༥་༣    ཚན་རིག

    གཞི་རིམ་བར་མའི་ཚན་རིག་བསླབ་གཞིའི་ནང་དོན་དང་ཁྱབ་ཚད་ནི། སློབ་མའི་ལོ་ཚད་དང་ཤེས་རྟོགས་ཀྱི་གནས་ཚད། དངོས་ཡོད་འཚོ་བའི་ཁྲོད་བཀོལ་སྤྱོད་ཀྱི་རིན་ཐང་བཅས་གཞི་རྩར་བཟུང་ནས་གཏན་འབེབས་བྱ་དགོས་པ་མ་ཟད། སློབ་མ་ཚོའི་མཚར་སེམས་དང༌། གསར་གཏོད་ཀྱི་བསམ་བློ། ཁོར་ཡུག་དང་འབྲེལ་འདྲིས་བཅས་ལྷན་སྐྱེས་ཀྱི་ཁྱད་ནུས་གོང་ནས་གོང་དུ་སྤེལ་བའི་དམིགས་ཡུལ་དམ་འཛིན་བྱ་དགོས། དེ་ཡང་འཛིན་གྲྭ་ནངསློབ་ཚན་འཆད་འཁྲིད་ཙམ་མ་ཡིན་པར་ཚོད་ལྟ་དང་ལག་ལེན་དངོས་བརྒྱུད་དེ་རང་སྟོབས་ཀྱི་ནུས་པ་སྐྱེད་སྲིང་བྱས་ནས་སྤྲོ་སྣང་སྤེལ་བ་དང་གང་བསླབ་རྣམས་རང་རྒྱུད་ལ་འཇགས་ཐབས་བྱེད་དགོས།
    ཚན་རིག་བསླབ་གཞི་བརྒྱུད་སློབ་མ་རྣམས་རང་གི་ཁོར་ཡུག་གི་རྒྱ་ཚད་ལས་བརྒལ་ཏེ་ལག་ལེན་དང་མི་ཚེའི་བྱེད་སྒོར་འཇུག་པའི་ཤེས་བྱ་དང་ནུས་རྩལ་མཁོ་འདོན་བྱ་དགོས།
    བོད་ཀྱི་རང་བྱུང་ཁོར་ཡུག་དང༌། ལོ་རྒྱུས་ཐོག་བྱུང་བའི་གསར་བཏོད་དང་གསར་གཏོད་མཁན། ཚན་རིག་གི་ལག་ལེན་དང་མཐུན་པའི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་རྣམས་བསླབ་གཞིའི་ནང་སྐབས་འབྲེལ་འཇུག་ཐབས་བྱ་རྒྱུ།
    གཞི་རིམ་བར་མའི་ཚན་རིག་བསླབ་གཞི་སློབ་སྟོན་ཆེད་བདུན་རེར་དངོས་གཞིའི་ཚོགས་ཐུན་༦ ལས་མ་ཉུང་བ་དགོས་པའི་ཁར། སྔ་དགོང་སོགས་ཀྱི་དུས་གསེང་སྐབས་སུ་བྱེད་སྒོ་དང་ལས་རིམ་གང་མང་གོ་སྒྲིག་བྱ་དགོས།
    གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་ཚན་རིག་བསླབ་གཞིའི་ནང་དོན་གཙོ་བོ་ཁག་གཤམ་གསལ།

འཛིན་རིམ་དྲུག་པའི་ཚན་རིག

སྡེ་ཚན་དང་པོ། སྐྱེ་དངོས་ཀྱི་སྐོར།
༡།    རྩི་ཤིང་ལ་རིགས་ཀྱི་ཚན་པ་སྟབས་བདེར་དབྱེ་བའི་སྒོ་ནས་དེ་དག་གི་རྩ་བ་དང༌། སྡོང་པོ། ཡལ་ག ལོ་མ། མེ་ཏོག་བཅས་ཀྱི་དབྱིབས་དང་ཆ་ཚད། བྱེད་ལས་བཅས་ངོ་སྤྲོད་བྱས་པ་བརྒྱུད། སློབ་ཕྲུག་རྣམས་རྩི་ཤིང་མི་འདྲ་བའི་རིགས་ཚན་དང་གྲུབ་ཆ། བྱེད་ལས་རགས་པ་བཅས་ཀྱི་གོ་བ་ཆགས་ཐབས་བྱ་རྒྱུ།
༢།    སྐྱེ་ལྡན་རྣམས་ཀྱི་འཚོ་གནས་རིགས་མི་འདྲ་བ་ཁག་དང༌། དེ་དག་རང་རང་གི་ཁོར་ཡུག་ལ་བསྟུན་འགྱུར་བྱེད་ཚུལ། སྐྱེ་ལྡན་གྱི་དབུགས་འབྱིན་རྔུབ་དང༌། འགུལ་བསྐྱོད། ཟས་ལ་སྤྱོད་པ། སྐྱེ་འཕེལ། ཚོར་ལན། ཕྱི་འདོར་སོགས་ཐུན་མོང་ཁྱད་ཆོས་སྐོར།
༣།    ཟས་རིགས་ཀྱི་འབྱུང་ཁུངས་དང༌། བཅུད་རྫས། མངར་བཅུད། སྤྲི་དཀར། བཅུད་སྨན། ཞག་ཚིལ། གཏེར་རྫས། ཆུ། རྩུབ་ཧྲལ་ཟས་རིགས་སོགས་ཟས་ཀྱི་གྲུབ་རྫས་ཁག་དང༌། ཕན་ནུས། དུས་རྒྱུན་ཟས་རིགས་ཁྲོད་བཅུད་རྫས་སོ་སོ་ངོས་འཛིན་བྱེད་ཐབས། ཟས་བཅུད་མ་འདང་བའི་ནད་གཞིའི་འབྱུང་རྐྱེན་དང་མཇུག་འབྲས། རྒྱུན་གཏན་བཟའ་བཏུང་སྐབས་འཚོ་བཅུད་དོ་མཉམ་ཡོང་ཐབས་བཅས་ངོ་སྤྲོད་བྱ་རྒྱུ།

སྡེ་ཚན་གཉིས་པ། དངོས་ཁམས་རིག་པ།
༡།    འགུལ་སྐྱོད་ཀྱི་གོ་དོན་དང་དབྱེ་བ། ཁྱད་ཆོས། བར་ཐག་འཇལ་ཚུལ། བར་ཐག་འཇལ་བྱེད་ཀྱི་ཚད་ལྡན་ཚད་གཞི།  
༢།    འོད་ཀྱི་འབྱུང་ཁུངས་དང༌། དྲང་ཐིག་འགུལ་བསྐྱོད། ལྡོག་འཕྲོའི་སྣང་ཚུལ། དྭངས་གཟུགས་(Transparent)དང༌། སྒྲིབ་གཟུགས།(Opaque) ཤས་སྒྲིབ་གཟུགས།(Translucent)གྲིབ་མ་ཆགས་ཚུལ། འཛེར་ཁུང་པར་ཆས་(Pin hole camera)བཅས་ཀྱི་སྐོར་གནད་བསྡུས་ཙམ་ངོ་སྤྲོད་བྱ་རྒྱུ།
༣།    གློག་སྨན་གྱི་སྣེ་ཕོ་མོ་གཉིས་དང༌། གློག་ལམ་གྱི་གྲུབ་ཆ་དང་མཚོན་རྟགས། སྒྲིག་ཚུལ། ཁྲིད་གཟུགས་དང་ཆོད་གཟུགས་བཅས་རྒྱུན་ལྡན་གློག་དང་གློག་སྨན། གློག་ལམ་བཅས་སྐོར་གྱི་ཉེར་མཁོའི་ཤེས་བྱ་མཁོ་འདོན་བྱ་རྒྱུ།
༤།    ཁབ་ལེན་གྱི་བྱུང་ཚུལ་དང༌། ཁབ་ལེན་གྱིས་འདྲེན་ནུས་པའི་དངོས་རྫས་དང་འདྲེན་མི་ནུས་པའི་དངོས་རྫས། ཁབ་ལེན་གྱི་ཁྱད་ནུས། ཁབ་ལེན་བཟོ་སྟངས། ཕྱོགས་སྟོན་འཁོར་ལོ་སོགས་ཁབ་ལེན་གྱི་བེད་སྤྱོད་སྐོར་བཅས་ངོ་སྤྲོད་བྱས་ཏེ། ཁབ་ལེན་དང་ཁབ་ལེན་གྱི་ཁྱད་ནུས་སྐོར་ལ་གོ་བ་རགས་ཙམ་ཆགས་ཐབས་བྱ་རྒྱུ།

