། སྐུ་ཞབས་རྒྱ་མཚོ་ལགས་ནས། སྒོ་སྲུང་འདིས་རང་ཉིད་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་བ་གསལ་རྟོགས་ཐུབ་པ་བཞིན་ཁོང་གི་གནས་སྟངས་དེ་རྣམས་སེམས་ནང་རེ་རེ་བཞིན་དྲན་གྱིན་བཟོད་ཐབས་མེད་པའི་མིག་ཆུ་ཕྲེང་བའི་རྒྱུན་བཞིན་ཤོར། ལྷག་པར་དུ་རང་ཉིད་བཙོན་དུ་འཇུག་མཁན་བོད་མི་ཞིག་ཡིན་པ་དང་ཡང་བཙོན་ནས་གྲོལ་ཐུབ་པ་བྱེད་མཁན་ཡང་བོད་མི་ཞིག་ཡིན་པ་ཡིད་ལ་འཁོར་བཞིན་མིག་ཆུ་དེ་བས་མང་ཙམ་ཤོར་བ་རྣམས་ཕྱིས་ཙམ་བྱས་ཏེ། གྲོགས་མཆོག་ལགས། ཁྱེད་ཀྱིས་ངའི་ཆེད་རང་དོན་གྱི་བྱ་བཞག་ཡོད་ཚད་དོར་གནང་འདུག་པས། ངའི་ངོས་ནས་དངོས་གནས་ཇི་སྲིད་བར་དུ་ཁྱེད་ཀྱི་བཀའ་དྲིན་བརྗེད་མི་སྲིད། ཅེས་ངུ་ངག་གིས་ལམ་ནས་བརྗོད་པས་སྒོ་སྲུང་བ་ཡང་སེམས་འགུལ་ཚད་མེད་ཐེབས་ནས་མིག་ཆུ་ཤོར།
དེ་ལྟར་ཁོང་གཉིས་ཀྱིས་གཅིག་སེམས་གཅིག་གིས་གསོ་བཞིན་ལམ་བུ་ངེས་མེད་དང་ཡུལ་ལུང་ངེས་མེད་བརྒྱུད་མཐར། དཀོན་མཆོག་གི་ཐུགས་རྗེའམ་སྔོན་བསགས་ཀྱི་ལས་སྨོན་དབང་གིས་བལ་ཡུལ་གྱི་ས་སྣེར་འབྱོར་ཏེ་བལ་པོའི་གྲོང་གསེབ་ཁག་བརྒྱུད་འགྲོ་རྒྱུ་བྱུང༌། དེ་བཞིན་ཁོང་གཉིས་ཀྱིས་སྐད་རིགས་གང་ཡང་མི་གོ་རུང་ལག་བརྡ་དང་རྣམ་འགྱུར་སྣ་ཚོགས་ཀྱིས་ཟས་སློང་བ་སོགས་བྱེད་བཞིན་མུ་མཐུད་མདུན་བསྐྱོད་རིམ་པས་གནང་བས་མཐར་བལ་ཡུལ་གྲོང་ཁྱེར་དུ་འབྱོར་ཙམ་བྱུང༌། ལྷག་པར་དུ་བལ་ཡུལ་རྒྱལ་སར་འབྱོར་མ་ཐག་བོད་པ་རེ་གཉིས་མཐོང་རྒྱུ་ཡོད་པས་སྐུ་ཞབས་རྒྱ་མཚོ་ལགས་དགའ་བས་མྱོས་ཏེ། ས་གནས་འདི་གང་ཡིན་སྐོར་སོགས་དྲིས་པར་དེར་ཡོད་བོད་པ་དག་གིས། ས་གནས་འདི་བལ་ཡུལ་རྒྱལ་ས་ཡིན་སྐོར་སོགས་ཞིབ་ཕྲ་ངོ་སྤྲོད་ཞུས་པ་མ་ཟད། ཁོང་གཉིས་ཀྱི་ཉམ་ཐག་པའི་གྱོན་གོས་དང་ཤ་རིད་པའི་ལུས་གཟུགས་དག་མཐོང་བ་དང་སྙིང་རྗེ་ཚད་མེད་སྐྱེས་ཏེ་ཇ་འདྲེན་པ་སོགས་བྱས། སྐུ་ཞབས་རྒྱ་མཚོ་ལགས་ནས་ཀྱང་བོད་པ་དེ་དག་གིས་གནས་སྟངས་ལ་དུང་བ་ཞིག་སྐྱེས་ཏེ་མིག་ཆུ་ཤོར། དེ་རྗེས་ཁོང་རྣམས་ལ་ལོ་རྒྱུས་རྣམས་མ་ལུས་པར་གསལ་བརྗོད་བྱས། བོད་པ་དེ་དག་གིས་སེམས་གསོ་གང་མང་བྱེད་པ་དང་ད་ཆ་བཙན་བྱོལ་བོད་གཞུང་གི་གནས་ཚུལ་སོགས་འགྲེལ་བརྗོད་གནང་སྟེ་ཁོང་གཉིས་བོད་གཞུང་སྣེ་ལེན་ཁང་དུ་སྐྱེལ་རོགས་མཛད། སྐབས་དེ་ནས་བཟུང་སྐུ་ཞབས་རྒྱ་མཚོ་ལགས་ཀྱི་ཡིད་གདུང་གི་དཀའ་ངལ་རྣམས་དུས་གཅིག་ཏུ་ཡལ་བ་དང་རང་ཉིད་ཀྱི་ལམ་བུ་དེ་རྙེད་བྱུང་སྙམ་བཞིན་བོད་གཞུང་སྣེ་ལེན་ཁང་གི་ཕྱོགས་སུ་ཤར་བསྐྱོད་གནང༌། སྣེ་ལེན་ཁང་གི་ལས་བྱེད་རྣམས་ཀྱི་སྐུ་ཞབས་རྒྱ་མཚོ་ལགས་ཁོང་གཉིས་ཀྱིས་ལོ་རྒྱུས་ལ་རྒྱུས་ལོན་ཡང་དག་པ་ཞིག་བྱས་ཏེ་སྣེ་ལེན་གཟབ་རྒྱས་མཛད།
མཁྱེན་རྒྱ་ཡངས་པའི་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། ངའི་བརྩམས་སྒྲུང་འདི་མཇུག་རྫོགས་རུང་སྐུ་ཞབས་རྒྱ་མཚོ་ལགས་དང་ཁོང་ལ་ཕྱག་རོགས་གནང་མཁན་གྱི་སྒོ་སྲུང་བ། གཞན་ཡང་ཁ་བ་སྒྲོལ་སོགས་ཀྱི་མི་ཚེ་ནི་ད་དུང་མཇུག་རྫོགས་མེད་པས། མཐའ་མཇུག་ཏུ་ལུས་པའི་ལས་འགུལ་དང་གནས་ཚུལ་སོགས་སུས་ཀྱང་ཟློས་གར་འདིའི་མཇུག་མ་རྫོགས་པར་བལྟ་འདོད་ཡོད་པས་ངས་ཀྱང་འབྲི་འདོད་ཡོད།
མཐར་ཕྲན་གྱིས་རེ་སྐུལ་ཞུ་རྒྱུ་ཞིག་ལ། སྐུ་ཞབས་རྒྱ་མཚོ་ལགས་རྒྱ་གར་དུ་འབྱོར་ནས་ད་ཆ་ལོ་ངོ་བདུན་ཙམ་འགོར་རུང་ཁ་བ་སྒྲོལ་མའི་ལོ་རྒྱུས་གང་ཡང་རྟོགས་ཐུབ་མེད། དེར་བརྟེན་སུ་ཞིག་གིས་ཁ་བ་སྒྲོལ་མའི་གནས་ཚུལ་ཅུང་ཙམ་ཞིག་ཀྱང་མཁྱེན་རྟོགས་ཡོད་མཁན་འདྲ་ཡོད་ཚེ་ཚགས་ཤོག་འདི་བརྒྱུད་ནས་སྐུ་ཞབས་རྒྱ་མཚོ་ལགས་སུ་གསལ་བཤད་ཡོང་བ་མཁྱེན།། །།

སྔོན་གླེང༌།  

བརྩམས་སྒྲུང་ཕྱོགས་བསྒྲིགས། སྡེ་ཚན་ལྔ་པ།

མནའ་མས་ཞེ་ས་སྦྱངས་པ།

ཚེ་དབང་རྟ་མགྲིན།

    ཡུལ་ཆུང་ཞེས་པའི་ལུང་ཁུག་གཅིག་ནས་ཡིན་པའི་བུ་མོ་གཟུགས་བྱད་ཡག་ལ་རྣམ་པ་མཛེས་པ་ལྷ་མཛེས་སྒྲོལ་མ་ཞེས་པ་ཞིག་ཡོད་པ་དེ། བདེ་སྐྱིད་ཁང་གསར་གྱི་བུ་ལྷག་པ་ཕུན་ཚོགས་ཀྱི་མི་ཚེའི་གཏན་གྲོགས་སུ་འཇིག་རྟེན་ལུགས་མཐུན་བག་མར་བླངས་པ་རེད།
ཡིད་འོང་གི་བུ་མོ་ལྷ་མཛེས་སྒྲོལ་མ་ནི། ལས་ཀྱིས་བསྐོས་པའི་རང་གི་བཟའ་ཟླར་བརྩེ་ཞིང༌། བསྐོས་པའི་ཕ་མ་རྣམ་གཉིས་ལ་གུས་བཀུར་ཆེ་བ་སོགས། ལས་སྟངས་ཀྱི་ཡོན་ཏན་ཁྱད་འཕགས་དང་ལྡན་པ་ཞིག་ཡིན་པ་དེ་ལྟར་ཡང་མོ་ལ་སྐྱོན་ཆེན་པོ་གཅིག་རང་ཡོད་པ་དེ་ནི། ཞེ་ས་རྩ་བ་ནས་མ་ཤེས་པར་ནང་མི་རྒན་གཞོན་ཡོངས་དང་ཐ་ན་མགྲོན་པོ་ཚུན་ཆད་ལ་ཡང༌། “ཞལ་ལག་མཆོད་” ཟེར་རྒྱུའི་ཚབ་ལ། ལྟོ་ཟོ་ཞེས་དང༌། “གསོལ་ཇ་མཆོད་” ཟེར་རྒྱུའི་ཚབ་ལ་ཇ་འཐུང་ཞེས་ཁ་རི་ཁ་ཐུག་ལབ་མཁན་ཞིག་ཡོད་པར་བརྟེན། བདེ་སྐྱིད་ཁང་གསར་གྱི་ནང་མི་རྣམས་རང་ཁྱིམ་དུ་འགྲུལ་པ་ནམ་སླེབས་སྐབས་ངོ་ཚ་དགོས་པ་བཟོ་ཡི་ཡོད་རེད།
ཉིན་གཅིག་ཨ་མ་འཛོམས་པ་ལགས་འུ་ཐུག་ནས་ཐབས་མཁས་ཐོག་མནའ་མར། “འཇིག་རྟེན་ཁ་དཔེར། ཡ་རབས་ཕྱག་དང་ཞེ་སར་མཁས། །ཞེས་པས་ཞེ་ས་ངེས་པར་དུ་སྦྱོང་ཨ།” ཞེས་བསླབ་བྱ་བཟང་པོ་བརྒྱབ་པས། ལྷ་མཛེས་སྒྲོལ་མས། “ཨ་མ་ལགས་ཀྱིས་ང་ལ་ཞེ་ས་བསླབ་གནང་ན་ངས་ཞེ་ས་སྦྱང་ཆོག” ཅེས་ཞུས་པར། ཨ་མ་འཛོམས་པས། “བུ་མོ། ཞེ་ས་ཟེར་བ་དེ་དོ་སྣང་བྱས་དང་མ་བྱས་ཀྱི་ཁྱད་པར་རེད་མ་གཏོགས། གནད་འགག་གང་ཡང་ཡོད་མ་རེད། ཞེ་དྲག་ལས་སླ་པོ་རེད། དཔེར་ན། གསོལ་ཇ། གསོལ་མར། གསོལ་ཚིགས་ཞེས་པ་ལྟ་བུ་ཚིག་རེ་རེའི་མགོ་ལ་གསོལ་གསོལ་ཞེས་པའི་ཚིག་རེ་སྦྱོར་དང༌། ཞེ་ས་ཟེར་བ་འདི་འདྲ་གཅིག་རེད།” ཅེས་ལབ་པས། མནའ་མས་དེ་འདྲ་རང་ཞུས་ཆོག་ཅེས་ཁས་ལེན་ཞུས་པ་རེད།
དེ་ནས་ཉིན་ཁ་ཤས་རྗེས་ལྷ་མཛེས་སྒྲོལ་མ་བ་རྭའི་ནང་ཡོད་པའི་བེའུར་ལྟོ་སྟེར་བར་འགྲོ་སྐབས། ལམ་བར་ཁྱི་ཚང་ནང་བཏགས་ནས་ཡོད་པའི་འདོགས་ཁྱི་དེ་ཡིས་སོ་གཅིག་བརྒྱབས་པས་ན། ལམ་སེང་མོས་ཨ་མ་འཛོམས་པ་ལགས་ཡོད་སར་དབུགས་ཧལ་ཧལ་དུ་རྒྱུགས་ཕྱིན་ནས་ཞེ་ས་ཤེས་མདོག་ཁ་པོས། “ཨ་མ་ལགས། ཨ་མ་ལགས། པེ་པེ་ལགས་ལ། གསོལ་ལྟོ་སྟེར་ལ་ཕྱིན་པས། གསོལ་ཁྱི་ལགས་ཀྱིས་གསོལ་རྨུགས་གཅིག་བརྒྱབས་བྱུང༌། བདག་དང་གསོལ་ཁྱི་ལགས་ལ། གསོལ་འདྲིས་ཡོང་བའི། གསོལ་མོལ་གཅིག་གནང་རོགས་གནང༌།”ཞེས་ཞུས་པས། དེ་གར་འཛོམས་ནས་ཡོད་པའི་བདེ་སྐྱིད་ཁང་གསར་གྱི་སྐུ་མགྲོན་རྣམས་རང་དབང་མེད་པར་གད་མོས་རིལ་དགོས་པ་ཞིག་བཟོས་པ་རེད། དེར་པཱ་ལགས་ཀྱིས། “འོ། བུ་མོ། ཞེ་ས་མ་ཤེས་ན་གད་མོ་བྲོ་པོ་འདུག་ག” ཞེས་ཞལ་ཤོབ་དང་སྦྲགས་གསུངས་པ་རེད།

འཇིག་རྟེན་ན་བསྒྲུབ་དཀའ་ཤོས་མི་གསོན་པོ་བཟོ་རྒྱུ།

སྐྱོ་བྲག་དགའ་དབང༌།

    སྔ་མོ་བོད་ཀྱི་འབྲོག་པའི་དུད་ཚང་ཞིག་ན་ཕ་བུ་གཉིས་ཡོད་པ་ཁོང་གཉིས་ཉིན་གཅིག་བྱ་བ་སྒྲུབ་དཀའ་སླའི་སྐོར་འགའ་ཤས་ལབ་གླེང་བྱས་མཐར། བུས་རང་གི་ཕར། པཱ་ལགས་འཇིག་རྟེན་ན་བསྒྲུབ་དཀའ་ཤོས་དེ་ག་རེ་རེད། ཅེས་དྲིས་པར། པ་ཕས་མི་ཤི་ཚར་བ་གསོན་པོ་བཟོ་རྒྱུ་དེ་གསོ་བ་རིག་པའི་ལོ་རྒྱུས་ནང་མི་འདུག་པས་འཇིག་རྟེན་ན་བསྒྲུབ་དཀའ་ཤོས་ནི་དེ་རང་རེད་སྙམ་ནས་རང་གི་བུར། འཇིག་རྟེན་ན་བསྒྲུབ་དཀའ་ཤོས་དེ་ནི་མི་གསོན་པོ་བཟོ་རྒྱུ་དེ་རེད་འདུག ཅེས་གསུངས་པས་སྐབས་དེར་བུ་དེའི་སེམས་ནང༌། ཨ་ཙི་ཕ་མས་ཕྲུ་གུ་བཟོ་རྒྱུ་དེ་ནི་དེ་འདྲའི་དཀའ་ལས་ཁག་པོ་ཞིག་ཡོད་པ་རེད་སྙམ་ནས་སྐད་ཆ་དེ་ནི་རང་གི་སེམས་གཏིང་དུ་འཇགས་པ་རེད། དེ་ནས་དབྱར་ཚེ་སྐབས། སྐབས་རེ་རང་དང་ཕྲད་བཞིན་པའི་རྫི་མོ་ཞིག་ཡོད་པ་ཁོ་རང་ལས་ལོ་ན་ཅུང་ཆེ་བ་ཞིག་ཡོད་པ་དེ་ཐུག་པའི་ཉིན་ཞིག ཁོ་རང་གཉིས་མཉམ་དུ་སྐྱོད་ཀྱིན་སྐད་ཆ་འདྲ་མིན་ཤོད་སྐབས་ཁོས། འཇིག་རྟེན་ན་བསྒྲུབ་དཀའ་ཤོས་དེ་ནི་ཕ་མས་ཕྲུ་གུ་བཟོ་རྒྱུ་དེ་རེད་ཅེས་པཱ་ལགས་ཀྱིས་གསུངས་བྱུང་བ་དེ་དངོས་གནས་བདེན་པ་ཡིན་པ་འདྲ། ཞེས་བཤད་པར་མོས། དེ་དཀའ་བའི་ལས་ཀ་ཞིག་རྩ་བ་ནས་མ་རེད་ཅེས་ལབ། ཁོ་པས་སླར་ཡང་དེ་དངོས་གནས་ཁག་པོ་ཡིན་པ་འདྲ། པཱ་ལགས་ཀྱིས་གསལ་པོ་གསུངས་བྱུང༌། ཞེས་ཁོང་གཉིས་ཕན་ཚུན་དེའི་སྐོར་མང་པོ་ཞིག་བཤད་རྗེས། མོས་དེ་ཁག་པོ་ག་རེ་ཡིན། ཡིད་མ་ཆེས་ན་ང་རང་གཉིས་ཀྱིས་བཟོས་ནའང་བཟོ་ཐུབ་པ་དེ་འདྲ་རེད། ཅེས་བཤད་པར་ཡང་ཁོས། ང་རང་གཉིས་ལྟ་བུས་བཟོ་ཐུབ་རྒྱུ་ཁག་པོ་ཞེ་དྲག་རེད་ཅེས་བཤད་པར་ཡང་མོས། ང་རང་གཉིས་འདི་འདྲའི་ཁ་རྩོད་བརྒྱབ་ནས་ཕན་ཐོགས་གང་ཡང་མེད། དེ་བས་ལག་ལེན་བྱས་ན་ཧ་གོ་ངེས་རེད། ཅེས་བརྗོད་པར་ཁོ་པ་དེར་བློ་མཐུན་ཏེ་ཁོ་གཉིས་ཀྱིས་ཕྲུ་གུ་བཟོས་པ་རེད། དེ་ནས་དུས་ཡུན་གང་ཙམ་སོང་བའི་ཉིན་ཞིག་ཡང་ཁོ་གཉིས་འཕྲད་པ་དང་སྦྲགས་མོས། ད་ནི་ང་རང་གཉིས་ཀྱིས་མི་གསོན་པོ་བཟོས་ཡོད། ཅེས་བརྗོད་པར་ཁོས་དེ་ཙམ་ཡིད་འཇོག་མི་བྱེད་པར། ང་ལ་ཕ་དྲིན་ཅན་གྱིས་མི་གསོན་པོ་བཟོ་རྒྱུ་ཁག་པོ་རེད་ཅེས་གསུངས་བྱུང་བས་མོས་བཤད་པ་དེ་ནི་བདེན་པ་ཞིག་མ་རེད་སྙམ་ནས་ཁས་མ་བླངས། དེ་ནས་དགུན་དུས་སོ་སོར་བྱེ་ཁར། མོས་ངས་ཁྱོད་ལ་བདེན་པ་བཤད་པ་ཡིན། ད་ནི་ང་ལ་ཨ་ཉོག་ཆགས་ཚར་འདུག ད་ཁྱོད་རང་གིས་ཨ་ཕར་བཤད་ཆོག་ཅེས་བརྗོད་པར་ཡང་ཁོ་པར་ཐེ་ཚོམ་སྐྱེས་ཏེ་པ་ཕར་ལབ་ན་འགྲིག་ཨེ་ཡོང་སྙམ་བཞིན། གལ་སྲིད་ཕྲུ་གུ་ཞིག་བཟོས་མེད་ཚེ་ངས་པ་ཕར་རྫུན་ལབ་པར་འགྲོ་རྒྱུ་ལགས་ན། བུས་རང་གི་ཕ་མ་མགོ་སྐོར་གཏོང་བ་ནི་འཇིག་རྟེན་ན་མི་སྲིད་པའི་ངན་པ་ཚབས་ཆེན་རེད་སྙམ་པའི་བློ་འཁོར་ཏེ། བཤད་ན་སྙམ་པའི་རྣམ་རྟོག་ཙམ་ཡང་སྐྱེ་མ་ནུས་པ་རེད། ཕྱི་ལོའི་དབྱར་ཚེ་འཕྲད་མ་ཐག་ཁོས། གྲོགས་མོ་ང་རང་གཉིས་ཀྱིས་ཕྲུ་གུ་བཟོ་ཐུབ་འདུག་གམ་ཞེས་དྲིས་པར། མོས་འདི་བུ་ཞིག་མིན་ན་གང་ཡིན་ཞེས་ཕྲུ་གུ་མ་འབྱར་ཞིག་བསྟན་པས། ཁོ་པས་ཨ་ལ་ལ། ངས་དེ་ག་འདྲ་བྱས་ནས་པཱ་ལགས་སུ་ཞུ་དགོས་སམ་སྙམ་པའི་དགའ་བས་ཁེངས་ཏེ་སྐད་ཆ་གཞན་བཤད་ཁོམ་མེད་པར་ནང་དུ་ལོག་སྟེ། པ་ལགས་ངས་འཇིག་རྟེན་ན་བསྒྲུབ་དཀའ་ཤོས་ཡིན་པ་མི་གསོན་པོ་བཟོ་རྒྱུ་དེ་བཟོ་ཐུབ་སོང༌། ཞེས་ཞུས་པར་པ་ཕ་ཧང་སངས་ཏེ། དེ་གང་འདྲ་བྱས་བཟོས་པ་ཡིན་ནམ། ད་ལྟ་ག་པར་ཡོད་དམ་ཅེས་དྲིས་པར། བུས་ད་ལྟ་རྫི་མོའི་ཁྱིམ་དུ་ཡོད་ཅེས་ཞུས། ཕས་དེ་ད་ལྟ་ངའི་དྲུང་དུ་ཁྲིད་ཤོག་དང་ཅེས་ལབ། བུས་ལགས་སོ་ཞེས་ཞུས་ཏེ། སླར་སོང་ནས་གྲོགས་མོ་ལ་ཕྲུ་གུ་ད་ལྟ་ངའི་ཕའི་རྩར་འཁྱེར་ཡོང་རོགས་གནང་ཞེས་ལབ
། ཁོ་རང་གཉིས་པོས་བུ་མྱུར་བར་ཁུར་ཏེ་ཕར་བསྟན་པས། ཕས་འདི་ཁྱེད་གཉིས་ཀྱིས་གང་འདྲ་བྱས་ནས་བཟོས་པ་ཡིན་ནམ། ཞེས་དྲིས་པར་ཁོ་གཉིས་ཀྱིས་མཉམ་དུ། ངེད་གཉིས་ཀྱིས་མི་དགེ་བའི་བྱ་བ་བྱས་ཏེ་བཟོས་པ་ཡིན་ཞེས་ཞུས་པར། ཕ་ཧོན་འཐོར་ཏེ། དེ་ལ་ཁག་རྒྱུ་ག་རེ་ཡོད། ངས་ཟེར་བ་ནི་མི་ཤི་ཚར་བ་སླར་གསོན་པོ་བཟོ་རྒྱུའི་དོན་ཡིན། ཞེས་བརྗོད་པར་བུས། པཱ་ལགས་ཀྱིས་ང་ལ་མི་གསོན་པོ་བཟོ་རྒྱུ་ཁག་པོ་རེད་ཅེས་གསུངས་བྱུང་བ་ལས་གཞན་གསུང་མ་བྱུང་ཞེས་ཞུས། ཕས་བུ་་་་བུ་་་༌། ཞེས་ཁ་ཤས་གསུངས་ནས་དུས་ཡུན་གང་ཙམ་ཞལ་མ་གྲག་པར་བཞུགས་རྗེས་མཐར། ཁྱེད་རང་གཉིས་མཛའ་འདྲིས་ཟབ་མོ་ཡོད་པར་མ་ཟད་བྱ་བ་ཆེན་པོ་འདི་ལྟ་བུ་བསྒྲུབས་ཟིན་དུས་བུ་མོ་མནའ་མར་མི་ལེན་ཐབས་མེད་རེད། ཅེས་གསུངས་སྐབས་ཁོ་རང་གཉིས་ཕར་ལྟ་ཚུར་ལྟ་བྱེད་ཀྱིན་ལུས། དེ་ནས་ཁོང་རྣམས་ཀྱིས་བུ་མོར་དཀའ་ལས་ག་ཚོད་བྱུང་ཚུལ་སྐོར་སོགས་ཀྱི་སྐད་ཆ་རྣམས་གཞི་ནས་བྱས་པ་རེད།

ཕར་བཙོངས་པའི་ཡི་གེ་ཚུར་ཉོས་པ།

ཚེ་དབང་རྟ་མགྲིན།

    རྡོར་གླིང་སེན་འཇོ་སིབ་སི་མཐོ་སློབ་ནང་གྲོགས་པོ་ཟླ་བ་དང་ཉི་མ་ཟེར་བ་གཉིས་ཡོད་པ་ལས། ཟླ་བ་ནི་གཉེན་ཉེ་དང་གྲོགས་པོ་མང་བ་མ་ཟད། ལྷག་པར་སྙིང་གི་མཛའ་གྲོགས་ཡིད་འོང་ལྷ་མོ་སོགས་ཀྱི་ས་ནས་ཉིན་ལྟར་ཡི་གེ་རྒྱུན་མི་ཆད་པ་འབྱོར་མཁན་ཞིག་ཡིན་པས་དགའ་ཉམས་དོད་པོ་ཡོད་ན་ཡང༌། ཉི་མ་ནི་དཀར་བའི་གཉེན་དང་མཛའ་བའི་གྲོགས་ཀྱིས་ཕོངས་ཤིང་ཕ་མ་གཉིས་མེད་ཀྱི་དྭ་ཕྲུག་ཉམ་ཐག་ཅིག་ཡིན་པ་སོགས་ཀྱིས་རྐྱེན་པས་ཁོ་པར་ཡི་གེ་གཅིག་ཀྱང་འབྱོར་རྒྱུ་མེད་སྟབས། ཟླ་བ་ལ་ཡི་གེ་འབྱོར་རིམ་བཞིན་ཉི་མ་སེམས་པ་གཏིང་ནས་སྐྱོ་ཡི་ཡོད།
དུས་རྒྱུན་ཉི་མའི་ཁ་ནས། ཟླ་བ་ཁྱེད་རང་ལ་ཡི་གེ་འདི་འདྲའི་མང་པོ་འབྱོར་གྱི་འདུག་པས་བསོད་ནམས་རེད། ཅེས་ལབ་སྐབས་ཁོས། འདི་ལ་ཧ་ལས་རྒྱུ་གང་ཡོད། ཕར་ཡི་གེ་གཅིག་བཏང་ན་ཚུར་ཡིག་ལན་གཅིག་ལོས་ཡོང༌། དེ་ཆོས་ཉིད་ལྟ་བུ་རེད་ཅེས་ལབ།     དེ་ལྟར་ཉི་མར་ཡི་གེ་གཏོང་མཁན་མེད་པར་སོང་ཉིན་གཅིག་ཁོ་རང་འུ་ཐུག་ཐག་ཆོད་ནས། ཟླ་བ་ཁྱེད་རང་གི་ཡི་གེ་ཁ་མ་རྔོག་པ་གཅིག་ང་ལ་འཚོང་རོགས་ཞེས་ཞུ་བ་ཕུལ་བས། ཟླ་བས་འགྲིག་གི་རེད། སང་ཉིན་ང་ལ་ཡི་གེ་གང་འབྱོར་བ་དེ་དག་ནས་གཅིག་སྒོར་མོ་བཅུ་ལ་བཙོང་ཆོག སྒོར་བཅུ་དེ་ད་ལྟ་རང་འཁྱེར་ཤོག ཅེས་པད་ཤག་སྔ་འདོན་ལ་བླངས་པ་རེད། སང་ཉིན་དེར་སྦྲག་པའི་ལག་ཏུ་ཡི་གེ་གཅིག་རང་ལས་མེད་པ་དེ་ཟླ་བས་ཚུར་བླངས་ནས་ཉི་མར་སྤྲད་པ་རེད། ཉི་མས་ཡི་གེ་དེ་བླངས་རྗེས་དགའ་སྣང་ཆེན་པོའི་ངང་ཡང་ནས་ཡང་དུ་ཀློག་ནས་བསྡད་པས། ཟླ་བས་རང་གིས་ཉི་མར་བཙོངས་པའི་གཏོང་ཡིག་དེ་མི་སུ་ཞིག་གིས་བཏང་བའི་ཡི་གེ་ཡིན་ནམ། དེ་ཡི་ནང་ག་རེ་བྲིས་ཡོད་པ་ཡིན་ནམ་བསམས་ནས་ལམ་སེང་ཉི་མར་སྐད་ཆ་དྲིས་ཀྱང༌། ཟླ་བ་ལ་ཡི་གེ་སྟོན་རྒྱུ་ཕར་ཞོག་དེའི་ནང་དོན་ཡང་ལབ་རོགས་རྩ་བ་ནས་མ་བྱས་སྟབས། ཟླ་བས་ངའི་ཡི་གེ་དེ་ཚུར་སྤྲོད་རོགས་གྱིས་དང༌། ཁྱེད་རང་གི་དངུལ་ཕར་སློག་ཆོག་ཅེས་ལབ་ཀྱང་ཉན་རོགས་མ་བྱས་པས། མཐར་སྒོར་བཅུ་དེ་ཨུ་ཚུགས་ཀྱིས་ཁོའི་ལག་ཏུ་བཅུག་ནས་ཞུ་བ་འཐེན་སྐབས། ཉི་མའི་ཁ་ནས་ཡི་གེ་གཏོང་མཁན་དེ་ཡིད་འོང་ལྷ་མོ་རེད། ཅེས་རོབ་ཙམ་བཤད་པ་རེད།
མིང་ལབ་ཀྱང་དོན་མ་ལབ་པར་བརྟེན། རང་གི་བརྩེ་ལྡན་ཡིད་འོང་ལྷ་མོས་བརྗོད་དོན་གང་ཞིག་བྲིས་ཡོད་པ་ཡིན་ནམ་བསམས་ནས། ཟླ་བ་ཉི་མོའི་ཟས་དང་མཚན་མོའི་གཉིད་གཉིས་ཀ་བརླགས་ཀྱང༌། ཉི་མས་རང་གིས་ཉོས་པའི་ཡི་གེ་དེ་གསང་བ་དམ་པོ་བྱས་པ་མ་ཟད། དགའ་སྣང་ཆེན་པོའི་ངང་ནས་རང་ཉིད་གཅིག་པུས་ཟུར་དུ་ཀློག་བསྡད་པ་ལས་འཚོང་རྩིས་རྩ་བ་ནས་བྱེད་ཀྱི་མེད་པས། ཟླ་བས་སྒོར་ ༥༠ སྤྲད་ཆོག་ལབ་ཀྱང་ད་དུང་མ་ཉན་པ་རེད།
མཐར་ཟླ་བ་འ་ཆད་འུ་ཐུག་སྟེ་སྒོར་ ༡༠༠ སྤྲད་དེ་ཚུར་ཉོས་པ་རེད། དེ་ལྟར་ཟླ་བས་རང་གིས་ཕར་བཙོངས་པའི་ཡི་གེ་དེ་ཉི་མའི་ལག་ནས་ཚུར་ཉོ་ཐུབ་ཙམ་བྱུང་བ་དང་སྦྲགས། ལམ་སེང་དོན་དག་གང་བྲིས་ཡོད་ལྟ་སྐབས། ཡི་གེ་དེའི་ནང་དོན་དུ། ཚེ་སྔོན་ལས་དབང་གིས་ང་རང་གཉིས་ད་ཕན་འདི་ལྟར་མཛའ་བརྩེའི་ངང་གནས་པ་དེར་དགའ་སྤྲོ་ཆེ། འོན་ཀྱང་ད་ལམ་ངོས་ཀྱི་ཕ་མ་གཉིས་ཀྱིས་བུ་མོ་ང་རང་དང་སློབ་ཀྱི་བརྒྱ་དཔོན་དངོས་གྲུབ་ལགས་དང་མཉམ་དུ་གཉེན་སྒྲིག་གནང་ཟིན་བྱུང་བས་དྲིན་ཅན་ཕ་མའི་བཀའ་གཅོག་ཐབས་བྲལ་སོང་ན། ད་རེས་གནས་བྲིས་འདི་མཐའ་མ་ཡིན། འདི་ནས་བཟུང་ཡིག་ལན་སོགས་གནང་མི་དགོས། ཞེས་བཀོད་ཡོད་པ་དེ་ཀློག་ཟིན་མ་ཐག་ཟླ་བ་དྲན་པ་འཐོར་ཏེ་ལུས་པ་རེད།