སྡེ་ཚན་གསུམ་པ། རྫས་སྦྱོར་རིག་པ།

༡།    དུས་རྒྱུན་འཚོ་བའི་ཁྲོད་ཀྱི་དངོས་གཟུགས་(Objects)དང་དངོས་རྫས་(Materials) གཉིས་ཀྱི་གོ་དོན་དབྱེ་འབྱེད་དང༌། མངོན་ཚུལ། མཁྲེགས་ཚད། བཞུ་ཐུབ་མིན། ཆུར་བྱིངས་མིན། དྭངས་ཚད་བཅས་དངོས་རྫས་ཀྱི་ཁྱད་ཆོས་ཁག་ལ་བརྟེན་ནས་སྡེ་ཚན་དབྱེ་སྟངས་གནད་ བསྡུས་ཙམ་སློབ་ཚན་དུ་འཇོག་རྒྱུ།
༢།    རྫས་ལྷད་མེད་དང་འདྲེས་མ། དམིགས་ཡུལ་འདྲ་མིན་གྱི་སྒོ་ནས་འདྲེས་རྫས་དབྱེ་བསལ་བྱེད་ཐབས་དཔེར་ན། ལག་སྒྲུག(Handpicking) རྡུང་བ་(Threshing)དང་འཕྱར་བ།(Winnowing) སྐམ་ཚག(Sieving) ལྗིད་བྱིངས་(Sedimentation)དང་དྭངས་འདོན།(Decantation) འཚག་སྦྱོར།(Filtration) རླངས་འགྱུར།(Evaporation) རླངས་གཟུགས་གཤེར་འགྱུར།(Condensation)བཅས་ཀྱི་གོ་དོན་དང་བཀོལ་སྤྱོད་ངོ་ སྤྲོད།
༣།    རས་ཀྱི་རིགས་འདྲ་མིན་ངོ་སྤྲོད་དང༌། རྩིས་ཤིང་དང་སྲོག་ཆགས། མིའི་རྩོལ་བ་སོགས་རས་རྒྱུའི་འབྱུང་ཁུངས་དང་རས་རྒྱུའི་ཐོན་རྫས་ངོས་འཛིན། དར་འབུ་ལས་དར་སྐུད་བྱུང་ཚུལ། རས་རྒྱུ་འཁེལ་སྟངས་དང༌། འཐག་ལས། བསླ་ཚུལ་བཅས་རྒྱུན་སྤྱོད་ལས་རྩོལ་གྱི་བརྒྱུད་རིམ་སྐོར།

སྡེ་ཚན་བཞི་པ། ཁོར་ཡུག་ཚན་རིག

༡།    ཆུའི་འབྱུང་ཁུངས་དང་རྒྱུན་འཁོར། ཆུའི་གལ་ཆེའི་རང་བཞིན། ཆར་ཆུ་གསོག་སྒྲུབ་བྱེད་ཚུལ།
༢།    རླུང་གི་གྲུབ་ཆ་དང་ཁྱབ་ཚད། རྣམ་པ། ཆུ་དང་སྐམ་སར་གནས་པའི་རྩི་ཤིང་དང་སྲོག་ཆགས་ཀྱིས་འཚོ་རླུང་བེད་སྤྱོད་གཏོང་ཚུལ། རང་བྱུང་ཁམས་སུ་འཚོ་རླུང་གི་རྒྱུན་འཁོར་སྐོར།
༣།    དུས་རྒྱུན་རང་ཉིད་གནས་ཡུལ་ཁོར་ཡུག་ཏུ་གད་སྙིགས་གང་བྱུང་གཡུགས་པའི་གནོད་སྐྱོན་ངོ་སྤྲོད། བསྐྱར་འཁོར་རུང་བའི་གད་སྙིགས་དང་བསྐྱར་འཁོར་མི་རུང་བའི་གད་སྙིགས་རིགས་ངོས་འཛིན། རུལ་རུང་མིན་སོགས་ཀྱི་ཁྱད་ཆོས་ལ་གཞིགས་པའི་གད་སྙིགས་གཙང་སེལ་བྱེད་ཐབས་སྐོར།

འཛིན་རིམ་བདུན་པའི་ཚན་རིག

སྡེ་ཚན་དང་པོ། སྐྱེ་དངོས་རིག་པ།
༡།    རང་བརྟེན་ཟས་སྦྱོར་དང་གཞན་བརྟེན་ཟས་སྦྱོར་གྱི་ལམ་ནས་རྩི་ཤིང་ལ་དབྱེ་བ་འབྱེད་ཚུལ་དང༌། རྩི་ཤིང་གི་འོད་སྦྱོར་དང༌།(Photosynthesis) རུལ་སྐྱེས་རྩི་ཤིང་དང༌། འབུ་གཟན་རྩི་ཤིང༌། གཞན་བརྟེན་རྩི་ཤིང༌། ལྟོས་རེས་རྩི་ཤིང་(Symbiosis)བཅས་ཀྱི་ཟས་སྦྱོར་བྱེད་ཚུལ་བཅས་རྩི་ཤིང་གིས་ཟས་སྦྱོར་བྱེད་ཚུལ་སྐོར།
༢།     སྲོག་ཆགས་མི་འདྲ་བ་ཁག་གི་ཟས་རིགས་དང་ཟ་སྟངས། མིའི་སོ་དང༌། ལྕེ། མིད་པ། ཕོ་བ། རྒྱུ་མ་ཆེ་ཆུང་དང་བཅས་པའི་འཇུ་བྱེད་མ་ལག་ཁག་གི་བྱེད་ལས། རྩྭ་གཟན་སྲོག་ཆགས་དང་གདོད་སྐྱེས་སྲོག་ཆགས་ཨ་མི་བྷའི་ཟས་རིགས་ནང་འདྲེན་བྱེད་སྟངས་བཅས་སྲོག་ཆགས་ཀྱི་ཟས་བཅུད་ལེན་སྟངས་སྐོར།
༣།     སྐྱེ་ལྡན་གྱིས་དབུགས་འབྱུང་རྔུབ་བྱེད་པའི་དགོས་པ་དང༌། མིའི་དབུགས་འབྱུང་རྔུབ་ཀྱི་གྲངས་ཚད་དང༌། དབང་པོའི་བྱེད་ལས་དང་བརྒྱུད་རིམ། སྐམ་གཤེར་དུ་གནས་པའི་སྲོག་ཆགས་གཞན་གྱིས་དབུགས་འབྱུང་རྔུབ་བྱེད་ཚུལ་བཅས་ཀྱི་ སྐོར།  
༤།    མི་ལུས་ཀྱི་འཁོར་བསྐྱོད་མ་ལག་གི་གྲུབ་ཆ་ངོས་འཛིན་དང༌། ཁྲག་དང་ཁྲག་རྩ། ཁྲག་གི་འཁོར་བསྐྱོད་ཀྱི་གནས་ལུགས་མདོར་བསྡུས། སྙིང་གི་བྱེད་ལས། སྙིང་དང་ཁྲག་རྩ་འཕར་ལྡིང་གི་གྲངས་ཚད་དང་འཇལ་ཚུལ། མཁལ་མ་དང་ལྒང་བུ་སོགས་ཕྱི་འདོར་མ་ལག་གི་བྱེད་ལས། རྩི་ཤིང་གིས་རྫས་བཅུད་སྐྱེལ་འདྲེན་བྱེད་སྟངས།
༥།    མཚན་མེད་སྐྱེ་འཕེལ་དང་མཚན་ལྡན་སྐྱེ་འཕེལ་བཅས་རྩི་ཤིང་གི་སྐྱེ་འཕེལ་རྣམ་དང༌། ལོགས་སྐྱེ་དང༌། ཐོར་སྐྱེ། སོན་ཐིག་བཅས་མཚན་མེད་སྐྱེ་འཕེལ་གྱི་རྣམ་པ་མི་འདྲ་བ་ཁག་གི་ངོ་སྤྲོད། འཚོ་བཅུད་རྒྱུད་སྤེལ་(Vegetative Propagation)དང༌། ཕུང་གྲུབ་གསོ་སྐྱོང་(Tissue Culture)སོགས་རྩི་ཤིང་གི་རྒྱུད་སྤེལ་ཐབས་ལམ་སྐོར་དང༌། སྐྱེ་འཕེལ་གྱི་མཚན་མ་མེ་ཏོག་གི་ཆ་ཤས་དང༌། དེ་དག་གི་བྱེད་ལས། ཟེ་སྦྱོར་གྱི་རྣམ་པ་མི་འདྲ་བ་ཁག་དང༌། ཐིག་ལེ་འདྲེས་སྦྱོར། ས་བོན་དང་འབྲས་བུ། མྱུ་གུ་བཅས་ཀྱི་གྲུབ་ཆ། ས་བོན་འགྲེམས་ཁྱབ་བྱེད་ཚུལ་བཅས་ཀྱི་སྐོར།