ལས་བཟང་ལ་བྱ་དགའ།

བུ་ཆུང་ཚེ་རིང་གིས་རྩོམ་སྒྱུར་ཞུས།

   གྷི་རིཀ་གི་རྒྱལ་པོ་ཞིག་ལ་ཞབས་ཕྱི་ཞུ་མཁན་གྱི་གཡོག་པོ་མང་པོ་ཡོད། འོན་ཀྱང་རྒྱལ་པོས་གཡོག་པོ་རྣམས་ལ་ཧ་ཅང་གིས་སྡུག་པོ་གཏོང་གི་ཡོད། ཉིན་གཅིག་གཡོག་པོ་གཅིག་གིས་ཉེས་ཆད་ལས་གཡོལ་ཐབས་མེད་སྟབས་ཐག་རིང་ལ་བྲོས་ནས་བྲག་ཕུག་གཅིག་གི་ནང་ཡིབ་ནས་བསྡད། དུས་ཚོད་རིང་པོ་མ་འགོར་བར་རྐང་པར་ཚེར་མ་ཟུག་པའི་སེངྒེ་ཞིག་ན་ཟུག་དྲག་པོའི་སྐད་ངན་སྒྲོག་བཞིན་དེར་སླེབས། གཡོག་པོ་དེས་བློ་སྟོབས་ཆེན་པོའི་ངང་ནས་སེངྒེ་དེར་ཟུག་པའི་ཚེར་མ་དེ་མར་བཏོན་པས་སེང་གེའི་ན་ཟུག་མེད་པ་བཟོས། དེ་རྗེས་རྒྱལ་པོས་གཡོག་པོ་དེ་སླར་ཡང་འཛིན་བཟུང་བྱས་ནས། ཁོ་པ་ཐག་རིང་དུ་བྲོས་པའི་ཉེས་པར་སེངྒེ་ལྟོགས་པ་ཞིག་གི་མདུན་དུ་གཡུག་དགོས་པའི་བཀའ་བཏང་ངོ༌། །
སྐབས་དེར་ལྕགས་རིས་བསྐོར་བའི་དོ་རྭ་ཞིག་ཡོད་པ་དེར་མི་མང་ལ་སེངྒེའི་ལྟད་མོ་སྟོན་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དེའི་ནང་ཁོ་པ་གཡུག་ནས། ཏོག་ཙམ་སོང་རྗེས་ལྕགས་དྲྭའི་སྒོ་ཕྱེ་བ་དང་སེངྒེ་དེ་ཕྱིར་ཐོན་ཡོང་བ་དང་སྦྲགས། ངར་སྒྲ་ཆེན་པོ་བསྒྲགས་ནས་མར་ཡོང་སྟེ་གཡོག་པོ་དེར་གུས་ཞབས་ལྡན་པའི་ངང་ལྕེ་ལྡག་བརྒྱབས་པ་ལས་བཟའ་རྩིས་རྩ་བ་ནས་མ་བྱས། སེངྒེས་གཡོག་པོར་བྱས་པའི་གུས་ཞབས་དེར་རྒྱལ་པོ་ཧང་སངས་པར་གྱུར་ཀྱང་རྒྱུ་མཚན་གང་ཡིན་ཤེས་མེད།
དེ་ནས་གཡོག་པོས་དེ་སྔ་རང་གིས་སེང་གེ་དེར་རོགས་པ་གང་འདྲ་བྱས་པའི་སྐོར་དང༌། ཁོ་རང་འཛིན་བཟུང་མ་བྱས་སྔོན་ལ་བྲག་ཕུག་ནང་དུ་གང་འདྲ་བྱས་ནས་གནས་ཡོད་པ། དེ་རྗེས་སེང་གེ་ལྟོགས་པ་ཞིག་ལ་སྟེར་དགོས་པའི་བཀའ་གནང་བ་སོགས་ཀྱི་གནས་ཚུལ་རྣམས་རྒྱལ་པོར་ཞུས། རྒྱལ་པོས་ལོ་རྒྱུས་དེ་དག་ཐོས་སྐབས་ཡིད་ཧ་ཅང་མགུ་སྟེ་གཡོག་པོ་དང་སེང་གེ་གཉིས་ཀ་གློད་གྲོལ་གནང་ངོ༌། །

འབྲོང་གི་གཏམ་རྒྱུད།

ཨ་ཚོགས་ཀླུ་མཁར་བྱམས།

    གནའ་སྔ་མོ་ཞིག་ལ་བོད་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་ཞིག་ན་འབྲོང་རི་དམར་ཞེས་པ་ཞིག་ཡོད། འབྲོང་དེ་ལོ་ན་གཞོན་པའི་དུས་སུ་རྩལ་དྲུག་ལུས་ལ་འཛོམས་པའི་འབྲོང་རྒོད་དར་མ་ཞིག་ཡིན་པས། དྲག་པོའི་གཡུལ་ངོར་ཞུགས་དུས་འགྲན་ཟླ་མེད་ཅེས་ཡོངས་སུ་གྲགས་པ་ཞིག་ཡོད། དེ་ནས་ལོ་ཟླ་རིམ་སོང་རྗེས་འབྲོང་རྒོད་དེ་ན་སོ་རིམ་གྱིས་རྒས་པའི་དུས། འགྱིང་ཆེན་སྤོབས་པའི་ཉམས་འགྱུར་ངང་གིས་ཤོར།
ཉིན་གཅིག་ཁོ་པ་ཁ་སྐོམ་ནས་རྫིང་བུ་ཞིག་གི་ཁར་ཆུ་འཐུང་བར་བསྐྱོད་སྐབས། གཟབ་གཟབ་མ་བྱས་པའི་སྟབས་ཀྱིས་ན་འདམ་ཞིག་གི་ནང་དུ་ཟགས། བཀྲ་མི་ཤིས་པའི་གནས་ཚུལ་དེ་ལམ་དེའི་གཡས་གཡོན་གྱི་འགྲུལ་པ་སེམས་བཟང་ཅན་རྣམས་ཀྱིས་མཐོང་འཕྲལ། འབྲོང་དེ་འདམ་རྫབ་དེའི་ནང་ནས་འདོན་རྒྱུའི་ཐབས་ཤེས་ཡོད་རྒུ་བྱས་ཀྱང་འབྲོང་དེ་ནི་ལུས་ཕུང་ཆེ་དྲགས་པའི་རྐྱེན་གྱིས་འདོན་མ་ཐུབ་པར་དེ་མུར་ལུས།
    ཡུལ་དེའི་སྡེ་དཔོན་ཞིག་ཡོད་པ་དེས་གཏམ་ངན་དེ་ཐོས་འཕྲལ་ཕྱུགས་ཟོག་གི་གཤིས་སྤྱོད་ལ་རྒྱུས་མངའ་ཆེ་བའི་རྫི་བོ་སྐད་གྲགས་ཅན་ཞིག་ཡོད་པ་དེར། འབྲོང་འདམ་ལས་གསོན་པོར་འདོན་ཐབས་བྱེད་དགོས་པའི་བཀའ་གནང༌། མི་དེ་འབྲོང་འདམ་ནང་ཤོར་སའི་རྫིང་བུའི་ཁར་སོང་ནས། ས་བབ་ལ་རྒྱུས་ལོན་བྱས་མཐར། མི་རྣམས་ལ་ཁྱོད་ཚོས་འབྲོང་གི་མ་མཐོང་བར་བྱས་ནས་སྟག་གི་ངར་སྐད་དྲག་པོ་རྒྱག་དགོས་ཞེས་བཤད། མི་རྣམས་ཀྱིས་དེ་བརྒྱབ་པ་དང་སྦྲགས། སྐབས་དེར་འབྲོང་དེས་སེམས་ནང་རང་གི་ཁ་གཏད་ཀྱི་སྐད་སྒྲ་དེ་ཐོས་འཕྲལ་སླར་ཡང་གཡུལ་འཐབ་ཐེངས་གཅིག་བྱ་དགོས་སྙམ་པའི་ང་རྒྱལ་ཆེན་པོ་སྐྱེས་པ་ན། རང་ཉིད་འདམ་རྫབ་ནང་ཤོར་ཡོད་པའི་དཀའ་ངལ་དེ་རྦད་དེ་བརྗེད་ནས་སྟག་དང་འཐབ་ཏུ་འགྲོ་དགོས་སེམས་བཞིན་འཕག་ཐེངས་གཅིག་ལ་འདམ་རྫབ་དེའི་ཁྲོད་ནས་ཕྱི་ལ་མཆོང་སྟེ་ཐོན་པ་བྱུང༌།
དེ་ལྟར་རང་སྟོབས་རང་སྤེལ་བྱ་དགོས་པའི་སྐོར་སྔོན་མཛངས་བློན་སྟག་སྒྲ་ཀླུ་ཁོང་གིས་བོད་དམག་ཁྲི་ཉི་ཤུའི་རུ་སྣ་ཁྲིད་ནས་རྒྱའི་ཕོ་བྲང་ཁྲང་ཨན་ལ་དཔུང་འཇུག་བྱེད་སྐབས། དྲག་དཔུང་གཡུལ་ངོར་བསྐུལ་བའི་བསྒྲགས་གཏམ་དུ། གོང་གི་འབྲོང་འདམ་རྫབ་ལས་ཐར་བའི་སྒྲུང་འདི་བཤད་པ་རེད་ཟེར། དེ་བཞིན་དུ་ད་ལྟའི་དུས་འདིར་ཡང་ང་ཚོས་སྐྱིད་པའི་ཕ་ས་དང་བརྩེ་བའི་མ་ཡུལ་དགྲ་ལག་ནས་ཚུར་ལེན་རྒྱུའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འོས་འགན་འདི་འཁྱེར་དགོས་ཤིང༌། གྲོགས་པོ་རྣམ་པ་ཚོ། ང་ཚོས་ཀྱང་འབྲོང་རི་དམར་དེ་བཞིན་རང་སྟོབས་རང་སྤེལ་བྱ་དགོས་པ་ཡིན། གལ་ཏེ་འདི་ལྟར་བྱས་ན་ང་ཚོས་ད་གཟོད་དཀའ་ངལ་ཡོད་ཚད་ལ་གདོང་ལེན་བྱེད་ཐུབ་པ་ཡིན།
ང་ཚོས་བོད་རང་བཙན་གཙང་མ་ཞིག་ལེན་འདོད་ན། ཐོག་མར་སོ་སོར་བློ་ཐག་ཆོད་པའི་སྙིང་སྟོབས་ཀྱི་གོ་ཆ་སྤྲས་ཏེ། ལེ་ལོ་དང༌། བག་འཁུམ། སྒྱིད་ལུག་བཅས་ཀྱི་རྒྱ་ལས་ཡོངས་སུ་གྲོལ་ཐུབ་པ་བྱ་དགོས། ད་ནི་ང་ཚོའི་གཞན་བརྟེན་གྱི་གོམས་གཤིས་ངན་པ་དེ་རྒྱབ་ཏུ་དོར་ནས། གནའ་གཏམ་ནང་གི་འབྲོང་རྒོད་དེ་བཞིན་རང་ཉིད་ཀྱི་སྐྱེས་སྦྱངས་ནུས་པར་བརྟེན་ནས་ཕྱིའི་དཀའ་ངལ་ལས་རྣམ་པར་རྒྱལ་བའི་གོམས་གཤིས་ཤིག་ཅིས་ཀྱང་འཇགས་ཐུབ་པ་བྱ་དགོས་ལ། ངོ་མ་་་་ རང་སྟོབས་རང་སྤེལ་ལ་བརྟེན་ནས་བྱུང་བའི་རང་དབང་དེ་ནི། ཇི་འདྲའི་གཟི་བརྗིད་ཀྱི་འོད་སྟོང་ལྡན་པ་ཞིག་རེད་ཨང་་་༌།

གྲོགས་པོ་གསུམ།

དྷ་ས་བོད་ཁྱིམ་ལས་བྱེད་བུ་ཆུང་ཚེ་རིང༌།

    སྔོན་གྲོགས་པོ་གསུམ་ཤིང་ནགས་དཀྱིལ་དུ་འགྲོ་སྐབས་གསེར་བླུགས་པའི་དངུལ་ཁུག་ཅིག་རྙེད་པ་ན། ཁོ་ཚོ་གསུམ་དགའ་ཐག་ཆོད་ནས་བགོ་བཤའ་ཆ་སྙོམས་བརྒྱབ་རྒྱུའི་ཐག་གཅོད་ཀྱང་བྱས། གང་ཙམ་ནས་ཁོ་ཚོ་ཚང་མ་གྲོད་ཁོག་ལྟོགས་པ་དང་གཅིག་ཉེ་འགྲམ་གྱི་གྲོང་བརྡལ་ནས་ཟས་ལེན་པར་བཏང༌། ཁོ་ཟས་ལེན་པར་སོང་སྟེ་མེད་པའི་རིང་ལ་གྲོགས་པོ་གཞན་གཉིས་ཁ་མཐུན་བྱས་ཏེ། ཁོ་ཚུར་སླེབས་རྗེས་བསད་ནས་གསེར་རྣམས་ཁོ་ཚོ་གཉིས་རང་བགོ་བཤའ་རྒྱག་རྒྱུའི་གྲོས་ངན་བྱས། འོན་ཀྱང་གྲོང་བརྡལ་ལ་འགྲོ་མཁན་དེས། གསེར་ཆ་ཚང་ཁོ་རང་ལ་ཐོབ་རྒྱུའི་ཆེད་ཁ་ལག་རྒྱགས་ཚད་བཟས། ལྷག་མ་རྣམས་ལ་དུག་བླུགས་ཏེ་ཁོ་གཉིས་ལ་སྤྲོད་རྒྱུར་འཁྱེར་ཡོང་བ་དང༌། ཁོ་གྲོགས་པོ་གཉིས་ཡོད་སར་སླེབས་པ་དང་ཁོ་གཉིས་ཀྱིས་སྔོན་ནས་གྲ་སྒྲིག་བྱས་པ་བཞིན་ལམ་སཻང་དེར་བསད། དེ་ནས་ཁོ་གཉིས་ཀྱིས་གསེར་མ་བགོས་སྔོན་ལ་ཁ་ལག་དེ་བཟས་པར་བརྟེན། ཁོ་རང་གཉིས་ཡང་དུག་ཕོག་སྟེ་གློ་བུར་དུ་ཤི། དེར་བརྟེན་གསེར་རྣམས་སྔར་བཞིན་བདག་མེད་དུ་རང་སར་ལུས་སོ། །

སྤྱང་གྲུང་ལྡན་པའི་ཁྱི་སྤྱང༌།

བུ་ཆུང་ཚེ་རིང་གིས་རྩོམ་སྒྱུར་ཞུས།

    དྲང་སྲོང་དགུང་ལོ་ཆེན་པོར་སླེབས་པ་ཞིག་ཤིང་ནགས་བརྒྱུད་ནས་ཕེབས་པའི་སྐབས། ལྕགས་དྲྭའི་ནང་དུ་ཚུད་པའི་སྟག་ཅིག་དང་ཕྲད་པ་རེད། སྟག་དེས་དྲང་སྲོང་མཐོང་བ་དང་ཁོ་རང་ཕྱིར་གློད་རོགས་ཞེས་ཞུ་བ་ཡང་ཡང་འཐེན་པས། དྲང་སྲོང་གིས་སྟག་དེར་སྙིང་རྗེ་སྐྱེས་ནས་ལྕགས་དྲྭའི་སྒོ་ཕྱེ་བ་རེད། སྟག་ཁོ་ལྕགས་དྲྭའི་ཕྱི་རུ་སླེབས་པ་དང་ལམ་སེང་དྲང་སྲོང་བཟའ་རྩིས་བྱས་པར། དྲང་སྲོང་གིས་ཁྱོད་ནི་ངོ་ཚ་ཁྲེལ་མེད་ཀྱི་སེམས་ཅན་ཞིག་རེད་འདུག འོ་ན་ང་གཉིས་ཀྱི་གནས་ཚུལ་འདི་སེམས་ཅན་གཞན་ཞིག་ལ་ཐག་གཅོད་གནང་རོགས་ཞུ་བར་འགྲོ ཞེས་བརྗོད་པར། སྟག་དེས་ཀྱང་དེ་ལྟར་བྱ་རྒྱུའི་མོས་མཐུན་བྱས་པ་རེད།
ཁོ་གཉིས་དང་པོ་བྱང་ཆུབ་ལྗོན་ཤིང་གི་སྡོང་པོ་ཞིག་གི་འགྲམ་དུ་སོང་ནས་སྐད་ཆ་དྲིས་པར། ལྗོན་ཤིང་དེས་མི་རྣམས་ངོ་ཚ་ཁྲེལ་མེད་ཤ་སྟག་རེད། ངས་ཁོ་ཚོར་རྟག་ཏུ་གྲིབ་བསིལ་སྤྲད་ཀྱང་ཁོ་ཚོས་ངའི་ཡལ་ག་རྣམས་གཅོད་ཀྱི་འདུག་ཅེས་བཤད། དེའི་རྗེས་དྲང་སྲོང་དང་སྟག་གཉིས་ལ་བ་གླང་གཅིག་ཕྲད་པར་སྐད་ཆ་འདྲི་སྐབས། བ་གླང་དེས་ཀྱང༌། ང་ནི་སྦྱིན་བདག་ལ་ཞེན་པ་ལོག་ནས་བསྡད་ཡོད། གང་ལགས་ཟེར་ན་བ་གླང་ངས་ལས་ཀ་ཧུར་ཐག་ག་ཚོད་བྱས་ཀྱང༌། ཟས་མ་སྤྲད་པ་མ་ཟད་ད་དུང་ཉེས་རྡུང་ཤུགས་ཆེ་གཏོང་གི་འདུག དེར་བརྟེན་བ་གླང་ངས་དྲང་སྲོང་འདི་བཟའ་འོས་པ་ཞིག་རེད་འདུག་ཅེས་སྨྲས།
དེ་ནས་དྲང་སྲོང་རེ་བ་ཟད་ནས་ཁྱི་སྤྱང་ཞིག་གི་འགྲམ་དུ་སྐད་ཆ་དྲི་བར་ཕེབས། ཁྱི་སྤྱང་གིས་སྟག་གི་མ་རབས་ཀྱི་སྤྱོད་ཚུལ་དེ་མཐོང་བས་དྲང་སྲོང་ལ་སྙིང་རྗེ་སྐྱེས་ཏེ། ངས་ཁྱོད་གཉིས་ཀྱི་རྙོག་དྲ་འདིའི་བྱུང་སྟངས་ཆ་ཚང་བ་ཞིག་མཐོང་རྗེས་ཐག་གཅོད་བྱ་རྒྱུ་ཡིན། ཞེས་ལབ་སྟེ་སྔོན་གྱི་ས་གནས་དེར་བསྐྱོད། ཁོ་ཚོ་གསུམ་ས་ཆ་དེར་སླེབས་སྐབས་ཁྱི་སྤྱང་གིས། འོ་ཛི་སྟག་ཆེན་པོ་གཅིག་ལྕགས་དྲྭ་ཆུང་ཆུང་འདི་འདྲར་ཤོང་ཐུབ་པར་དཀའ་ཞེས་བརྗོད་སྐབས། སྟག་གིས་ལྕགས་དྲྭའི་ནང་དུ་མཆོངས་ནས་ཁོ་རང་ཤོང་གི་ཡོད་པ་དེ་བསྟན། ཁྱི་སྤྱང་གིས་གློ་བུར་དུ་ལྕགས་དྲྭའི་སྒོ་བརྒྱབ་སྟེ་དྲང་སྲོང་དང་མཉམ་དུ་ཐག་རིང་གི་སར་ཕྱིན་པ་རེད།

བཟོད་སྒོམ་ལ་འབྲས་བཟང༌།

བུ་ཆུང་ཚེ་རིང་གིས་རྩོམ་སྒྱུར་ཞུས།

    སྔོན་ལུང་པ་གཅིག་ལ་མུ་གེ་བྱུང་ནས། ཕྲུ་གུ་ཚང་མ་ཉིན་ལྟར་མི་ཕྱུག་པོ་ཞིག་གི་སྒོའི་མདུན་དུ་གྲལ་བསྒྲིགས་ནས་བག་ལེབ་རག་ཐབས་བྱེད་ཀྱི་ཡོད། དུས་ཚོད་རིང་པོ་མ་འགོར་བར་གཡོག་པོ་ཚོས་བག་ལེབ་མང་པོ་འཁྱེར་ཡོང་བ་དང༌། ཕྲུ་གུ་རྣམས་ཀྱིས་བག་ལེབ་ཆེ་ཤོས་དེ་རག་ཐབས་སུ་ནང་འཁྲུག་ཤུགས་ཆེ་རྒྱག་གི་ཡོད། འོན་ཀྱང་བུ་མོ་ཆུང་ཆུང་ཞིག་ཡོད་པ་དེས་ཧབ་ཐོབ་མ་བརྒྱབ་པར་ངང་རྒྱུད་རིང་པོས་སོ་སོའི་བང་རིམ་བསྒུགས་ཏེ། བག་ལེབ་ཆུང་ཤོས་དེ་ཁྱེར་ནས་འགྲོ་ཡི་ཡོད། ཉིན་གཅིག་མོས་སྔར་རྒྱུན་ལྟར་བག་ལེབ་ཆུང་ཤོས་དེ་འཁྱེར་ནས་ཡོང༌། ཁྱིམ་དུ་སླེབས་ནས་བག་ལེབ་གཏུབ་སྐབས་དེའི་ནང་ནས་སྒོར་བཅུ་རྙེད་པ་རེད། མོས་གློ་བུར་དུ་ཕྱུག་པོ་དེའི་འགྲམ་དུ་སྒོར་བཅུ་པོ་དེ་ཕྱིར་སློག་བྱེད་དུ་སོང༌། ཕྱུག་པོ་དེ་ནི་སྒོར་བཅུ་ལ་དེ་ཙམ་བརྩི་འཇོག་བྱེད་མཁན་ཞིག་མིན་ནའང་བུ་མོ་ཆུང་ཆུང་དེས་དྲང་པོ་བྱས་པར་ཤིན་ཏུ་དགའ་སྟེ། སྒོར་བཅུ་དེ་བུ་མོ་ཆུང་ཆུང་དེར་གནང་བས་མ་ཚད་ད་དུང་རྔན་པ་སྒོར་ཉི་ཤུ་གནང་བ་རེད།

སྡོམ་གྱི་སྙིང་སྟོབས།

བུ་ཆུང་ཚེ་རིང་གིས་རྩོམ་སྒྱུར་ཞུས།

    རུ་པ་ཏི་ཞེས་པ་ནི་སི་ཀོ་ཌ་ལན་ཌའི་རྒྱལ་པོ་ཞིག་ཡིན་ལ། ཁོང་ལ་དམིགས་ཡུལ་གཅིག་ཡོད་པ་ནི། ཁོ་རང་གི་རྒྱལ་ཁབ་དབྱིན་ཇིའི་དབང་འོག་ནས་རང་དབང་ཐོབ་པ་བྱ་རྒྱུ་དེ་རེད། དེའི་ཕྱིར་ཁོང་གིས་དགྲ་བོ་དང་མཉམ་དུ་དམག་འཁྲུག་ཡུན་རིང་ལ་ཐེངས་མང་པོ་བྱས་ཀྱང༌། རྟག་པར་ཕམ་ཉེས་ཡོང་གི་ཡོད། མཐའ་མར་རྒྱལ་པོས་དམག་རྒྱག་རྒྱུ་བློས་བཏང་ནས། ཁོ་རང་ཤིང་ནགས་ཀྱི་དཀྱིལ་དུ་བྲོས་ཏེ་བྲག་ཕུག་ཅིག་ཏུ་ཡིབ་ནས་བསྡད། ཉིན་ཞིག་རྒྱལ་པོ་བློ་ཕམ་ངང་གནས་པའི་ཚེ། གློ་བུར་དུ་སྡོམ་གཅིག་གིས་སྡོམ་ཐག་འཐེན་སྐབས་ཐོག་ནས་མར་ཟགས་ཏེ། ཁོའི་སྤུས་ཀ་ལེགས་པའི་སྡོམ་ཐག་ལ་འཁོན་ནས་ཕྱང་ཕྱང་དུ་ལྷག་པ་མཐོང༌། སྡོམ་གྱིས་སྡོམ་ཐག་འཐེན་ས་དེར་སླེབས་ཆེད་ཡར་འཛེགས་ཐབས་ཡང་ནས་ཡང་དུ་བྱས་ཀྱང༌། ཐེངས་རེ་རེར་སྔར་ལས་ཀྱང་དམའ་བར་ལྷུང༌། སྡོམ་དྲན་པ་ཐོར་ཏེ་གང་མཚམས་ལུས་པ་དང༌། རྒྱལ་པོ་ཡ་མཚན་སྐྱེ་བཞིན་དུ་སེམས་ཅན་སྐྱོ་པོ་འདིས་སླར་ཡང་འབད་བརྩོན་བྱེད་ཀྱི་མ་རེད་སྙམ། འོན་ཀྱང་ཁོང་ཧ་ལས་དགོས་པ་ཞིག་ལ། སྡོམ་གྱིས་དལ་བུར་ཡར་ལངས་ནས་སྡོམ་ཚང་དེར་བསྙབ་གྲབས་བར་སྙིང་རུས་ཆེན་པོས་འཛེགས་པས། མཐར་སྡོམ་ཚང་ལེགས་པར་བཟོ་ཐུབ་པ་བྱུང༌། དེར་རྒྱལ་པོ་ཧ་ཅང་དགའ་ནས་ས་མཆོང་གནམ་མཆོང་བརྒྱབ། དེ་ནས་ཁོང་གི་བསམ་པར། གལ་ཏེ་སེམས་ཅན་ཆུང་ཙག་འདི་ལྟ་བུས་འབད་བརྩོན་ཡང་ཡང་བྱས་ནས་རྒྱལ་ཁ་ལེན་ཐུབ་ཀྱི་ཡོད་ན། ང་མི་ཞིག་གིས་རྒྱལ་ཁ་ལེན་མི་ཐུབ་པ་ཅི་ཡོད་སྙམ་ནས། སླར་ཡང་དབྱིན་ཇིའི་དམག་དང་འཛིངས་པས། མཐར་ཐུག་ཁོང་གི་རྒྱལ་ཁབ་ལ་རང་དབང་ཐོབ་པ་རེད།

སྔོན་གླེང༌།  

 

བརྩམས་སྒྲུང་ཕྱོགས་བསྒྲིགས། སྡེ་ཚན་དྲུག་པ།

དཀའ་སྤྱད་ལ་འབྲས་བུ།

བུ་ཆུང་ཚེ་རིང་གིས་རྩོམ་སྒྱུར་ཞུས།

༄༅། །སྔོན་གྱི་དུས་སུ་ཞིང་པ་གཅིག་ལ་བུ་བཞི་ཡོད་ཅིང༌། བུ་རྣམས་ཀྱིས་རྟག་པར་ཉིན་མ་གང་འཁྱོལ་བྱེད་པ་ལས། ཁོ་རང་ཚོའི་ཕ་ལ་རོགས་པ་རྩ་བ་ནས་བྱེད་ཀྱི་མེད། པ་ཕས་ཁོང་ཚོར་ལས་ཀ་ཧུར་ཐག་བྱེད་དགོས་པའི་བསླབ་བྱ་ཐེངས་མང་བརྒྱབ་ཀྱང༌། དེ་དག་གིས་རྣ་རྒྱབ་ཀྱི་ལྷགས་པ་ལྟར་སྣང་མེད་ལ་གཏོང་གི་ཡོད། ཉིན་ཞིག་ཞིང་པ་དེ་ནད་གཞི་དྲག་པོས་མནར་སྐབས། ཁོའི་སེམས་ལ། ད་ཆ་ང་འཆི་བར་ཉེ་བ་འདུག་སྙམ་ནས་བུ་རྣམས་ཁོ་རང་གི་འགྲམ་དུ་བོས་ཏེ། ངས་ཞིང་ཁའི་ནང་གསེར་མང་པོ་སྦས་ཡོད། ཡིན་ནའང་ཕྱོགས་གང་དུ་ཡོད་མེད་གསལ་པོ་ཤེས་ཀྱི་མི་འདུག བྱས་ཙང་ཁྱེད་ཚོས་ཞིང་ཁ་ཆ་ཚང་བསྔོགས་ནས་འཚོལ་དགོས། ཞེས་བཤད་པའི་རྗེས་ཕ་དེ་ཚེ་ལས་འདས། ཕུང་པོ་དུར་འཇུག་ཚར་བའི་རྗེས་བུ་རྣམས་ཀྱིས་ཞིང་ཁ་བསྔོག་པར་ཕྱིན། ས་ཞིང་མ་ལུས་པར་བསྔོགས་ཀྱང་བུ་རྣམས་ལ་གསེར་རྩ་བ་ནས་མ་རག་པར་བརྟེན། ཕ་ལ་དམོད་མོ་བརྒྱབ། དེ་ནས་ཆར་པ་བབས་འགོ་ཚུགས་པའི་དུས་ཁོང་ཚོས་ཞིང་ཁ་ལ་གྲོ་བཏབ་པ་དང༌། ལོ་དེར་སྟོན་ཐོག་ཤིན་ཏུ་ལེགས་པོ་བྱུང༌། བུ་ཚོས་གྲོ་བཙོངས་ནས་དངུལ་མང་པོ་བྱུང་སྟབས། དེའི་དུས་སུ་པ་ཕས་བུ་རྣམས་ལ་དྲང་པོ་གསུངས་པ་གཞི་ནས་ཤེས་པ་དང༌། དེ་ནས་བཟུང་ཁོ་ཚོས་ལེ་ལོ་སྤངས་ཏེ་ལས་ཀར་འབད་བརྩོན་བྱས་པར་བརྟེན། ཞིང་ཁར་ལོ་ལེགས་བྱུང་སྟེ་ཁོང་ཚོ་ཚང་མ་བདེ་སྐྱིད་ཀྱི་འཚོ་བ་བསྐྱལ་རྒྱུ་བྱུང་བ་རེད།