སྡེ་ཚན་གཉིས་པ། དངོས་ཁམས་རིག་པ།
༡།    ཚ་གྲང་ངོས་འཛིན་དང་ཚ་ཚད་འཇལ་ཐབས། ཚ་འཇལ་ཡོ་ཆས་ཀྱི་རིགས་དང་ལྟ་སྟངས། ཁྲིད་གཟུགས་དང་ཆོད་གཟུགས་ནང་དྲོད་འཕོ་ཐུབ་མིན་གྱི་ཁྱད་ཆོས། དྲོད་ཀྱི་འཕོ་ཚུལ་རྣམ་པ་གསུམ་སྐོར།
༢།    འགུལ་བསྐྱོད་ཀྱི་རིགས་དང༌། མགྱོགས་ཚད་ཀྱི་གོ་དོན་དང་འཚོལ་ཐབས་སྤྱི་འགྲོས། དུས་ཚོད་འཇལ་ཐབས། དུས་ཚོད་དང་མགྱོགས་ཚད་ཀྱི་ཚད་གཞི། བར་ཐག་དང་དུས་ཚོད་ཀྱི་འབྲེལ་བ་མཚོན་པའི་ཐིག་རིས།
༣།    གློག་གི་ཚ་འདོན་དང༌། རྫས་འགྱུར། ཁབ་ལེན་གསུམ་གྱི་བྱེད་ནུས་ངོ་སྤྲོད།
༤།    འོད་ཀྱི་དྲང་ཐིག་འགུལ་བསྐྱོད་དང༌། ལྡོག་འཕྲོའི་སྣང་ཚུལ། ལྡོག་འཕྲོ་ལས་བྱུང་བའི་སྣང་བརྙན་འགྲེལ་བརྗོད། ལྡོག་འཕྲོའི་ངེས་སྲོལ་ངོ་སྤྲོད།

སྡེ་ཚན་གསུམ་པ། རྫས་སྦྱོར་རིག་པ།

༡།    རྩ་རྫས་དང་རྩ་རྫས་ཀྱི་མཚོན་རྟགས་ངོ་སྤྲོད། འདུས་རྫས་དང་དེའི་གྲུབ་ཚུལ།
༢།    དབྱིབས་དང་རྣམ་པ། ཆེ་ཆུང༌། ཁ་དོག་སོགས་དངོས་པོའི་གཟུགས་འགྱུར་དང༌། རྫས་འགྱུར་གྱི་གོ་དོན་དང་དཔེ་མཚོན། མཚོན་རྟགས་ཀྱི་ལམ་ནས་རྫས་འགྱུར་གྱི་བརྒྱུད་རིམ་འབྲི་ཀློག་བྱེད་ཐབས་སྐོར།
༣།    སྐྱུར་དང༌། ཚྭ་རྒྱུ། ཚྭ་བཅས་ཀྱི་གཞི་རྩའི་གོ་དོན་དང་ཁྱད་ཆོས། རྒྱུན་སྤྱོད་རྫས་རིགས། ཚྭ་སྐྱུར་སྙོམས་ཚུལ། ངོས་འཛིན་བྱེད་ཐབས། རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་བེད་སྤྱོད་སྐོར།

སྡེ་ཚན་བཞི་པ། ཁོར་ཡུག་ཚན་རིག

༡།    འཛམ་གླིང་ནང་ཆུའི་ཐོན་ཁུངས་དང༌། ཆུའི་ཕན་ཐོགས། བཏུང་བྱའི་ཆུའི་ཁྱབ་ཚད་དང་འབོར་ཚད། ས་འོག་ཆུའི་གནས་སྟངས། རྒྱུན་གཏན་འཚོ་བའི་ཁྲོད་འཐུང་ཆུ་བདག་གཅེས་བྱེད་ཚུལ་དང་ཆུ་བེད་སྤྱོད་འོས་ འཚམས་བྱེད་ཚུལ་སྐོར།
༢།    འགྲོ་བ་མིའི་བྱེད་བབས་ལ་བརྟེན་ནས་བྱུང་བའི་ཁོར་ཡུག་འབག་བཙོག་གི་གནས་སྟངས་སྤྱི་བཤད་དང༌། ཁྱད་པར་ཆུ་དང་རླུང་གི་འབག་བཙོག་གི་འབྱུང་རྐྱེན་དང༌། དཀའ་ངལ་དེ་རིགས་སྔོན་འགོག་གི་ཐབས་ལམ། བོད་ཀྱི་ཆུའི་ཐོན་ཁུངས་ཀྱི་གནས་སྟངས། བོད་ཀྱི་ཆུའི་ཐོན་ཁུངས་ཉམས་རྒུད་བྱུང་བ་དེས་འཛམ་གླིང་གི་ཁོར་ཡུག་ལ་ཤུགས་ རྐྱེན་ཅི་ཐེབས་སྐོར།

འཛིན་རིམ་བརྒྱད་པའི་ཚན་རིག

སྡེ་ཚན་དང་པོ། སྐྱེ་དངོས་རིག་པ།
༡།    ཕྲུ་སློག་དང༌། སོན་འདེབས། ཆུ་འདྲེན། ལུད་རྒྱག བརྔ་རྡུང་སོགས་སོ་ནམ་ལས་རིགས་ཀྱི་སྤྱིར་བཏང་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ། སོ་ནམ་ཐོན་རྫས་བདག་གཉེར་དང་དོ་དམ་བྱེད་ཐབས་སྐོར།
༢།     སྲོག་ཆགས་ཕྲ་མོའི་(Microorganisms)གོ་དོན་དང༌། སྡེ་ཚན། གནས་ཡུལ། རིགས་ཚན་སོ་སོའི་ཁྱད་ཆོས་དང་ཕན་གནོད་སྐོར།
༣།    ཕྲ་ཕུང་གི་གཞི་རྩའི་སྒྲོམ་གཞི་དང་གྲུབ་ཆ། གསར་རྙེད་བྱུང་ཚུལ། བྱེད་ལས། རྩི་ཤིང་དང་སྲོག་ཆགས་ཀྱི་ཕྲ་ཕུང་གི་ཁྱད་པར་བཅས་ཀྱི་སྐོར།
༤།    སྲོག་ཆགས་ཀྱི་སྐྱེ་འཕེལ་བྱེད་ཚུལ་གྱི་རྣམ་པ་མི་འདྲ་བ་ཁག་དང༌། མཚན་ལྡན་དང་མཚན་མེད་སྐྱེ་འཕེལ་གྱི་གོ་དོན་དང་དཔེ་མཚོན། གྱེས་སྐྱེ་དང་ལོགས་སྐྱེ་སྐོར་གྱི་གོ་དོན་དང་དཔེ་མཚོན། མིའི་སྐྱེ་འཕེལ་མ་ལག་གི་གྲུབ་ཆ་དང་བྱེད་ལས།
༥།    ན་གཞོན་སྐབས་ཕོ་མོ་སོ་སོའི་ལུས་ཀྱི་འཚར་ལོངས་ལས་བྱུང་བའི་གཟུགས་དང་སྐད་གདངས་སོགས་ཀྱི་འཕོ་འགྱུར་དང༌། དེ་དག་གི་འབྱུང་རྐྱེན་སྐུལ་རྒྱུ་ཧར་མོན་གྱི་བྱེད་ལས། མངལ་ཆགས་སྐབས་ཕོ་མོའི་དབྱེ་བ་ཇི་ལྟར་བྱུང་སྟངས། ན་གཞོན་ཕོ་མོའི་སྐྱེ་འཕེལ་དབང་པོ་དང་འཕྲོད་བསྟེན་ལ་བདག་གཅེས་བྱ་ཚུལ་སྐོར།