བརྩེ་བ་ཟབ་པའི་ཁྱོ་ཤུག

མ་སུ་རི་གཏན་སློབ་ཀྱི་བོད་དགེ་ཚེ་རིང་ལྷ་མོས་གནའ་སྒྲུང་ལས་བཅོས།

༄༅། །སྔ་མོའི་དུས་སུ་གཡུ་ལོ་རྒྱས་པའི་ནགས་ལྗོངས་ཤིག་ཏུ་བྱ་པུ་ཤུད་བཟའ་ཚང་གཉིས་གཅིག་སེམས་གཅིག་ལ་འབྲེལ་ཏེ་ཡངས་ཤིང་རྒྱ་ཆེ་བའི་མཛེས་ལྗོངས་སུ་དགའ་སྐྱིད་ཀྱི་དཔལ་ལ་རོལ་ཞིང་གནས། དུས་ཚོད་གང་ཙམ་སོང་རྗེས་པུ་ཤུད་བཟའ་མོ་དེར་ཕྲུ་གུ་འཁོར་བར་བརྟེན་བཟའ་ཕོ་དེ་གཅིག་པུས་ཟས་འཚོལ་བར་འགྲོ་ཡི་ཡོད། ཉིན་གཅིག་ནགས་ལྗོངས་ཀྱི་ཕྱི་ལ་ཟས་འཚོལ་བར་འགྲོ་དུས་རྒྱ་ལམ་སྟེང་ནས་སྲན་མ་ནག་རིལ་ཞིག་བརྙེད། ཁོས་དེ་བསྒྲུགས་ནས་དགའ་ཚོར་ཆེན་པོས་རང་ཚང་དུ་ལོག་སྟེ་བཟའ་མོར། དེ་རིང་ང་ལ་ནག་པོ་རིལ་རིལ་ཞིག་བརྙེད་བྱུང༌། ཞེས་སྨྲས། བཟའ་མོས། ངེད་གཉིས་དེ་རིང་གི་ཟས་སུ་སྲན་མ་འདི་བཀྲུས་ནས་བཟའ་འོ་ཞེས་ལབ། ཁོ་ནི་ཐག་རིང་ནས་ཡོང་བས་དཀའ་ལས་ཁག་ཐག་ཆོད་ཡོད་སྟབས་བཟའ་མོར་བལྟས་ནས་མགོ་བོ་ལྕོག་ཙམ་བྱས་ཏེ། བཟའ་མོ་སྲན་མ་ནག་པོ་རིལ་རིལ་དེ་བཀྲུ་བར་བཏང༌། བཟའ་མོས་དྭངས་གཙང་གི་ཆུ་མོའི་ཁར་སྲན་མ་འཁྲུད་སྐབས་རྐང་པ་འགྲེད་བརྡར་ཤོར་ཏེ་ཆུར་ལྷུང་གྲབས་བྱས་ཏེ་སྐད་ངན་ཤོར་བས་སྲན་མ་དེ་ཆུའི་ནང་ལྷུང༌། ཐབས་ཤེས་གང་ཡོད་ཀྱིས་སྲན་མ་ཡར་ལེན་ཐབས་བྱེད་སྐབས་སྟབས་མ་ལེགས་པར་རང་ཉིད་ཀྱང་ཆུའི་ནང་ཟགས་ཏེ་འཕག་འཚག་ཇི་ལྟར་བརྒྱབ་ཀྱང་ཆུ་ཁར་ཐོན་མ་ཐུབ་པར་མཐར་ཆུའི་ནང་དིམ་སྟེ་ཤི་བ་རེད། བཟའ་ཕོས་ཡུན་རིང་བསྒུགས་ཀྱང་བཟའ་མོ་ལོག་ཡོང་རྒྱུ་མེད་པས་ཕྱིར་འཚོལ་དུ་ཕྱིན།
ཆུ་ཁར་སླེབས་སྐབས་ཆུའི་ནང་རང་གི་བཟའ་མོའི་ཕུང་པོ་བྱིང་ནས་ཡོད་པ་མཐོང་སྐབས་སེམས་སྡུག་གིས་ཁོ་ནི་སྨྱོན་པ་ལྟར་སྐབས་འགར་སྐད་ངན་དྲག་པོས་ངུ་འབོད་བྱེད་པ་དང༌། སྐབས་འགར་སྐད་ཤུགས་ཆེན་པོས་གད་མོ་དགོད་པ། སྐབས་རེ་ཁ་ནས་གང་བྱུང་ཆིག་ལབ་རྒྱག་པ་སོགས་བྱས། གང་ཙམ་སོང་རྗེས་གཞི་ནས་རིག་པ་ཅུང་དྭངས་ཏེ་མིག་གཉིས་ནས་མཆི་མ་དབང་མེད་དུ་བབ་བཞིན་ཡིད་ཤིན་ཏུ་སྐྱོ་བའི་ངང་རང་གི་སྙིང་ལྟར་བརྩེ་བའི་བཟའ་མོའི་ཕུང་པོ་དལ་པོས་ཆུ་ཁར་བཏོན་ཏེ་འདས་མ་ཐག་པའི་བཟའ་མོའི་གདོང་པ་དཀར་གསལ་ཟླ་བ་ལྟ་བུ་དེར་ལྟ་བཞིན་ལྟ་བཞིན་ཡིད་ལྷག་པར་གདུང་ནས་མུན་ནག་གི་འཇིག་རྟེན་དུ་ལུས་པ་ལྟར་བྱུང་སྟེ་བཟའ་མོའི་ཕུང་པོར་འཐམས་ནས་ཡུན་རིང་ངུས། གནས་ཚུལ་དེ་སྲོག་ཆགས་གཞན་གྱིས་ཤེས་པ་ན། ཆུ་ནང་གི་ཉ་མོས་ཕུང་པོ་ཆུའི་ནང་དུ་གཡུགས་ན་ལེགས་ཚུལ་བསྙད། འོན་ཀྱང་པུུ་ཤུད་བཟའ་ཕོས། ངའི་བཟའ་མོའི་ཕུང་པོ་ཆུ་རུ་བསྐྱུར་ན་ཆུ་ནང་ཉ་མོའི་ཟས་སུ་འགྱུར་རྒྱུ་དང༌། ཤིང་རྩེར་བཀོན་ན་འདབ་ཆགས་ཆེ་ཆུང་ཚང་མའི་ཟས་སུ་འགྱུར་འགྲོ་བས། དེ་ལས་ས་འོག་ཏུ་སྦས་ན་གཞན་གྱིས་བཟས་པ་མིག་གིས་མཐོང་བ་ལས་དྲག སྙམ་ནས། ཆུ་དེའི་ཁར་མཆུ་ཏོ་དང་རྐང་པ་ནས་ཁྲག་ཐོན་ཡང་སྡུག་རུས་ཀྱིས་ས་དོང་ཆེན་པོ་ཞིག་བྲུས་ནས་དེའི་ནང་པུ་ཤུད་བཟའ་མོའི་ཕུང་པོ་དེ་སྦས། དེའི་རྗེས་ཁོས་བཟའ་མོ་འཆི་བའི་རྐྱེན་རྩ་སྲན་མ་ཅུང་ཟད་ཆེ་རུ་ཕྱིན་ཡོད་པ་མཐོང་སྟེ། སེམས་མེད་ཀྱི་སྲན་མ་དེ་ཆེ་རུ་འགྲོ་སྟངས་དེར་བལྟས་ན་བཟའ་མོའི་རྣམ་ཤེས་དེར་འཕོས་མེད་དམ་སྙམ། བཟའ་མོ་འདས་གྲོངས་སོང་བ་ནས་བཟུང༌། ཁོའི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་ཡང་གྲང་སྟོང་ངེར་གྱུར་པས་ཉིན་ལྟར་ཆུ་ཁར་སོང་ནས་སྨོན་ལམ་བཏབ་པ་དང༌། གྲོགས་མེད་ཁེར་རྐྱང་དུ་འཁྱམ་པའི་བཟའ་མོའི་རྣམ་ཤེས་ལ་སྐྱོ་རོགས་བྱས་ཏེ་སྡོད་ཀྱི་ཡོད། ཉིན་ཞིག་སྲན་མ་དེར་མཆེ་བ་བཏང་ཡོད་པ་ཁོས་མཐོང་བས་སྐྱོ་གླུ་འདི་ལྟར་བླངས། དཔལ་འཛོམས། དཔལ་འཛོམས། ཁ་སྔོན་ནག་པོ་རིལ་རིལ་དེ་ལ། །ད་རེས་འབུར་འབུར་རྣ་མཆོག་སྐྱེས་བཞག །སེམས་མེད་སྲན་མ་ནག་རིལ་དེ་ལ། །གསོན་པོའི་རྣ་མཆོག་སྐྱེ་དོན་གང་ཡིན། །ང་ཡི་སྙིང་སྡུག་པདྨ་གཞོན་ནུའི། །རྣམ་ཤེས་དེ་ལ་ཐིམ་པ་མིན་ནམ། །ཞེས་གླུ་ལེན་ནས་ཕྱི་དྲོ་བར་བསྒུགས་ཀྱང་ཡ་ལན་བྱེད་མཁན་མེད་པས་རང་ཚང་དུ་ལོག དེ་ནས་བཟུང་ཁོ་ཉིན་ལྟར་ཆུ་ཁར་ལྟ་བར་ཡོང་གི་ཡོད་པས་
ཉིན་ཞིག་སྲན་མར་ལོ་མ་གསར་པ་སྐྱེས་ཡོད་པས་ཁོས། སྙིང་སྡུག་དྲན་པའི་སྐྱོ་གླུ་འདི་ལྟར་བླངས། དཔལ་འཛོམས། དཔལ་འཛོམས། ཁ་སང་འབུར་འབུར་རྣ་མཆོག་དེ་གཉིས། །ད་རེས་ལག་པ་ཆ་ལ་གྱུར་འདུག །ང་ཡི་སྙིང་སྡུག་ཐིག་ལེའི་མེ་ཏོག །རྣམ་ཤེས་དེ་ལ་ཐིམ་པ་ལོས་ཡིན། །དཔལ་འཛོམས་མ་གཡེངས་གླུ་ལ་གསོན་དང༌། །མྱུར་དུ་ཁྱོད་གསུང་བདག་ལ་བྱོན་དང༌། །ཞེས་པའི་གླུ་བཏང་རྗེས་སྐྱོ་གདུང་གི་མིག་ཆུའི་སྦྲང་ཆར་ནི་ཤིན་ཏུ་ཆུང་བའི་མིག་ཟུང་ནས་ཕྲ་ལ་རིང་བའི་མཆུ་ཏོ་དེ་བརྒྱུད་དེ་ས་ལ་ལྷུང༌། དེ་ལྟར་ཡིད་གདུང་ཁོ་ནས་ཉིན་ལྟར་ཆུ་ཁར་དུས་འདའ་ཞིང་ཕྱི་དྲོ་རླུང་བསིལ་གྱི་སྤུ་གྲི་བཙུགས་དུས་གཞི་ནས་བྱ་སྤུ་ཟིང་ཟིང་དུ་ཚང་ལ་ལོག་འགྲོ་ཡི་ཡོད། དེ་ནས་རིམ་བཞིན་སྲན་སྡོང་སྐྱེས་དུས་ཁོས་གླུ་འདི་ལྟར་བླངས། ཁ་སྔོན་ལག་པ་ལྷེབ་མོ་དེ་ལ། །ད་རེས་ཕྲ་མོའི་སྲན་ཐག་འཐེན་འདུག །འཆི་ནས་བྲལ་བ་ཀུན་གྱི་ཆོས་ཀྱང༌། །ཁྱོད་ཐུགས་ད་དུང་ཆུ་ལ་གནས་འདུག །དཔལ་འཛོམས་བྲལ་བའི་བདག་མེད་ང་ལ། །བརྩེ་བའི་སྤྱན་གྱིས་འཁྱུག་ཙམ་གཟིགས་དང༌། །ཉིན་མཚན་ཀུན་ཏུ་མཆི་མའི་བཏུང་བར། །རོལ་དགོས་ཀྱེ་ཧུད་དེ་འདྲའི་སྐྱོ་ལ། །དཔལ་འཛོམས་བདག་ལ་ཐུགས་ཀྱིས་བཟོད་དམ། །ཞེས་མགོ་སྒུར་སྒུར་དང་གཤོག་པ་གློད་དེ་ཆུ་ཁར་ཕར་ཚུར་སྐྱོད་སྐབས་ཆུ་ནང་ཉ་མོས་སེམས་ཀྱིས་མ་བཟོད་པར་གླུ་འདི་ལྟར་བླངས། །པུ་ཤུད་མ་གཡེངས་ཉ་མོར་གསོན་དང༌། །བཟའ་མོ་བྲལ་བས་གདུང་བ་བདེན་ཡང༌། །སྐྱེས་ནས་བྲལ་བ་འཇིག་རྟེན་ཆོས་ཉིད། །མཆི་མའི་བཏུང་བས་ལུས་འདི་ཞིག་འགྲོ། །དེ་ལས་ཞིམ་པའི་ཆུ་གཙང་བཞེས་དང༌། །ཆུ་ནང་ཉ་མོར་འཕུར་རྩལ་མེད་ཀྱང༌། །ཁྱེད་ཐུགས་སྤྲོ་བའི་གྲོགས་ཤིག་ལོས་ཡོང༌། །ཞེས་སྨྲས། ཡང་ནམ་མཁའི་འདབ་ཆགས་རྣམས་ཀྱིས། བདེན་ནོ་བདེན་ནོ་ཉ་མོ་བདེན་ནོ། །བློ་ཁ་མཐུན་པའི་གྲོགས་ཤིག་དཀོན་ཡང༌། །རིགས་མཐུན་གྲོགས་ཤིག་བདག་ཚོས་ཞུས་ཆོག །ལས་ཀྱི་བསྐོས་ཐང་འདི་ལས་མེད་པར། །དེ་ལ་བསམ་དང་མ་བསམ་མི་འདུག །ཞེས་སྨྲས་སོ། །པུ་ཤུད་དེས། བློ་དཀར་ཉ་དང་ནམ་མཁའི་འདབ་ཆགས། །སེམས་གཏམ་དྲོན་མོ་གནང་བ་དྲིན་ཆེ། །ང་ཡི་སྙིང་སྡུག་པདྨའི་འཛུམ་ལྡན།  །སྐྱེ་བ་ཕྱི་མར་བདག་ལ་སྒུག་ཡོད། །ཅཻས་སྨྲས་ཏེ་ཚང་ལ་ལོག་གོ །དེ་ལྟར་སྲན་མའི་འཚར་ལོངས་ཀྱི་རྒྱུད་རིམ་ནང༌། སྲན་སྡོང་ལ་མེ་ཏོག་ཟིལ་པ་འཁྲུམ་མེར་ཤར་ཡོད་པས་པུ་ཤུད་ཀྱི་སེམས་ལ་ད་རེས་བཟའ་མོ་དཔལ་འཛོམས་ཀྱིས་རང་ཉིད་ལ་དངོས་སུ་སྤྱན་གྱིས་གཟིགས་པ་ལོས་ཡིན་སྙམ་སྟེ། སྙིང་སྡུག་སྙིང་གི་ཐིག་ལེ། །དེ་རིང་ང་ལ་གཟིགས་སམ། །སྤྱན་འབྲས་མཚར་བའི་སྟེང་ལ། །སྤྱན་སྤུ་ཟིལ་པ་འཁྲུམ་འཁྲུམ། །སྤྱན་གྱི་གཟིགས་ཕྱོགས་དེ་ནི། །བདག་ཉིད་རང་ལ་གཟིགས་འདུག །བསོད་ནམས་དམན་པ་ང་རང༌། །དཔལ་འཛོམས་བྲལ་བས་སྐྱོ་ཡང༌། །ང་དང་དཔལ་འཛོམས་བར་ལ། །ལས་འགྲོའི་སྤྱན་མིག་འཛུམ་འདུག །ཅེས་པའི་སྐྱོ་གླུ་བཏང་ཚར་མ་ཐག་ཁོ་སྨྱོ་བ་ལྟར་སྲན་སྡོང་ལ་བལྟས་ཏེ་མཆོངས་སོ། །དེ་ལྟར་པུ་ཤུད་དེའི་ཚེ་སྲོག་ཕྲ་མོ་དེ་ཡང་ཆུ་མོ་དེ་གའི་ནང་དུ་ཆད། ཆུ་ནང་ཉ་མོས་སྙིང་རྗེ་ཚད་མེད་སྐྱེས་ནས་པུ་ཤུད་བཟའ་ཕོའི་ཕུང་པོ་དེ་ཡང་སྲན་སྡོང་དེའི་འཁྲིས་སུ་སྦས་ནས་བཞག ཡུན་རིང་མ་འགོར་བར་སྲན་སྡོང་གི་མེ་ཏོག་རྣམས་རིམ་བཞིན་ཡལ་བ་དང་སྲན་མའི་གང་བུ་ཆགས་འགོ་ཚུགས་ཏེ་དེ་དག་ཁྲོད་ནས་གང་བུ་གཞན་ལས་ཆེ་བ་གཉིས་ཀྱང་ཡ་མཚན་ལྡན་པའི་ངང་སྨིན་བཞིན་ཡོད་པ་དེ་ནི་བརྩེ་བ་རབ་ཏུ་ཟབ་པའི་ཁྱོ་ཤུག་གཉིས་པོ་སླར་ཡང་འཇིག་རྟེན་འདིར་བྱོན་པའི་རྟགས་མཚན་ཞིག་ཡིན་པ་རེད།