སྡེ་ཚན་གཉིས་པ། དངོས་ཁམས་རིག་པ།
༡།    ཤུགས་ཀྱི་གོ་དོན་དང༌། སྡེ་ཚན། བྱེད་ནུས་བཅས་ངོ་སྤྲོད་དང་འབྲེལ། གནོན་ཤུགས་ཀྱི་གོ་དོན་སྤྱི་དང༌། ཁྱད་པར་གཤེར་གཟུགས་དང་རླུང་གཟུགས་ཀྱི་གནོན་ཤུགས། རླུང་ཁམས་ཁྲོད་རླུང་གི་གནོན་ཤུགས་སྐོར།
༢།    བརྡར་ཤུགས་(Friction)ཀྱི་གོ་དོན་དང༌། འབྱུང་རྐྱེན། དབྱེ་བ་མདོར་བསྡུས། ཕན་གནོད། བརྡར་ཤུགས་བཏང་འཛིན་བྱེད་ཐབས་སྐོར།
༣།    སྒྲའི་བྱུང་ཚུལ་དང་འབྱུང་རྐྱེན། སྒྲའི་འདར་རྒྱ་དང༌། འདར་ཡུན། ཟློས་ཕྱོད། བརྒྱུད་ལམ། གྲགས་ཚད་དང་སྒྲ་གདངས། སྙན་མི་སྙན། དབང་པོས་ཟིན་པའི་སྒྲ་དང་མ་ཟིན་པའི་སྒྲ། སྒྲ་འཛིན་དབང་པོ་རྣ་བའི་གྲུབ་ཆ་དང་བྱེད་ལས་སྐོར།
༥།    འོད་ཀྱི་འཁྱོག་འཕྲོའི་གོ་དོན་དང། འཇའ་ཤེལ་དང་དྭངས་ཤེལ་བརྒྱུད་ནས་འཁྱོག་འཕྲོའི་སྣང་ཚུལ་དང་དེ་དག་ལ་བརྟེན་ནས་སྣང་བརྙན་གྲུབ་ཚུལ། དྭངས་ཤེལ་གྱི་སྤྱོད་སྒོ། མིའི་མིག་གི་གྲུབ་ཚུལ་དང་བྱེད་ལས་མདོར་བསྡུས།   
༦།    འཇིག་རྟེན་ཁམས་དང་དེའི་གྲུབ་ཆ་དང་བྱུང་ཚུལ་མདོར་བསྡུས། སྐར་སྡེ་དང་དགུ་ཚིགས། རྒྱུ་སྐར་དང་ཉི་མའི་ཁྱིམ་རྒྱུད། རྒྱུ་སྐར་ཕྲ་མོ། སྐར་རྡོ། བཅོས་མའི་འཁོར་སྐར་བཅས་ཀྱི་སྐོར་ངོ་སྤྲོད་བྱ་རྒྱུ།

སྡེ་ཚན་གསུམ་པ། རྫས་སྦྱོར་རིག་པ།
༡།    བཀྲག་མདངས་དང༌། གདལ་འགྲེམས།(Malleability) ནར་སྲིང༌།(Ductility) བརྒྱུད་འཁྲིད།(Conductivity) སྲ་མཁྲེགས་བཅས་ལྕགས་རིགས་དང་ལྕགས་རིགས་མ་ཡིན་པའི་རྫས་ཀྱི་ཁྱད་ཆོས་དང༌། ལྷད་མེད་ལྕགས་རིགས། ལྕགས་རིགས་བཙོ་སྦྱང་གི་ཐབས་ལམ། ལྕགས་རིགས་དང་ལྕགས་རིགས་མ་ཡིན་པའི་དངོས་རྫས་ཀྱི་རྫས་འགྱུར་གྱི་ཁྱད་ཆོས། རྩ་ཆེའི་ལྕགས་རིགས་དང༌། བསྲེས་ལྕགས། ལྕགས་རིགས་བདག་ཉར་བྱེད་ཐབས་དང་བེད་སྤྱོད་སྐོར།
༢།    རྡོ་སོལ་དང་རྡོ་སྣུམ་གྱི་བྱུང་ཚུལ་དང༌། སྡེ་ཚན་དང་ཁྱད་ཆོས། ཐོན་བསྐྱེད་ཀྱི་བརྒྱུད་རིམ། དྭངས་གསེས་བྱེད་ཐབས་དང་བེད་སྤྱོད། སྟོང་ལ་ཉེ་བའི་ཐོན་ཁུངས་ཀྱི་གནས་སྟངས་སྐོར།
༢།    མེ་འབར་བའི་ཆ་རྐྱེན་དང༌། འབུད་རྫས། འབར་བའི་ཚ་ཚད། མེ་ལ་བཏང་འཛིན་དང་མེའི་ཉེན་ཁ་ལས་སྲུང་སྐྱོབ་དང་ཉེན་ཁ་སྔོན་འགོག་བྱེད་ཐབས་སྐོར། འབུད་རྫས་ཀྱི་རིགས་དང་ནུས་ཚད། འབུད་རྫས་གྲོན་ཆུང་བྱེད་ཚུལ།  

སྡེ་ཚན་བཞི་པ། ཁོར་ཡུག་ཚན་རིག
༡།    རྩི་ཤིང་དང་སྲོག་ཆགས་ཀྱིས་ཁོར་ཡུག་ལ་གལ་འགངས་ཆེ་བའི་ཕན་ནུས་ཐོན་ཚུལ་དང༌། ཁོར་ཡུག་འབག་བཙོག་ལ་བརྟེན་ནས་རྩི་ཤིང་དང་སྲོག་ཆགས་རྩ་སྟོང་དུ་འགྲོ་ཚུལ། ཁོར་ཡུག་སྲུང་སྐྱོབ་ཆེད་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་དགོས་པ་དང་ཐབས་ལམ། དེང་དུས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་དང་སྟོང་ལ་ཉེ་བའི་བོད་ཀྱི་སྲོག་ཆགས་དང་རྩི་ཤིང་ངོ་སྤྲོད།
༢།    འཛམ་གླིང་ནང་གནམ་གཤིས་ཀྱི་འགྱུར་ལྡོག་དང༌། ས་ཆུ་རླུང་གསུམ་གྱི་སྤུས་ཚད་ཉམས་ཞན། གོ་ལ་ཚ་འགྱུར། ནགས་ཚལ་ཉམས་ཉེས། རྩི་ཤིང་དང་སྲོག་ཆགས་རྩ་སྟོངས་སུ་འགྲོ་བའི་གནས་སྟངས་སྤྱི་དང༌། ཁྱད་པར་བོད་ཀྱི་རྩ་ཆེའི་རྩི་ཤིང་དང་སྲོག་ཆགས་རྩ་སྟོངས་སུ་འགྲོ་བཞིན་པའི་གནས་སྟངས་དང་འབྱུང་རྐྱེན་སྐོར།

༥་༤    སྤྱི་ཚོགས་ཚན་རིག

   གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བསླབ་གཞིའི་ནང་དོན་སྡེ་ཚན་གསུམ་དུ་བགོས་པ་གཤམ་གསལ།

ཀ རྒྱལ་སྤྱི་དང་རྒྱ་གར་གྱི་སྤྱི་ཚོགས་འཕེལ་རིམ།
ཁ ས་ཁམས་དང་སྲིད་དོན་ཚན་རིག
ག བོད་ཀྱི་སྤྱི་ཚོགས་འཕེལ་རིམ།