ཤེས་རབ་ནི་སྟོབས་ཤུགས་ལས་ལྷག

བུ་ཆུང་ཚེ་རིང་གིས་རྩོམ་སྒྱུར་ཞུས།

༄༅། །གནའ་སྔ་མོ་གྲོང་གསེབ་ཅིག་ཏུ་ཞྭ་མོ་བཟོ་ཚོང་བྱེད་མཁན་ཞིག་སྡོད་ཀྱི་ཡོད་ལ། ཁོས་ཞྭ་མོ་མང་པོ་བཟོས་ནས་ཉེ་འགྲམ་གྱི་གྲོང་ཁྱེར་ནང་འཚོང་གི་ཡོད། ཉིན་གཅིག་གནམ་གཤིས་ཧ་ཅང་ཚ་བའི་སྐབས། ཁོས་སྤྲེའུ་མང་པོ་གནས་སའི་ཤིང་ནགས་ཤིག་བརྒྱུད་ནས་ཞྭ་མོ་འཚོང་བར་ཕྱིན། ཉིན་དགུང་གི་མཚམས་སུ་དཀའ་ལས་ཤིན་ཏུ་ཆེ་བས་ངལ་གསོ་འཁྱུག་ཙམ་རྒྱག་འདོད་ཆེན་པོ་བྱུང་སྟེ། ལྗོན་ཤིང་གི་གྲིབ་བསིལ་འོག་ཏུ་དོ་པོ་སྔས་མགོར་བཅུག་སྟེ་ཉལ། ཁོས་ཞྭ་མོ་གཅིག་མགོ་ལ་གྱོན་བཞིན་མི་རིང་བར་གཉིད་ལ་ཤོར། ཤིང་སྡོང་གི་སྟེང་ནས་ལྟ་བཞིན་ཡོད་པའི་སྤྲེའུ་ཚོས་དལ་པོར་མར་བབས་ཏེ། ཁོའི་དོ་པོ་ཁ་ཕྱེ་ནས་ཚང་མས་ཞྭ་མོ་རེ་གོན་ཏེ་ཤིང་སྡོང་གི་སྟེང་ལ་འཛེགས། ཁོ་གཉིད་ལས་སད་དུས། ལྟོ་ཕད་སྟོང་པར་གྱུར་བ་ཤེས་ནས་ཧ་ལས་པ་རེད། དེ་འདྲ་ཞིག་ནས་སྤྲེའུ་ཚང་མའི་མགོ་ལ་ཞྭ་མོ་རེ་གྱོན་ཡོད་པ་མཐོང་ན་ཡང༌། དེ་དག་ཚུར་ལེན་རྒྱུ་ཁག་པོ་ཞེ་དྲག་ཡིན་སྙམ། གློ་བུར་དུ་བསམ་བློ་ཞིག་འཁོར་ནས། ཁོ་རང་གི་ཞྭ་མོ་དེ་ཕར་གཡུགས་པ་དང༌། སྤྲེའུ་ཚོས་ཀྱང་ཁོའི་ལད་མོ་བྱས་ཏེ་ཞྭ་མོ་རྣམས་ས་སྟེང་དུ་གཡུགས་པས། ཁོས་ཞྭ་མོ་རྣམས་བསྒྲུགས་ནས་ཁྲོམ་ལ་ཕྱིན་ཏོ། །

གྲོགས་པོ་རྫུན་མ།

བུ་ཆུང་ཚེ་རིང་གིས་རྩོམ་སྒྱུར་ཞུས།

༄༅། །ར་ཝི་དང༌། ཝི་ཇེ་གཉིས་སྙིང་ཉེ་བའི་གྲོགས་པོ་རེད། ཉིན་གཅིག་ཁོ་གཉིས་ཤིང་ནགས་ཤིག་བརྒྱུད་ནས་ཐག་རིང་པོར་ཕྱིན། ཁོ་གཉིས་རྟག་པར་གཅིག་གིས་གཅིག་ལ་ཁྱེད་རང་ལས་ང་བློས་ཐུབ་པ་དང༌། བརྩེ་དུང་ཆེ་བ་ཡོད་ཅེས་ཤོད་རེས་བྱེད་ཀྱི་ཡོད། ཁོ་གཉིས་འགྲོ་སའི་ཤིང་ནགས་དེར་བདག་མེད་སེམས་ཅན་གྱིས་ཁེངས་ཡོད་སྟབས། གློ་བུར་དུ་ཁོ་གཉིས་ཀྱི་ཕྱོགས་ལ་དོམ་ཆེན་པོ་ཞིག་རྒྱུག་ཡོང་བ་མཐོང་མ་ཐག ར་ཝི་ཡིས་ལམ་སེང་ཤིང་སྡོང་ཞིག་གི་སྒང་ལ་འཛེགས། ཡིན་ནའང་ཝི་ཇེ་ཤིང་སྡོང་སྟེང་ལ་འཛེགས་ཐུབ་ཀྱི་མེད་སྟབས་གང་བྱེད་འདི་བྱེད་མེད་པར་ལུས། དེ་ནས་ཁོས་ཐབས་ཤེས་ཤིག་དྲན་ནས་དབུགས་མ་བཏང་བར་ཤི་བ་ལྟར་ས་སྟེང་དུ་ཉལ་ནས་བསྡད། དོམ་དེས་ཁོའི་ཨ་མཆོག་གི་ཉེ་འགྲམ་དུ་དྲི་སྣོམ་ཙམ་བྱས་ཏེ་ཁྱེར་ནས་མི་རོ་ཞིག་གི་འཁྲིས་སུ་བཞག དོམ་ཕྱིན་ཚར་བའི་རྗེས་སུ་ར་ཝི་ཤིང་སྡོང་ལས་མར་བབས་པ་དང༌། ཝི་ཇེ་ལ་ཨ་མཆོག་ནང་དོམ་གྱིས་གང་བཤད་བྱུང་ངམ་ཞེས་དྲིས་པར། ཝི་ཇེ་ཡིས། དོམ་གྱིས་གྲོགས་པོ་རྫུན་མ་ཚོ་ལ་ཡིད་ཆེས་མ་བྱེད་ཅེས་བཤད་བྱུང་ཞེས་ལན་བཏབ་པས། སྐད་ཆ་འདི་ར་ཝི་ཡི་མཚང་ལ་ཕོག་སྟེ་ཧ་ཅང་ངོ་ཚ་པོ་བྱུང་བ་རེད།

ཉི་མ་དང་ལྷགས་པ།

གཞིས་རྩེ་བུ་ཆུང་ཚེ་རིང༌།

༄༅། །ཐེངས་གཅིག་ཉི་མ་དང་ལྷགས་པ་གཉིས་རྩོད་པ་བརྒྱབ་སྟེ། ཉི་མས་ང་ལྷགས་པ་ཁྱོད་ལས་སྟོབས་ཤུགས་ཆེ་བ་ཡོད་ཅེས་དང༌། ཡང་ལྷགས་པས་ང་ཉི་མ་ཁྱོད་ལས་ནུས་ཤུགས་ཆེ་བ་ཡོད་ཅེས་ཕན་ཚུན་ཤོད་རེས་བྱས། དེ་ནས་ཁོ་གཉིས་ཀྱིས་མི་ཞིག་གི་སྟེང་དུ་རང་རང་གི་ནུས་པ་བཏོན་ནས་ཤུགས་ཆེ་བ་སུ་ཡིན་མིན་གྱི་ཐག་གཅོད་བྱ་རྒྱུ་བྱས། སྐབས་དེར་རྒྱང་རིང་གི་སར་འགྲུལ་པ་ཞིག་འགྲོ་བ་མཐོང་བ་དང༌། ལྷགས་པས་ཕུ་ཤུགས་ཆེ་བརྒྱབ་ནས་འགྲུལ་པའི་སྟོད་ཐུང་བཤུ་རྩིས་བྱས། འོན་ཀྱང་ཕུ་ཇི་ཙམ་ཤུགས་ཆེ་བརྒྱབ་པ་དེ་ཙམ་གྱིས་འགྲུལ་པའི་སྟོད་ཐུང་དེ་ཁོའི་གཟུགས་པོར་དམ་དུ་ཕྱིན་པ་ལས་བཤུ་ཐུབ་མེད། དེ་ནས་ཉི་མའི་རེས་མོས་སླེབས་ཏེ། ཁོས་ཉི་འོད་ཚ་པོ་བསྟན་པས་འགྲུལ་པས་སྟོད་ཐུང་གི་ཐེབས་ཆི་བཀྲོལ་དགོས་བྱུང༌། གང་ཙམ་ནས་སླར་ཡང་ཉི་འོད་ཚ་རུ་བཏང་བས་འགྲུལ་པ་དེའི་མགོ་ནས་རྟིང་པ་བར་རྔུལ་ཆུས་ཁེངས་ཏེ་མཐར་ཚ་བས་མ་བཟོད་པར་སྟོད་ཐུང་མ་ཕུད་ཀ་མེད་བྱུང༌། དེ་ལྟར་ཉི་མས་ལྷགས་པ་ལས་སྟོབས་ཤུགས་ཆེ་བ་ཡོད་པ་དེ་དངོས་སུ་བསྟན་ནས་རྒྱལ་ཁ་བླངས་པ་རེད།

རྫུན་ནམ་ཡང་མ་ཤོད།

གཞིས་རྩེ་བུ་ཆུང་ཚེ་རིང༌།

     གནའ་སྔ་མོ་ལུག་རྫི་ཆུང་ཆུང་ཞིག་ཡོད། ཁོས་ཞོགས་པ་ལུག་དང་ར་ཁྱུ་གཅིག་འདེད་ནས་རྩྭ་ཁ་གང་བཟང་དུ་འཚོ་བར་འགྲོ་བ་དང༌། དགོང་དྲོ་དེ་དག་དང་མཉམ་དུ་ལོག་ཡོང་གི་ཡོད། ཉིན་གཅིག་ཁོ་པས་གྲོང་གསེབ་པ་རྣམས་ལ་མགོ་སྐོར་ཞིག་གཏོང་དགོས་བསམས་ནས། སྤྱང་ཀི་འདུག སྤྱང་ཀི་འདུག་ཅེས་སྐད་ཤུགས་ཆེན་པོ་བརྒྱབ་པས་ཡུལ་མི་ཚང་མ་རྒྱུགས་ཡོང༌། འོན་ཀྱང་ཁོ་ཚོ་ལུག་རྫི་བའི་ཉེ་འགྲམ་དུ་སླེབས་དུས་སྤྱང་ཀི་མེད་པ་ཤེས་ཏེ་ཁ་སྐྱེངས་པོའི་ངང་ལོག་དགོས་བྱུང༌། ཁོས་དེ་འདྲ་བྱས་ཏེ་ཡུལ་མི་རྣམས་ལ་མགོ་སྐོར་ཐེངས་འགའ་ཤས་བཏང༌། ཉིན་གཅིག་སྤྱང་ཀི་དངོས་གནས་ཁོའི་ལུག་ཁྱུའི་དཀྱིལ་དུ་རྒྱུགས་ཡོང་སྐབས། ཁོས་སྤྱང་ཀི་ཡོང་གི་འདུག་ཅེས་སྐད་ཤུགས་སྔར་ལས་ཆེ་བ་བརྒྱབས་ཀྱང་ཚང་མས་སྣང་མེད་དུ་བཏང༌། དེར་བརྟེན་སྤྱང་ཀིས་ལུག་རྫི་བ་དེར་རྨུག་པ་མ་ཟད། ལུག་འགའ་ཤས་ཀྱང་བཟས་པ་རེད། དེ་ནས་ཁོ་ལ་བསླབ་བྱ་ཕན་པོ་ཞིག་ཐོབ་པས་རྗེས་སུ་མགོ་སྐོར་དེ་འདྲ་རྩ་བ་ནས་གཏོང་གི་མེད།

ཤྭ་ཕོ།

གཞིས་རྩེ་བུ་ཆུང་ཚེ་རིང༌།

༄༅། །སྔོན་ཤིང་ནགས་མཐུག་པོ་ཞིག་གི་ནང་དུ་ཤ་ཕོ་ཞིག་སྡོད་ཀྱི་ཡོད། ཉིན་གཅིག་ཁོ་རྫིང་བུ་ཞིག་ཏུ་ཆུ་འཐུང་བར་ཕྱིན་པ་དང༌། ཆུ་འཐུང་བའི་སྐབས། ཁོ་པའི་གཟུགས་བརྙན་ཆུའི་ནང་འཆར་བཞིན་པ་དེ་མཐོང་བས་རང་གི་མཛེས་སྡུག་ལྡན་པའི་རྭ་ཅོ་གཉིས་ལ་དགའ་སྤོབས་ཆེན་པོས་བསྔགས་བརྗོད་བྱས། འོན་ཀྱང་ཁོས། དཀོན་མཆོག་མཁྱེན་་་ ངའི་སུག་ལག་འདི་དག་དེ་འདྲའི་སྐྱོ་བ་ལ་ཞེས་ཕྲ་ཞིང་རིང་བའི་སུག་ལག་དག་ལ་ལྟ་བཞིན་སེམས་པ་ཤིན་ཏུ་སྐྱོ། དེ་འདྲ་ཞིག་ལ་རྒྱང་རིང་ནས་ཁྱི་སྐད་གྲགས་པ་དང༌། ཅུང་ཟད་ཙམ་ལས་མ་འགོར་བར་ཤ་ཁྱི་རྣམས་ཁོའི་ཕྱོགས་སུ་རྒྱུགས་ཡོང༌། ཤྭ་ཕོས་དེ་རྣམས་མཐོང་མ་ཐག་རང་སྲོག་གི་ཆེད་དུ་ཤུགས་ཡོད་ཚད་བཏོན་ནས་བྲོས། ཁོའི་སྐམ་ལ་རིང་པའི་སུག་ལག་དེ་དག་གིས་ཁོ་རང་ཁྱེར་ནས་ག་ཚོད་བྲོས་ཐུབ་ཐུབ་བྲོས་ཀྱང༌། རྩྭ་ལྡུམ་དཀྱིལ་ལ་སླེབས་སྐབས་ཁོའི་མཛེས་སྡུག་ལྡན་པའི་རྭ་ཅོ་དག་གིས་གཡས་འཁོན་གཡོན་འཁོན་བྱས་ནས་མགྱོགས་པོ་བྲོས་མ་ཐུབ་པར་བརྟེན། མཐར་ཤ་ཁྱི་རྣམས་ཀྱིས་ཁོའི་སྒང་ལ་མཆོངས་ཏེ་གཡས་འཐེན་གཡོན་འཐེན་གྱིས་ཁོའི་ལུས་པོ་དུམ་བུ་མང་པོར་བཏང་ངོ༌། །

བསམ་བློ་སྔོན་ལ་ཐོངས།

གཞིས་རྩེ་བུ་ཆུང་ཚེ་རིང༌།

༄༅། །གནའ་སྔ་མོ་ཝ་མོ་ཞིག་ཁ་སྐོམ་ཐག་ཆོད་ནས་གང་སར་ཆུ་འཚོལ་བར་ཕྱིན། མཐར་ཁྲོན་པ་ཞིག་གི་འགྲམ་དུ་སླེབས་ཏེ་དེའི་ནང་ལྟ་སྐབས་རྐང་པ་འགྲེད་བདར་ཤོར་ནས་ཁྲོན་པའི་ནང་དུ་ཟགས་པ་རེད། ཁོས་ཐབས་ཤེས་གང་ཡོད་ཀྱིས་ཡར་ཐོན་རྩིས་བྱས་ཀྱང་རྩ་བ་ནས་ཐོན་མ་ཐུབ་པར་ལུས། ར་རྒན་ཞིག་ལམ་དེ་བརྒྱུད་ནས་ཡོང་དུས་ཁྲོན་པའི་ནང་ཝ་མོ་ཡོད་པ་མཐོང་བ་དང༌། ཁྱེད་ཁྲོན་པའི་ནང་ག་རེ་བྱེད་ཀྱི་ཡོད་དམ་ཞེས་སྐད་ཆ་དྲིས་པས། ཝ་མོས་ང་རང་མངར་བསིལ་ལྡན་པའི་ཆུའི་ནང་སྐྱིད་པོ་བྱས་ནས་བསྡད་ཡོད། གལ་ཏེ་ཁྱེད་རང་ཡང་ཕེབས་འདོད་ཡོད་ན་ཕེབས་ཤོག་ཅེས་ལབ། ར་རྒན་གླེན་པ་དེས་ཝ་མོའི་སྐད་ཆར་ཡིད་ཆེས་ནས་ཁྲོན་པའི་ནང་དུ་མཆོངས། གློ་བུར་དུ་གཡོ་ཅན་ཝ་མོས་ར་རྒན་གྱི་སྒལ་པར་འཛེགས་ཏེ་སླར་ཡང་མཆོངས་ཐེངས་གཅིག་ལ་ཕྱིར་ཐོན་ཐུབ་ཅིང༌། ར་རྒན་གླེན་པ་དེ་ཁྲོན་ཆུའི་ནང་མར་ག་ལེར་དིམ་སྟེ་ཤི་བ་རེད། །