    འཛིན་རིམ་སོ་སོའི་བསླབ་གཞི་འཆར་འགོད་བྱེད་སྟངས་ནི། རྒྱལ་སྤྱི་དང་རྒྱ་གར་གྱི་སྤྱི་ཚོགས་འཕེལ་རིམ་སྐོར་བརྒྱ་ཆ་༣༠ དང༌། ས་ཁམས་དང་སྲིད་དོན་ཚན་རིག་སོགས་རྒྱུན་ཤེས་སྐོར་བརྒྱ་ཆ་༤༠ བོད་ཀྱི་སྤྱི་ཚོགས་འཕེལ་རིམ་སྐོར་བརྒྱ་ཆ་༣༠ བཅས་སུ་འཆར་འགོད་བྱས་པ་ཡིན།
    གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བསླབ་གཞིའི་ནང་བྱུང་རབས་དང་གནས་ཚུལ་བློར་འཛིན་བྱ་རྒྱུ་ཙམ་མ་ཡིན་པར། མིའི་སྤྱི་ཚོགས་དར་རྒུད་ཀྱི་རྒྱུ་རྐྱེན་ཐོག་རང་སྟོབས་ཀྱིས་བསམ་གཞིགས་དང་ལེགས་ཉེས་རྣམ་འབྱེད་ཀྱིས་ངོ་སྤྲོད་དང་མཇུག་སྡོམ་ཐུབ་པ་བྱ་དགོས།
    འཇིག་རྟེན་ཡོངས་ལ་དམིགས་བསལ་དགོས་མཁོ་ཆེ་བའི་མང་གཙོ་དང༌། རང་དབང༌། འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང༌། ཞི་བདེ། འཚེ་བ་མེད་པ། ཁོར་ཡུག་སྲུང་སྐྱོབ། སྣ་མང་མཉམ་གནས། རིག་གཞུང་གཅེས་འཛིན་སོགས་ཀྱི་ནང་དོན་གཙོ་གནད་ཅན་རྣམས་འབུར་དུ་བཏོན་ནས་བསླབ་གཞིར་འགོད་རྒྱུ།
    སློབ་ཁྲིད་ཀྱི་ཐབས་ལམ་ཡང་འཛིན་ཁང་ནང་འཆད་འཁྲིད་ཁོ་ན་ཙམ་མ་ཡིན་པར། བྱེད་སྒོ་དང༌། ཕྱི་བསྐྱོད་ལྟ་སྐོར་སོགས་དངོས་མྱོང་གི་ལས་རིམ་དམིགས་བསལ་གོ་སྒྲིག་ཡོང་ཐབས་བྱ་དགོས།
    རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྟུན་བོད་ཀྱི་རང་བྱུང་ཁོར་ཡུག་དང་ཐོན་ཁུངས། བོད་མི་རིགས་ཀྱི་འབྱུང་ཁུངས། སྤྱི་ཚོགས་འཕེལ་རིམ། བྱུང་རབས་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཁག་དང༌། དེ་དག་ལས་བྱུང་བའི་བསླབ་བྱ། དེང་དུས་བོད་ཀྱི་གནས་སྟངས་སོགས་ཆེས་ཉག་ཕྲ་བའི་དུས་སྐབས་རིང་བོད་མི་རྣམས་རང་གི་ངོས་འཛིན་དང༌། གནས་སྟངས། ལས་འགན་བཅས་ངོ་འཕྲོད་ཡོང་ཐབས་བྱ་དགོས།
    གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་གི་བསླབ་གཞིའི་ནང་དོན་སློབ་གྲྭའི་ནང་ལག་བསྟར་འཐུས་གཙང་ཡོང་ཐབས་སླད། དགེ་སློབ་གཉིས་ལ་གཞོགས་འདེགས་ཀྱི་ནུས་པ་ལྡན་པའི་ཀློག་བལྟའི་དེབ་རིགས་འདང་ངེས་གང་མྱུར་མཁོ་འདོན་བྱ་དགོས།
    གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བསླབ་གཞི་འཁྲིད་སྟོན་ཆེད་བདུན་རེར་དངོས་གཞིའི་ཚོགས་ཐུན་༦ ལས་མ་ཉུང་བ་གོ་སྒྲིག་བྱ་དགོས་ཤིང༌། བསླབ་གཞིའི་ནང་དོན་གཙོ་བོ་ཁག་ནི་གཤམ་གསལ།

དང་པོ། སྤྱི་ཚོགས་འཕེལ་རིམ་སྐོར།
༡།    བོད་ཀྱི་སྤྱི་ཚོགས་འཕེལ་རིམ་སྐོར།
    ཀ) གདོད་མའི་མིའི་རིགས་ཀྱི་བྱུང་འཕེལ་སྐོར།
    ཁ) བོད་ཡུལ་ཆགས་ཡུལ་དང་བོད་མི་བྱུང་ཚུལ། གཉའ་ཁྲི་ཡར་སྔོན་གྱི་བོད་དང༌། བོད་མིའི་འཚོ་གནས་སྐོར།
    ག) གཉའ་ཁྲི་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས།
    ང) གནའ་རབས་བོད་མིའི་རྔོན་རྒྱག་དང༌། ཞིང་འབྲོག་ལས་རིགས། དད་མོས། རིག་གནས་སྐོར།
    ཅ) སྲོང་བཙན་སྒམ་པོ་ནས་གླང་དར་མ་བར་གྱི་རྒྱལ་རྒྱུད་དང༌། དེའི་མངའ་ཁུལ་ཁྱབ་ཚད་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་གྲགས་ཆེ་བའི་སྐོར།
    ཆ) ཆོས་རྒྱལ་ཡབ་མེས་སྐབས་བོད་ཀྱི་ཆས་གོས་དང༌། སྤྱི་ཚོགས། ཁྲིམས་གཞི། ཚོང་དོན། འཚོ་ཐབས། རིག་གནས། དམག་སྡེ་བཅས་སྲིད་འབྱོར་རིག་གསུམ་གྱི་གནས་སྟངས་སྐོར།
    ཇ) བོད་སིལ་བུའི་དུས་ནས་དགའ་ལྡན་ཕོ་བྲང་བར་གྱི་སྤྱི་ཚོགས་དང༌། རིག་གཞུང༌། ཆོས་ལུགས། རྒྱལ་ཕྲན། བཟོ་རྩལ་སྐོར།
    ཉ) ས་སྐྱ་པ་ནས་དགའ་ལྡན་ཕོ་བྲང་བར་གྱི་སྲིད་སྐྱོང་རྣམས་ཀྱིས་ཆབ་སྲིད་བསྐྱངས་ཚུལ་སྐོར་གནད་བསྡུས།
    ཏ) རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་བཅུ་གཉིས་བར་གྱི་ཆོས་སྲིད་ཀྱི་གནས་ཚུལ་གནད་བསྡུས།
    ཐ) རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དང་འཕེལ་རིམ་གནད་བསྡུས།
༢།    རྒྱ་གར་གྱི་སྤྱི་ཚོགས་འཕེལ་རིམ་སྐོར།
    ཀ) གནའ་བོའི་རྒྱ་གར་གྱི་ཡུལ་གྲུ་དང་ཡུལ་མིའི་སྐོར།
    ཁ) གནའ་རབས་རྒྱ་གར་གྱི་རྒྱལ་ཕྲན་དང་སྤྱི་མཐུན་རྒྱལ་ཁབ།
    ག) ཆོས་རྒྱལ་ཨ་ཤོ་ཀ་དང་གོང་མའི་རྒྱལ་ཁམས།
    ང) གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་དང་སྒྱུ་རྩལ་རིག་གནས།
        རྒྱ་གར་གྱི་ཁང་བཟོ་དང༌། དཔེ་དེབ། བཟོ་ཚོང༌། ཞིང་འབྲོག་འཚོ་ཐབས། ཆོས་དད་དང་ལྟ་གྲུབ། སྤྱི་ཚོགས་བཅས་ཀྱི་གནས་སྟངས་གནད་བསྡུས་ངོ་སྤྲོད།
    ཅ) རྒྱལ་ཕྲན་གསར་པ་དང་ལྡི་ལི་ཁ་ཆེའི་རྒྱལ་པོ།
    ཆ) མུ་གྷལ་གོང་མའི་རྒྱལ་ཁམས།
    ཇ) དུས་རབས་བཅོ་བརྒྱད་པའི་ཨིན་ཇིའི་བཙན་འཛུལ་དང་འགོག་རྒོལ་ལས་འགུལ་སྐོར།
    ཉ) ཨིན་ཇིའི་དབང་སྒྱུར་སྲིད་བྱུས་དང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་སྐོར།

གཉིས་པ། ཆབ་སྲིད།
༡།    སྤྱིར་བཏང་རྒྱུན་ཤེས།
    ཀ) འཛམ་གླིང་ནང་མི་རིགས་དང༌། རིག་གཞུང༌། སྐྱེ་དངོས་སོགས་སྣ་མང་(Diversity)སྐོར་གྱི་ངོས་འཛིན་དང༌། ཕན་གནོད་ཀྱི་བྱེད་ནུས། དབྱེ་འབྱེད་དང་ཕྱོགས་རིས་སྤོང་བའི་གོ་རྟོགས་སྤེལ་ཐབས་སྐོར།
    ཁ) སྲིད་གཞུང་གིས་སྤྱི་མང་གི་ཁེ་ཕན་ཆེད་གཞུང་ལམ་དང༌། ཆུ་གློག སྨན་ཁང་དང་འཕྲོད་བསྟེན། འགྲིམ་འགྲུལ། བརྡ་འཕྲིན། གསང་སྤྱོད་སོགས་ཀྱི་མཐུན་རྐྱེན་སྒྲུབ་པའི་ལས་འགན་ཁག་དང༌། མི་མང་གིས་མཐུན་རྐྱེན་དེ་དག་ལ་ཚུལ་བཞིན་བེད་སྤྱོད་དང་བདག་གཅེས་བྱ་བའི་འོས་འགན་སྐོར།
    ག) གསར་འགྱུར་དང་བརྡ་འཕྲིན་བརྒྱུད་ལམ་གྱི་དབྱེ་བ་དང༌། བྱེད་ནུས། ལས་འགན། གསར་འགོད་རང་དབང་སྐོར།
    ང) སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དགོངས་བཞེད་འཇིག་རྟེན་ཡོངས་ཀྱི་འོས་འགན་ཕྲག་ཏུ་བཞེས་པའི་ལྷག་བསམ་(Universal Responsibility)སྐོར་གྱི་དགེ་ཕན་དང་ཉམས་ལེན་བྱེད་ཕྱོགས་གནད་བསྡུས།
    ཅ)  སེམས་དཔའ་ཆེན་པོ་གྷན་དྷི་དང༌། མཱར་ཊིན་ལུ་ཐར་ཀིན། ྋགོང་ས་ཏཱ་ལའི་བླ་མ་བཅུ་བཞི་པ་ཆེན་པོ་བཅས་ཀྱི་ལོ་རྒྱུས་དང་འབྲེལ་བའི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་སྙིང་དོན་དང་ཉམས་ལེན་བྱེད་ཕྱོགས་གནད་བསྡུས།
    ཆ) བོད་དོན་བདེན་མཐའ་གསལ་ཐབས་སླད་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་དགོངས་གཞིའི་སྙིང་དོན་ངོ་སྤྲོད་གནད་བསྡུས།

༢།    བོད་ཀྱི་ཆབ་སྲིད།
    ཀ)    བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བྱུང་བ་དང་སྒྲོམ་གཞི་ངོ་སྤྲོད།
    ཁ)    བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར།
    ག )   བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་བྱུང་རབས་དང་དང་བཅའ་ཁྲིམས་སྙིང་དོན།
    ང)   བཙན་བྱོལ་བོད་མིའི་ཁྲིམས་བཟོ་དང༌། འཛིན་སྐྱོང༌། ཁྲིམས་བཤེར་བཅས་ཀྱི་བརྒྱུད་རིམ་རགས་བསྡུས།
    ཅ)    བཙན་བྱོལ་བོད་མིའི་མི་འབོར་དང༌། ཤེས་ཡོན། འཚོ་ཐབས། འཕྲོད་བསྟེན་སོགས་ཀྱི་འཕེལ་རིམ་དང་གནས་བབ།

༣།    རྒྱ་གར་གྱི་ཆབ་སྲིད།
    ཀ)    སྲིད་གཞུང་གི་གོ་དོན་དང་མང་གཙོའི་གཞུང་གི་གྲུབ་ཆའི་སྐོར།
    ཁ)    རྩ་ཁྲིམས་ཀྱི་བྱུང་རིམ་དང་སྙིང་དོན་ངོ་སྤྲོད།
    ག)    མང་གཙོའི་ཀ་བ་གསུམ་གྱི་བྱུང་རིམ་དང་བྱེད་ནུས། ལས་དོན་བྱེད་ཕྱོགས་གནད་བསྡུས།
    ང)    གྲོང་ཁྱེར་དང་གྲོང་གསེབ་(པན་ཅཡ་ཏི། རཱཅ)འཛིན་སྐྱོང་བྱེད་སྟངས་སྐོར།
    ཅ)    གོ་ལ་གཅིག་གྱུར་གྱི་གོ་དོན་དང༌། ནང་གསེས། རྒྱལ་སྤྱིའི་ནང་གོ་ལ་གཅིག་གྱུར་གྱི་གནས་སྟངས་སྤྱི་དང་དེས་རྒྱ་གར་གྱི་དཔལ་འབྱོར་ལ་ཕན་གནོད་ཅི་ཡོད་སྐོར།
    ཆ)    དབུལ་ཕོངས་དང༌། ཆོས་ལུགས་ཀྱི་རྩོད་རྙོག ས་ཁུལ་གྱི་ཕྱོགས་རིས། ཕོ་མོ་དང་རིགས་རུས་ཀྱི་དབྱེ་འབྱེད། ལྐོག་ཟ་རུལ་སུངས། ཡིག་རྨོངས། མི་འབོར། འཐུང་ཆུ། སྤྱི་མང་འཕྲོད་བསྟེན་སོགས་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཁག་ངོས་འཛིན་དང༌། དེ་དག་ལ་གདོང་ལེན་བྱེད་ཕྱོགས།

གསུམ་པ། ས་ཁམས་རིག་པ།
༡།    སྤྱིར་བཏང་རྒྱུན་ཤེས།
    ཀ)    སའི་གོ་ལའི་འཁོར་བསྐྱོད་དང༌། འཕྲེད་ཐིག་དང་གཞུང་ཐིག ས་ཁུལ་མི་འདྲ་བའི་ཆུ་ཚོད་བརྩི་ཚུལ། ཉིན་མཚན་དང་དུས་ཚིགས་ཀྱི་བྱུང་ཚུལ།
    ཁ)    ས་ཁྲའི་གོ་དོན་དང༌། སྡེ་ཚན། ཕན་ཐོགས་བཅས་ངོས་འཛིན་དང༌། ས་ཁྲ་མི་འདྲ་བ་བལྟ་ཀློག་བྱ་ཚུལ།
    ག)   སའི་གོ་ལའི་གྲུབ་ཆ་གཙོ་བོ་དང་སྐྱེ་ཁམས་ཁོར་ཡུག་ངོ་སྤྲོད།
    ང)   སའི་གོ་ལའི་ནང་རོལ་གྱི་གྲུབ་ཚུལ་དང༌། སའི་གོ་ལའི་ཕྱི་ནང་གི་འགྱུར་ལྡོག་སྐོར།
    ཅ)    སའི་གོ་ལའི་རང་བྱུང་ཐོན་ཁུངས། བཟོ་གྲྭ་དང་གཏེར་རྫས། མི་དང་རང་བྱུང་ནུས་ཁུངས་སྐོར།
    ཆ)    འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དང་དེར་གདོང་ལེན་བྱེད་ཕྱོགས།
    ཇ)    རང་བྱུང་གནོད་འཚེ་དང་མིས་བཟོས་པའི་གནོད་འཚེ་རིགས་ཀྱི་འབྱུང་རྐྱེན་དང༌། མྱུར་སྐྱོབ། སྔོན་འགོག གྲ་སྒྲིག་བཅས་ཀྱི་ཐབས་ལམ་སྐོར།
    ཉ)    སའི་གོ་ཀའི་གནམ་གཤིས་དང༌། ས་ཁུལ་མི་འདྲ་བའི་གནམ་གཤིས་གནས་སྟངས་སྐོར།
    ཏ)    རྩྭ་ཐང་དང་ནགས་ཚལ། རྩྭ་ཐང་བྱེ་འགྱུར་སྐོར།
    ཐ)    གོ་ལ་ཚ་འགྱུར་གྱི་དཀའ་ངལ་དང་དེར་གདོང་ལེན་བྱེད་ཕྱོགས་སྐོར།