མིག་ཆུ་དམར་པོ།

དྷ་སྟེང་བོད་ཁྱིམ་སློབ་ཕྲུག་གཤོང་ཀ་རྡོ་རྗེ་དབང་འདུས།

༄༅། །སྤྲིན་ནག་གིས་ནམ་མཁའི་མཐའ་ཡོངས་སུ་བཀབ་ཅིང་ཚ་ཟེར་ཅན་ཡང་དེ་དག་གི་ཀློང་དུ་ཚུད་ནས་དྲོ་སྐྱིད་ཀྱི་འོད་ཟེར་ཡངས་པའི་ས་གཞིར་སྦྱིན་དཀའ་བར་གྱུར་ལ། ཧི་མཱ་ལ་ཡའི་རི་རྒྱུད་རྣམས་ཀྱང་སྨུག་ཞགས་གི་ཁྲོད་ནས་གསལ་ལ་མི་གསལ་དུ་གྱུར། ཚེ་རབས་དུ་མ་ཞིག་ནང་འགྲུལ་བཞུད་ཀྱི་རྐང་ཟུང་གིས་མནན་པའི་གངས་འདབས་ཀྱི་རྐང་ལམ་ཕྲ་མོ་ནི་ངའི་མིག་ཟུང་དུ་སྔར་བཞིན་གསལ། དེའི་སྟེང་དུ་རྒན་འཁོགས་དང་ན་གཞོན་བྱིས་པ་བཅས་ཁྱོན་མི་གྲངས་ཉི་ཤུ་ལྷག་ཙམ་གྱིས་ལྗིད་པའི་ཁུར་པོ་རེ་བཏེགས་ནས་མ་འོངས་པའི་བདེ་སྐྱིད་དང་རང་གི་སྐྱེ་ཡུལ་བསིལ་ལྡན་གངས་ལྗོངས་དེ་ད་ཆ་བཤན་ས་ལྟ་བུ་ཞིག་ཏུ་འགྱུར་བར་སོང་རེ་ཞིག་རྒྱབ་ཏུ་བསྐྱུར་ནས་ལྗིད་ཏིག་ཏིག་གི་གོམ་ཁ་མི་ཡུལ་ལ་ཕྱོགས་ཏེ་སྤོ་འགོ་བཙུགས། སྐབས་དེར་དབང་མོ་ཡང་དབུགས་ཧལ་བཞིན་མགོ་བོ་དུད་དེ་ཁོང་ཚོའི་མཉམ་དུ་ལམ་ཁྲིད་པའི་རྗེས་སུ་བསྙེགས། དྭངས་གཙང་གི་བསིལ་ཆུ་ཡང་གངས་རི་ལས་ཆས་ཏེ་ཀྱག་ཀྱོག་གི་ལམ་ཆུང་དེའི་ཟུར་ནས་ཐུར་དུ་བབས། སྨུག་ཞགས་ཀྱིས་ས་གཞི་ཆེན་མོ་རིམ་བཞིན་བཏུམས། ལམ་ཁྲིད་སྨ་ར་ཅན་དེས་ཕྱོགས་བཞིར་བལྟས་ཙམ་བྱས་ནས་ཆུ་ཕྲན་ཞིག་གི་ཟུར་དུ་ཁོ་པའི་ཁུར་པོ་གཡུགས་ཏེ་དབུགས་རིང་ཞིག་འཐེན་ཞོར། དེ་རིང་ང་ཚོ་འདིར་ངལ་གསོས་སང་ཉིན་རྒྱ་ལ་འཛེགས་དགོས། ད་ཇ་བསྐོལ་ན། ཞེས་བཤད་དེ་ཨམ་ཕྲག་ལས་རྒྱ་མིའི་ཐ་མག་གླང་ལྔ་རྟགས་ཅན་ཞིག་མར་བཏོན་ཏེ་མེ་སྤར། དབང་མོས་ཀྱང་ཁུར་པོ་སེར་པོ་དེ་མར་ག་ལེར་ཕབ། འགྲོ་ཞོར་དུ་བསྒྲུགས་པའི་ཤིང་དང་ལྕི་བ་སྐམ་པོ་རེ་གཉིས་ཡོད་པ་དེ་དག་ཇ་བཀོལ་སའི་ཐབ་ཁའི་ནང་དུ་བརྒྱབ་སྟེ་ཟུར་དུ་མེ་ལྡེ་བཞིན་བསྡད། མོའི་སྐྲ་ལོ་དེ་ཙམ་རིང་པོ་མེད་ལ་ལུས་པོ་ཕྲ་བ། ཁུ་བྱུག་སྔོན་མོར་འགྲན་ནུས་པའི་མགྲིན་དབྱངས་དང༌། སྒོར་ཞིང་དཀར་བའི་ངོ་སྟེང་སྨེ་བ་ཆུང་ཆུང་ཞིག་གཞོགས་གཡས་པའི་མིག་འོག་ན་མཆིས། དེའི་རྗེས་མོས་རང་གིས་གྱོན་པའི་སྲིན་བལ་གྱི་སྟོད་གོས་ལྗང་ཁུ་དེ་ལག་པས་བརྡབས་ཙམ་བརྡབས་ཙམ་བྱེད་ཀྱིན་འདུག་ལ། སྐབས་དེར་མོའི་མིག་ཟུང་ནི་དྲག་ཏུ་འཕྱུར་བའི་མེ་ལྕེ་ཞིག་དང་མཚུངས་ཤིང་བརྗོད་མི་ཤེས་པའི་སྐྱོ་སྣང་དང་འཇོམས་མི་ཐུབ་པའི་ཁོང་ཁྲོ་ཞིག་རང་ཤུགས་སུ་སྐྱེས་ཏེ་ལྟ་བཞིན་པའི་མིག་ཟུང་ནས་མཆི་མའི་ཐིགས་པ་རང་དབང་མེད་པར་ལྷུང༌། མོའི་མིག་ཆུའི་ཐིགས་པ་དེ་དག་ལས་ཡིད་སྐྱོ་བའི་གཏམ་རྒྱུད་སྐྱུར་མོ་ཞིག་ངའི་མིག་ལམ་དུ་འཆར་བྱུང་བ་འདི་ལྟར་ལགས།
ས་འཛིན་གྱི་ཕྲེང་བས་ཡོངས་སུ་བསྐོར་བའི་གནས་མཆོག་ལྷ་སའི་གཞོགས་གཡོན་དང་གྲིབ་ཀྱི་གཡས་ནས་དྭངས་གསལ་གྱི་སྲིད་པའི་ཆུ་ཀླུང་དེ་ཡང་ལྷུང་ལྷུང་གི་སྒྲ་ལ་བརྟེན་ནས་གསར་དུ་བསྐྲུན་པའི་དྲན་གསོའི་རྡོ་རིང་ཟེར་བ་དེ་བརྒྱུད་ནུབ་ངོས་སུ་བཞུད་ཅིང༌། ཉི་མའི་འོད་ཟེར་ཡང་སྒ་རི་དགོན་པའི་ཤར་རིའི་རྩེ་ནས་ཕྱོགས་བཅུར་གསལ། པོ་ཏ་ལའི་གསེར་གྱི་རྒྱ་ཕིབ་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རི་དྭགས་ཕོ་མོ་བཅས་ནས་ཀྱང་གསེར་འོད་སྦྱིན། འཁྲུག་ཆ་དོད་པའི་བར་སྐོར་ནང་དུ་ཆོས་ལ་དད་པའི་མང་ཚོགས་དུ་མས་ལག་ཏུ་ཕྲེང་བ་བཟུང་བ་དང་འགའ་རེས་རང་གི་ཁྱི་ཆུང་ཆུང་དག་ཀྱང་འཁྲིད་ནས་སྐོར་བ་བསགས། གཙུག་ལག་ཁང་གི་མདུན་ཐང་ན་མཆིས་པའི་བསང་ཁུང་གཉིས་པོ་ནས་དྲི་ཞིམ་བསང་གི་མཆོད་པས་གྲོང་ཁྱེར་གྱི་ཕྱོགས་ཀུན་ལ་ག་ལེར་ཁྱབ། ཁྲི་རལ་པ་ཅན་གྱི་སྐབས་ལ་བཞེངས་པའི་རྡོ་རིང་གི་ཟུར་དུ་ཁ་ཇོ་བོ་ཤཱཀྱ་མུ་ནིར་བཏད་དེ་ཕྱག་འཚལ་བཞིན་པའི་རྒན་འཁོགས་འགའ་རེས་ལག་ཟུང་ཐལ་མོ་སྤྱི་བོར་སྦྱར་ཏེ། ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་མགྱོགས་ནས་མྱུར་དུ་ཐོབ་པར་ཤོག ཅེས་པའི་སྨོན་ཚིག་གི་སྒྲ་རྣམས་རང་གི་རྣ་བས་ཐོས་ཙམ་བསྒྲགས། དབང་མོས་ཀྱང་སྔར་རྒྱུན་བཞིན་རང་གི་ཨ་མ་དང་མཉམ་དུ་བར་སྐོར་ཐེངས་གསུམ་བསགས་ནས། ཁ་སྦྲ་ནག་ཞོལ་གྱི་སྲང་ལམ་ལ་སློག་སྟེ་ནང་དུ་ལོག ཁྱིམ་དུ་འབྱོར་བ་དང་མོས་ཇ་ཕོར་པ་གང་བཏུང་ནས་རྒྱུན་གཏན་ལྟར་སྒོ་ཁར་བཞག་པའི་ཐེར་གེ་ཆུང་ཆུང་དེའི་སྟེང་དུ་ལ་ཕིང་འཚོང་བྱེད་རྣམས་བཞག་སྟེ་མགོ་བོ་ནང་དུ་བརྐྱང་ཙམ་བྱས་ཏེ། ཨ་མ་ལགས། ད་ང་ལ་ཕིང་ཚོང་དུ་འགྲོ་ཡི་ཡིན་ད། ཞེས་བཤད་དེ་སོང༌།
དབང་མོས་ཐེར་གེ་དྲུད་ནས་གུ་དོག་པའི་སྲང་ལམ་བརྒྱུད་བར་སྐོར་ཤར་དུ་ཡོད་པའི་དར་ཆེན་ཟུར་དུ་ཐེར་གེ་བཞག་ནས་ཁྱུག་ཙམ་ངལ་གསོས་ཏེ། ལ་ཕིང་འཚོང་བྱེད་རྣམས་བཤམས། ཚ་ཟེར་ཅན་གྱིས་ཀྱང་རིམ་བཞིན་དགུང་སྔོན་དབྱིངས་ནས་འོད་མདངས་རབ་ཏུ་སྤྲོས་པས། བར་སྐོར་ནང་གི་མི་ཚོགས་ཁྲོད་ཁྱད་མཚར་བའི་དྲི་མས་ཁེངས། དབང་མོས་དེ་དག་གི་ཟུར་དུ་ལ་ཕིང་འཚོང་གིན་བསྡད་པས་ཉིན་དགུང་ཆུ་ཚོད་དང་པོ་ཙམ་ཟིན། ཁོང་མོའི་ཨ་མས་ཟས་སྣོད་ཆུང་ངུ་ཞིག་ནང་ཤ་ཚལ་དང་བག་ལེབ་ཁ་ཤས་བསྐྱལ་གནང་སྟེ། དབང་མོ། ཁ་ལག་ཚ་པོར་ཟོ་ཨ། ང་བར་སྐོར་དུ་སྐོར་བ་གསོག་ཏུ་འགྲོ་ཡི་ཡིན། ཞེས་མི་ཚོགས་ཀྱི་ཁྲོད་འཇའ་ཡལ་བ་བཞིན་ཕེབས། ཁོང་མོས་ཀྱང་དགུང་ཟས་རྣམས་བཟས་ཏེ་སྔར་བཞིན་ལ་ཕིང་འཚོང་གིན་བསྡད། འོན་ཀྱང་ཆུ་ཚོད་གཅིག་ཙམ་རྗེས་བར་སྐོར་ལྷོ་ཕྱོགས་ནས་རྔམ་བརྗིད་ལྡན་པའི་སྐད་སྒྲ་ཞིག་བསྒྲགས། དེ་ནི། བོད་རང་བཙན་ཡིན། རྒྱ་དམར་བོད་ནས་མཐར་སྐྲོད་གཏང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། ཞེས་དཔའ་ངར་ཞུམ་མེད་ཀྱི་གྲྭ་བཙུན་དག་གིས་འབོད་སྒྲ་སྐད་གསངས་མཐོན་པོས་བསྒྲགས་ཤིང་མི་ཚོགས་ཀྱི་ཁྲོད་ནས་ལ་རྒྱ་ལྡན་པའི་མི་འགའ་རེས་གྲྭ་བཙུན་ཚོའི་རྗེས་སུ་བསྙེགས་པ་དང་འགའ་རེ་ནི་བྱི་བས་བྱི་ལ་མཐོང་བ་བཞིན་རིག་རྒྱུ་མེད་པར་ཡལ། དབང་མོས་ལ་ཕིང་འཚོང་བྱེད་རྣམས་བསྡུས་ཏེ་མགྱོགས་མྱུར་ཐེར་གེ་དྲུད་ནས་རང་ཁྱིམ་ཕྱོགས་སུ་རྒྱུགས། ཁོང་མོས་ལམ་དུ་དྲག་ཆས་ཉེན་རྟོག་པས་གྲྭ་བཙུན་དང་སྐྱ་བོ་རྣམས་བརྡུངས་པ་དང༌། གང་བྱུང་མེ་མདའ་བརྒྱབ་པ། ཡ་ང་བའི་བོད་རིགས་སྤུན་ཟླ་འགའ་རེའི་ཚེ་སྲོག་ཤོར་བ། ཁྲག་གིས་ལམ་ཁ་ཁེངས་པ་བཅས་མཐོང་སྟེ་སྙིང་ཁར་བརྗོད་མི་ཤེས་པའི་ན་ཟུག་བཏང་པ་དང་མིག་ཆུ་ཤོར་གྱིན་ནང་དུ་འབྱོར། ཨ་མ་ལགས། ཨ་མ་ལགས། ཞེས་སྐད་བཏང་ཡང་ལན་མ་བྱུང༌། དེའི་སྐབས་ཨ་མས་དགུང་ཟས་སྐྱེལ་སྐབས་བཤད་པའི་སྐད་ཆ་ཡིད་ལ་ཝ་ལེར་འཆར་ནས་ཐེར་གེ་རང་སར་བཞག་ནས་ཕྱིར་རྒྱུགས། ཉེ་འགྲམ་གྱི་སྲང་ལམ་ཡོད་དོ་ཅོག་ལ་བཙལ་ཀྱང་མ་རྙེད། མཐའ་མ་རང་ཁྱིམ་དུ་ལོག་ཡོང་བའི་ལམ་བར་མི་འགའ་རེས། མེ་མདའ་ཕོག་ཏེ་ཁྲག་གིས་ཚོས་པའི་རང་གི་སྐྱེས་མ་རྒྱབ་ཏུ་འཁྱེར་ནས་སྨན་ཁང་དུ་སྐྱེལ་བར་འགྲོ་བཞིན་པ་མཐོང་འཕྲལ། ཨ་མ་ལགས། ཞེས་སྐད་ཤུགས་ཆེན་པོས་འབོད་ཀྱིན། ག་རེ་གནང་སོང་ངམ། ང་རྒྱ་མི་དང་འཛིང་བར་འགྲོ་ཡི་ཡིན། ཞེས་བཤད་དེ་མེ་མདའི་སྒྲ་ཐོས་ས་དེར་འགྲོ་རྩིས་བྱེད་སྐབས། ཨ་མས་ཁྲག་གིས་ཚོས་པའི་ཕྱག་དེས་མོའི་སྟོད་གོས་ནས་བཟུང་སྟེ། ང་གང་ཡང་བྱས་མ་སོང༌། སེམས་ཁྲལ་མ་བྱེད། ཅེས་བཤད་པ་དེ་ཐོས་པ་དང་ཨ་མ་ལ་འཐམ་སྟེ་ངུ་སྒྲས་བར་སྐོར་གྱི་སྲང་ལམ་ཡོད་ཚད་ཁེངས་པར་བྱས། དེ་ནས་མིག་ཆུ་ཕྱིས་ཙམ་བྱས་ཏེ་སྨན་རྩིས་ཁང་གི་ཕྱོགས་སུ་ཨ་མ་འཁྱེར་ཏེ་བསྐྱོད། དེའི་སྐབས་ཨ་མས། དབང་མོ། ད་ང་མི་ཡོང་བའི་རེ་བ་མི་འདུག རང་འདིར་ཧྲེང་པོར་མ་སྡོད། རྒྱ་གར་དུ་སོང་ན་ཕ་གིར་རང་གི་ཕ་ཡོད་རེད། འདི་ཁོང་གི་ཁ་བྱང་རེད། ཅེས་འདར་སིག་སིག་གི་ལག་པས་མིང་བྱང་ཤོག་དུམ་ཞིག་ཁོང་མོར་སྤྲད་ནས་མིག་དལ་བུར་ཟུམ་སྟེ་འཇིག་རྟེན་འདི་ལས་བྲལ། དབང་མོ་ནི་སེམས་སྡུག་གི་ནམ་མཁའ་ཁེངས་པ་ལྟར་གྱུར་ཏེ་མིག་ཆུ་འཆོར་གྱིན་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་བས་རང་གི་ཨ་མར་འཐམ་སྟེ་ངུ་རྒྱུ་ལས་གཞན་མ་མཆིས། ཁོང་ཁྲོའི་རྦ་རླབས་ནི་དྲག་ཏུ་འཕྱུར་བཞིན་སྡུག་བསྔལ་གྱི་མུན་པ་རུབ། དེ་ལྟར་རིམ་བཞིན་ཟིང་ཆའི་སྐད་འབོད་འཇགས། ཁོང་མོས་རང་གི་ཨ་མའི་ཕུང་པོ་རྒྱབ་ཏུ་འཁྱེར་ནས་འགྲོ་སྐབས་ཁྲག་གིས་ཚོས་པའི་བར་སྐོར་གྱི་སྲང་ལམ་ནི་རབ་རིབ་ཙམ་ལས་མི་གསལ། མིག་ཟུང་ནས་མཆི་མ་ལྷུང་བཞིན་ཁྱར་ཁྱོར་ངང་གོམ་ཁ་ལྗིད་པོ་ཞིག་དེད། མཆི་མ་དེ་དག་ཀྱང་ཁྲག་དང་འདྲེས་ཏེ་དམར་པོར་གྱུར། སྐབས་དེར་ཁོང་མོའི་རྣ་བར། ཙག་ཅེས་ཇ་བཀོལ་བཞིན་པའི་ཐབ་ནས་སྒྲ་དེ་འདྲ་ཞིག་ཐོས་པ་དང་སྦྲགས་ཡ་ང་བའི་ཕྱིར་དྲན་དེ་ཡང་མཇུག་སྒྲིལ་ལོ། །ཁོང་མོ་ག་ལེར་ཡར་ལངས་ཏེ་མིག་ཆུས་ཁེངས་པའི་གདོང་པ་དེ་གངས་རི་ལས་ཆས་པའི་དྭངས་བསིལ་གྱི་ཆུ་མོ་དེར་བཀྲུས། མིག་ཆུ་དེ་དག་ཆུ་མོ་དེ་དང་འདྲེས་ཏེ་སྐད་ཅིག་ཉིད་དུ་གངས་རི་ནས་ངུ་སྒྲ་སྒྲོག་བཞིན་བསིལ་ཆུ་དེའང་ཁྲག་གི་མཚོ་མོར་མངོན། སྐྱོ་ལྷང་ལྷང་གི་ཁོང་མོའི་མིག་ཆུ་དམར་པོ་དེ་དག་གངས་རི་ལས་ཆས་པའི་ཆུ་དང་འདྲེས་ནས་སྔོ་ཐིང་ཐིང་གི་རྩྭ་ཐང་རིང་མོའི་ཕྱོགས་སུ་དལ་བུར་གཤེགས་སོ། །
གོང་གསལ་བརྩམས་སྒྲུང་འདིའི་བརྗོད་གཞི་གཙོ་བོ་ཁོ་བོ་དེ་སྔ་ལྷ་ས་སློབ་འབྲིང་བརྒྱད་པའི་སྐབས་འཛིན་གྲོགས་སྐལ་བཟང་ལ་འཕྲད་པའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན། དེར་བརྟེན་རང་མི་རིགས་ཀྱི་ཆེད་དཔའ་ངར་ཞུམ་མེད་ངང་ཁུ་སིམ་མེར་འདས་གྲོངས་གྱུར་མི་རྣམས་ལ་དྲན་གསོའི་ཆེད་དུ་བྲིས་པའོ།  །