༢།    བོད་ཀྱི་ས་ཁམས་དང་ཁོར་ཡུག་སྐོར།

    ཀ)    བོད་ཀྱི་ཆགས་ཚུལ་དང༌། གྲོང་ཁྱེར། དགོན་སྡེ། རི་ཆུ། ཐོན་ཁུངས། འགྲིམ་འགྲུལ་སོགས་ཀྱི་གནས་སྟངས་ས་ཁྲ་དང་འབྲེལ་ངོ་སྤྲོད་གནད་བསྡུས།
    ཁ)    བོད་ཀྱི་ཞིང་འབྲོག་ལས་རིགས་དང་འཚོ་ཐབས་སྐོར།
    ག)    བོད་ཀྱི་ཁོར་ཡུག་གི་ཛ་དྲག་རང་བཞིན་དང་གཞིས་བྱེས་བོད་མིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྐོར།
    ང)    བོད་ཀྱི་རྩ་ཆེའི་རི་དྭགས་དང་ཐོན་ཁུངས་སྐོར།

༣།    རྒྱ་གར་གྱི་ས་ཁམས་དང་ཁོར་ཡུག་སྐོར།
    ཀ)    ང་ཚོའི་གནས་ཡུལ་རྒྱལ་ཁབ་རྒྱ་གར་གྱི་མངའ་སྡེ་དང་དབུས་སྐྱོང་ས་ཁུལ། ས་ཁུལ་མི་འདྲ་བའི་དམིགས་བསལ་ཁྱད་ཆོས་སྐོར།
    ཁ)    རྒྱ་གར་གྱི་ས་བབ་ཆགས་ཚུལ་དང་རི་ཆུ་གྲགས་ཅན། གནམ་གཤིས་གནས་སྟངས་དང་འབྱུང་རྐྱེན་སྐོར།
    ག)   རྒྱ་གར་གྱི་རང་བྱུང་ཐོན་ཁུངས་དང༌། བཟོ་ཞིང་ཐོན་ཁུངས། འགྲིམ་འགྲུལ་སོགས་ཀྱི་གནས་སྟངས།

༥་༥    འཕྲོད་བསྟེན་དང་ལུས་སྦྱོང༌།

     དེང་གོ་ལ་གཅིག་གྱུར་དང་བག་མེད་ལོངས་སྤྱོད་ཀྱི་རྗེས་སུ་འབྲངས་པའི་རླུང་འཚུབ་ཤུགས་ཆེར་ལྡང་བཞིན་པའི་གནས་སྟངས་འོག མིའི་རང་བཞིན་གྱི་ཟས་སྤྱོད་དང༌། རང་བྱུང་དང་སྤྱི་ཚོགས་ཁོར་ཡུག་འབག་བཙོག་ལས་བྱུང་བའི་ནད་ཡམས་དང༌། སེམས་ཀྱི་དཀའ་ངལ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་ཆེད་སྲོལ་རྒྱུན་གྱི་སྒོམ་ བཟླས་དང༌། དབུགས་སྦྱོང༌། ཁྲུས་རིགས། སྐུ་མཉེ། བྱུག་པ་སོགས་རང་བྱུང་ངམ་རང་བཞིན་གྱི་བཅོས་ཐབས་སྣ་ཚོགས་གཞི་རིམ་སློབ་གྲྭའི་བསླབ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།
    དེ་བཞིན་ཉིན་ཞག་ཕྲུགས་གཅིག་གི་འགྲོ་འཆག་ཉལ་འདུག་དང༌། ལས་རྩོལ། ཀུན་སློང་དང་ཟས་སྤྱོད་བསྟེན་ཚུལ་སོགས་འཕྲོད་བསྟེན་དང་མཐུན་པའི་གོམས་གཤིས་བཟང་པོ་འཇགས་ཐབས་ཀྱི་རྒྱུན་ཤེས་མཁོ་སྤྲོད་བྱ་རྒྱུ།
    སློབ་ཕྲུག་རྣམས་དུས་གསེང་སྐབས་སུ་བག་མེད་ཀྱི་གཤིས་སྤྱོད་ངན་གོམས་སུ་མི་འགྲོ་ཆེད། སློབ་གྲྭའི་ནང་སློབ་ཕྲུག་གི་ལོ་ན་དང་ས་གནས་སོ་སོའི་མཐུན་རྐྱེན་ལ་གཞིགས་པའི་ལུས་སྦྱོང་གི་ཡོ་ཆས་དང་ཆ་རྐྱེན་འདང་ངེས་བསྐྲུན་དགོས་པ་དང་ཆབས་ཅིག ད་ཡོད་རྩེད་ཆས་དང་མཐུན་རྐྱེན་རྣམས་བཀོལ་སྤྱོད་གང་ལེགས་བྱེད་པ། རྩལ་འགྲན་དང་རྩེད་མོའི་རིགས་དོན་སྙིང་ལྡན་ཞིང་སྤྲོ་བ་འདྲེན་པ་བཅས་དགོས།
    སློབ་གྲྭའི་ནང་སློབ་ཕྲུག་བུ་མོ་རྣམས་ལ་དམིགས་བསལ་འོས་འཚམས་ཡོད་པའི་ལུས་སྦྱོང་གི་མཐུན་རྐྱེན་མཁོ་སྒྲུབ་བྱས་ཏེ། ལུས་སྦྱོང་དང་རྩེད་མོའི་རིགས་སློབ་ཕྲུག་བུ་དང་བུ་མོ་དོ་མཉམ་དགོས་པ་མ་ཟད། བུ་མོ་རྣམས་ཀྱི་ལུས་སྦྱོང་དང་འཕྲོད་བསྟེན་ཐོག་དམིགས་བསལ་ཐུགས་སྣང་དགོས་རྒྱུ།
    ལུས་རྩལ་རྩེད་འགྲན་གྱི་དམིགས་ཡུལ་ནི་རྒྱལ་ཕམ་གྱི་ཆེད་དུ་མ་ཡིན་པར། མིའི་ལུས་ཕུང་གི་བྱེད་ནུས་གོང་ནས་གོང་དུ་སྤེལ་རྒྱུ་དང༌། ཚོགས་སྡེའམ་སྤྱི་ཚོགས་ཕན་ཚུན་མཛའ་མཐུན་གོང་སྤེལ། ཞི་བདེ། མཉམ་འབྲེལ་བཅས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་སྟབས། དུས་རྒྱུན་རྩེད་འགྲན་སྐབས་རྩལ་འགྲན་གྱི་སྒྲིག་ཁྲིམས་བརྩི་སྲུང་ཡོང་བར་དམིགས་བསལ་ཤུགས་སྣོན་གྱིས་སློབ་ཕྲུག་རྣམས་ནས་སྤྱི་ཁྲིམས་ལ་བརྩི་བཀུར་ཡོང་བའི་གོམས་གཤིས་བཟང་པོ་འཇགས་ཐབས། འཚེ་བ་དང་དྲག་ཤུགས་ཀྱི་ཀུན་སྤྱོད་གཏན་དུ་སྤོང་བ། རྒྱལ་ཕམ་གང་བྱུང་ཡང་རང་ཉིད་དང་ཕ་རོལ་ཐོག་ངོས་འཛིན་དང་རྣམ་འགྱུར་ཡང་དག་སྟོན་པ། རྩེད་འགྲན་ནང་ཞུགས་མཁན་ཡོངས་ཀྱི་ཆེ་མཐོང་ལ་བརྩི་བཀུར་དང༌། རྩེད་འགྲན་གྱི་སྙིང་སྟོབས་དང་འབད་རྩོལ་ལ་བསྔགས་བརྗོད་དང་ཡི་རང་བཅས་རྩེད་འགྲན་གྱི་གཞི་རིམ་དམིགས་ཡུལ་ཁག་ལེགས་འགྲུབ་ཡོང་ཐབས་བྱ་དགོས།
    འཕྲོད་བསྟེན་དང་ལུས་སྦྱོང་བསླབ་གཞི་འཁྲིད་སྟོན་ཆེད་བདུན་རེར་དངོས་གཞིའི་ཚོགས་ཐུན་༢ ལས་མ་ཉུང་བ་དགོས་པའི་ཁར། སྔ་དགོང་སོགས་ཀྱི་དུས་ཚོད་གང་མང་གོ་སྒྲིག་བྱ་དགོས།
    གཞི་རིམ་བར་མའི་འཕྲོད་བསྟེན་དང་ལུས་སྦྱོང་གི་བསླབ་གཞིའི་ནང་དོན་གཙོ་བོ་ཁག་ནི།