དྭ་ཕྲུག་གིས་ཕ་གཞིས་བགོས་པ།

ཚེ་དབང་རྟ་མགྲིན།

    ཡར་ཀླུངས་ཞེས་པའི་ལུང་པ་ཞིག་ན་ཕ་བཀྲ་ཤིས་ཟེར་བ་མི་ཚེ་གཞན་གྱི་གཡོག་པོ་ཁོ་ན་རྒྱུགས་ནས་ཚོ་བ་སྐྱེལ་མཁན་གྱི་མི་སྐྱོ་པོ་ཞིག་ཡོད་པ་དེ་ཡི་བཟའ་ཟླ་གྲོངས་ནས་ལོ་ཤས་སོང་རྗེས་ཁོ་རང་ཡང་གཅོང་ནད་ཀྱིས་ཟིན་ནས་ཉལ་སར་ལུས་ནས་བསྡད་ཡོད་པ་རེད།
ཕ་བཀྲ་ཤིས་ལ་བུ་རྒན་པ་སྤྱོད་པ་ཁྱི་ལས་ལོད་པ་ཞིག་ཡོད་པས་མིང་ལའང་ཁྱི་ལོད་ཟེར་བ་གཅིག་དང༌། བུ་ཆུང་བ་སྤྱོད་པ་བཟང་ཞིང་ཡ་རབས་ལྡན་པ་ཞིག་ཡོད་པའི་མིང་ལའང་བཟང་པོ་ཚེ་རིང་ཟེར་བ་གཅིག་བཅས་སྤུན་གཉིས་ཡོད་པ་ལས། དུས་རྒྱུན་དུ་སྤུན་རྒན་པས་ཆུང་བར་ཐུབ་ཚོད་དང་བརྙས་བཅོས་ཁོ་ན་གཏོང་གི་ཡོད། མཐར་ཕ་བཀྲ་ཤིས་ཀྱི་ནད་གཞི་ཧ་ཅང་ཚབས་ཆེར་གྱུར་རྐྱེན་ཚེ་ལས་འདས་པ་ན། གྲོང་པ་ཁྱིམ་མཚེས་རྣམས་ཚང་འཛོམས་ཀྱིས་ཕུང་པོ་བསྐྱལ་རྒྱུ་སོགས་གཤིན་ཆོག་གི་ཆོ་ག་ཆ་ཚང་བ་བྱས་ནས་ལོག་ཕྱིན་པ་རེད།
ཕ་བཀྲ་ཤིས་འདས་པའི་ཤུལ་དུ་རང་གི་ཕ་གཞིས་ཟེར་ཡང་རུང་གང་ལྟར། ཁང་ཁྱིམ་ཉི་མ་བརྒྱ་ཤར་དེ་ཡི་ནང་མལ་ཟན་རྩབ་རལ་མཚན་མོའི་གྲང་ངར་སྐྱོབ་ཐུབ་ཙམ་ཞིག་དང༌། འོ་མ་སྐྱ་ལྷེབ་ཙམ་སྟེར་ཐུབ་མཁན་གྱི་བ་དམར་པོ་སྐམ་ལ་རིད་པ་མཇུག་མ་གཞུ་ལྟར་གུག་ལ་གཉང་མ་མདའ་ལྟར་གཏོང་མཁན་གཅིག་ལས་མེད་པར་བརྟེན། སྤུན་ཆུང་བ་བཟང་པོ་ཚེ་རིང་གིས། ད་ནི་པཱ་ལགས་གྲོངས་ནས་མ་བཞུགས་སྟབས། ཨ་ཅོ་རང་རྒན་པ་ཡིན་པས་བཟའ་དཔོན་གྱི་ཚུལ་དང༌། ང་རང་ཆུང་བ་ཡིན་པས་གཡོག་པོའི་ཚུལ་བྱས་ནས། ང་ཚོ་སྤུན་གཉིས་ཆམ་ཆམ་རུག་རུག་བྱས་ནས་བསྡད་ན་ཡག་པོ་ཡོང་ས་རེད། ཅེས་གྲོས་འཆར་བཏོན་པ་རེད།         ཡིན་ནའང་སྤུན་རྒན་པ་ཁྱི་ལོད་ཀྱིས་དེ་ལ་རྒྱབ་སྐྱོར་དང་མོས་མཐུན་བྱེད་རྒྱུ་ཕར་བཞག་ད་དུང༌། ཀེ་་་་སྤྲང་ཕྲུག་ཁ་བཙུམ། ཁྱོད་ག་ཟེར་འདི་ཟེར་མེད་པའི་སྐད་ཆ་ཆོ་མེད་འདི་འདྲ་ང་ལ་བཤད་མ་ཡོང་ཨ། ང་གཉིས་མཉམ་དུ་བསྡད་རུང་ཕ་མའི་རྒྱུ་ནོར་ལ་མཉམ་སྤྱོད་བྱེད་ཐབས་རྩ་བ་ནས་མེད། པ་ཕའི་རྒྱུ་ནོར་ཤུལ་ལུས་རྣམས་བགོ་བཤའ་རྒྱག་དགོས་པ་མ་ཟད། བགོ་བཤའ་རྒྱག་པ་ལ་ཡང་རྒྱག་སྟངས་རེད། འཇིག་རྟེན་ཁ་དཔེར། ཙི་ཙི་རམ་པ་བཟའ་བར་བཟའ་ལུགས་རྣམ་པ་བཅོ་བརྒྱད་ཟེར་བའི་དཔེ་ལྟར། ང་རང་སྤུན་རྒན་པ་ཡིན་པས་ཉལ་ཆས་འདི་མཚན་མོ་ངས་ཉར་ནས་ཉིན་མོ་ཁྱེད་ལ་སྤྲོད་རྒྱུ་བྱས། ཁྱོད་སྤུན་ཆུང་བ་ཡིན་པས་བ་དམར་པོ་འདི་འཚོ་དགོས་ལ་སྐེད་པ་ཡར་སྟབས་ཀྱི་ལུས་པོ་ཕྱེད་ཀ་ཁྱེད་ཀྱིས་ཉར་རྒྱུ་དང་ལུས་སྨད་ཕྱེད་ཀ་དེ་ང་ལ་བདག་པ་བཅས་ང་གཉིས་ཀྱི་དབར་འདི་ལྟ་བུའི་སྒོ་ནས་ཕ་ནོར་བགོ་བཤའ་རྒྱག་རྒྱུར་ཐག་བཅད་ཟིན་པ་ཡིན་ཞེས། བཀའ་རལ་གྲི་གནམ་གཡུགས་ཞེས་པའི་དཔེ་ལྟར་རང་ཐག་རང་གཅོད་བྱས་པ་རེད།
དེ་ནས་བཟུང་མཚན་གྲང་ངད་ཆེ་བའི་སྐབས་སུ་ཉལ་ཆས་དེ་གཅེན་པོ་ཁྱི་ལོད་ཀྱིས་གྱོན་པ་དང༌། སྔ་དྲོ་ཉི་མ་ཤར་རྗེས་གཅུང་བཟང་པོ་ཚེ་རིང་ལ་རྩིས་སྤྲད་ནས་ཉལ་ཆས་དེ་ཉི་མར་སྐམ་རྒྱུ་སོགས་ཁོས་བྱེད་དགོས་ཀྱི་ཡོད། དེ་བཞིན་བ་དེའི་ལུས་སྨད་གཅེན་པོ་ཁོ་རང་ལ་བདག་པས། སྔ་དྲོ་གཅེན་པོས་འོ་མ་བཞོས་ནས་ཁོ་རང་གཅིག་པོ་བཏུང་པ་མ་གཏོགས་གཅུང་པོར་ཁ་གང་ཡང་སྟེར་གྱི་མེད་པ་མ་ཟད། ལུས་སྟོད་གཅུང་པོ་ལ་བདག་པས་དགོང་མོ་གཅུང་པོས་རྩྭ་སྟེར་དགོས་ཀྱི་ཡོད་པ་རེད།
ཉི་མ་ནམ་ཤར་ལ་འདི་ལྟར་གཅེན་པོས་སྐྱིད་པོ་བཏང་ནས་གཅུང་པོས་སྡུག་པོ་ཁོ་ན་མྱོང་དགོས་ཀྱི་ཡོད་པ་དེ་མ་བཟོད་པར། ཉིན་གཅིག་བཟང་པོ་ཚེ་རིང་འུ་ཐུག་སྟེ། ཡུལ་དེའི་ཕུ་ན་བཞུགས་པའི་དྲང་སྲོང་བློ་གྲོས་ཀྱི་སྐུ་མདུན་དུ་བཀའ་སློབ་ཞུ་བར་བཅར་ནས། ཕྱག་ཝ་ཁྱུག་སོང་བསམ་པ་ལན་གསུམ་བཙལ་ནས་རང་གི་ལོ་རྒྱུས་རྣམས་ལྷག་ཆད་དང་སྦ་གསང་མེད་པར་ཆ་ཚང་དྲང་སྲོང་ཁོང་ལ་ཞུས་པ་རེད། དེ་ནས་དྲང་སྲོང་ཆེན་པོས་བཀའ་གང་གནང་བཞིན་མར་རང་ཁྱིམ་དུ་ལོག་ནས། སང་ཞོགས་དེར་གཅེན་པོས་སྤྲད་པའི་མལ་ཟན་དེ་ཆུ་སྣོད་ཆེན་པོ་ཞིག་གི་ནང་ཆུ་ལ་སྦངས་ནས་བཞག་པས་མཚན་མོ་གཅེན་པོས་བེད་སྤྱོད་མ་ཤེས་པ་དང༌། ཁྱི་ལོད་ཀྱིས་བ་ཡི་འོ་མ་འཇོ་སྐབས་ལུས་སྟོད་རང་ལ་བདག་པས་བཟང་པོ་ཚེ་རིང་གིས་བ་ཡི་མགོ་ལ་རྒྱུག་པས་གཞུས་པས་འོ་མ་འཇོ་རུ་མ་བཅུག་སྟབས། གཅེན་པོ་ལ་བྱེད་རྒྱུ་གང་ཡང་མ་བྱུང་བ་རེད།
དེར་བརྟེན་མཐར་ཁྱི་ལོད་ཀྱིས་རང་གིས་གང་བྱས་པའི་ནོར་འཁྲུལ་རྣམས་ནོར་འཁྲུལ་ཡིན་པར་ཤེས་ཏེ་དུས་དེ་ནས་བཟུང་རང་གི་གཅུང་པོར་བྱམས་བརྩེ་ཆེན་པོས། ཁོང་སྤུན་གཉིས་མཉམ་བཟའ་མཉམ་སྤྱོད་ཀྱི་སྒོ་ནས་སྐྱིད་པོའི་ངང་གནས་པས་ན། ཡུལ་མི་ཁྱིམ་མཚེས་ཀུན་གྱིས་བསྔགས་ཤིང་བསྟོད་པའི་ཡུལ་དུ་གྱུར་པ་རེད།། །།

སྔོན་གླེང༌།  

Menu