  • རྒྱུན་གཏན་ཟས་སྤྱོད་བསྟེན་ཚུལ་འཕྲོད་བསྟེན་དང་མཐུན་པ་ཡོང་སླད། དུས་རྒྱུན་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཚུལ་མཐུན་ཡོང་ཐབས་དང༌། བཟའ་བཏུང་སྤྱོད་སྟངས། ཟས་རིགས་ཀྱི་འཚོ་བཅུད་དང་བྱེད་ནུས། ཟས་སྤྱོད་ཚུལ་བཞིན་མ་བསྟེན་པའམ། མྱོས་རྫས་དང་སྟོབས་སྨན་སོགས་དུས་གཏན་དུ་སྤོང་ཐབས་སློབ་སྟོན་བྱས་པ་བརྒྱུད། སློབ་ཕྲུག་ཚོའི་འཕྲོད་བསྟེན་གྱི་རྒྱུན་ཤེས་དང༌། མི་སྒེར་གྱི་འཕྲོད་བསྟེན་དང་གོམས་གཤིས་ཡར་རྒྱས་ཡོང་ཐབས་བྱ་རྒྱུ།
  • སློབ་ཕྲུག་ཚོའི་ལུས་ཕུང་བདེ་ཐང་ཡོང་སླད། ཞོགས་པའི་དུས་སུ་སློབ་ཕྲུག་གི་འཚར་ལོངས་ལ་ཕན་པའི་ལུས་སྦྱོང་འོས་འཚམས་རེ་ཆག་མེད་གོ་སྒྲིག་བྱ་དགོས།
  • སློབ་གྲྭའི་དུས་གསེང་རྣམས་སུ་སློབ་མ་ཚོའི་སེམས་ཀྱི་གནོན་ཤུགས་སེལ་སླད་སྤྲོ་སྣང་ལྡན་པའི་ལུས་སྦྱོང་དང༌། འགུལ་བསྐྱོད། རྩེད་རིགས་སོགས་གང་མང་གོ་སྒྲིག་བྱ་དགོས།
  • མིའི་ལུས་ཕུང་གི་བྱེད་ནུས་ཡོངས་རྫོགས་འདོན་སྤེལ་བྱ་ཆེད། དབང་པོ་དང་གཟུགས་ཕུང་འགུལ་རྩོལ་མཉམ་འབྲེལ་གྱི་བྱེད་ནུས་དང༌། ལུས་སྦྱོང་དང་རྩེད་མོའི་རིགས་རྣམས་རྨང་གཞི་ནས་བཟུང་མཐོ་རིམ་བར་གོམ་པ་རིམ་བགྲོད་ཀྱིས་འཁྲིད་སྟོན་བྱ་དགོས།
  • ལུས་སྦྱོང་དང་རྩེད་མོ། རྩེད་འགྲན་བཅས་ནི་ལུས་ཀྱི་རྩོལ་བའི་བརྒྱུད་རིམ་ཙམ་དུ་མ་ཟད། སློབ་ཕྲུག་ཚོའི་གནས་ཚུལ་ངོས་འཛིན་དང༌། དབྱེ་ཞིབ། ཐག་གཅོད་བཅས་ཀྱི་བསམ་བློའི་ནུས་པ་སྐྱེད་སྲིང་བྱེད་པའི་སྦྱོང་བརྡར་ཞིག་ཀྱང་ཡིན་པར་བརྟེན། དུས་རྒྱུན་སློབ་སྟོན་སྐབས་སུ་དམིགས་ཡུལ་དེ་དག་དམ་འཛིན་བྱ་དགོས།
  • སློབ་ཕྲུག་རྣམས་ཀྱི་ལུས་སེམས་སྦྱོང་བརྡར་གྱི་བྱེད་སྒོའི་སྐབས་སུ་དེང་རབས་ཀྱི་ཐབས་ལམ་ཙམ་དུ་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་བྱུང་བའི་སྒོམ་བཟླས་དང༌། ཡོག དབུགས་སྦྱོང༌། ཁྲུས་རིགས། སྐུ་མཉེ། བྱུག་པ་སོགས་རང་བྱུང་ངམ་རང་བཞིན་གྱི་བཅོས་ཐབས་རྣམས་གལ་གནད་ཆེན་པོར་བརྩིས་ ཏེ་སློབ་སྟོན་བྱ་དགོས།
  • ལུས་སྦྱོང་དང་རྩེད་མོས་གཙོས་པའི་དུས་རྒྱུན་འགུལ་བསྐྱོད་སྐབས་རྨས་སྐྱོན་མི་འབྱུང་བའི་སྔོན་འགོག་བྱེད་ཐབས་ལམ་སྟོན་གནད་སྨིན་བྱེད་པ་དང་འབྲེལ། རྨས་སྐྱོན་བྱུང་སྐབས་མྱུར་མགྱོགས་བཅོས་ཐབས་སྐོར་གྱི་རྒྱུན་ཤེས་དང་ལག་ལེན་སློབ་སྟོན་བྱ་དགོས།
  • གཞི་རིམ་བར་མའི་འཕྲོད་བསྟེན་དང་ལུས་སྦྱོང་སློབ་ཚན་ལ་རྟོག་ཞིབ་བྱེད་སྐབས། དུས་ཚོད་ཐུང་ངུ་ཞིག་གི་ནང་སློབ་ཕྲུག་སོ་སོའི་ལུས་སེམས་ཀྱི་གནས་ཚད་ལ་ཆ་འཇོག་མི་བྱེད་པར། རྒྱུན་མཁོའི་ཤེས་བྱ་དང་ལག་ལེན་གྱི་ནུས་རྩལ། དུས་རྒྱུན་གྱི་སྤྲོ་བ་དང་འཛུལ་ཞུགས་སོགས་ཕྱོགས་ཡོངས་ལ་རྒྱུན་བསྟུད་ཀྱིས་རྟོག་ཞིབ་བྱ་བའི་རྩ་དོན་དམ་འཛིན་བྱ་དགོས།

    གཞི་རིམ་བར་མའི་འཛིན་རིམ་སོ་སོའི་འཕྲོད་བསྟེན་དང་ལུས་སྦྱོང་བསླབ་གཞིའི་ནང་དོན་གཤམ་གསལ།

འཛིན་རིམ་དྲུག་པའི་འཕྲོད་བསྟེན་དང་ལུས་སྦྱོང༌།

ཀ)    རྣལ་འབྱོར་གྱི་ཡན་ལག་བརྒྱད་ལས་སྔ་མ་བཞི་ངོ་སྤྲོད།
    ༡།    གོ་དོན་འགྲེལ་བཤད།
    ༢།    སྤང་བྱ།(ཡམ) ཁྲིམས།(ནི་ཡམ) ལུས་སྦྱོང༌།(ཨ་སན) དབུགས་སྦྱོང་།(པྲན་ཡམ)བཅས་སྐོར་སློབ་སྟོན་དང་སྦྱོང་བརྡར་བྱ་རྒྱུ།
    ༣།    དབུགས་སྦྱོང་སྐབས་ཀྱི་འཛེམ་བྱ་དང་མན་ངག་སློབ་སྟོན།
    ༤།    ཕྱི་ནང་གི་ལུས་རྩལ་ཚོགས་སྡེ་དང༌། སྒྲིག་འཛུགས་ཁག་གི་བསྡུས་མིང་ངོ་སྤྲོད།
    ༥།    འགུལ་བསྐྱོད་སློབ་སྟོན་(Movement Education)དང་མཉམ་འབྲེལ་སྦྱོང་བརྡར།ས(Co-ordination Development)
    ༦།    སྤྲོ་གསེང་གི་བྱེད་སྒོ་གཞན།
ཁ)    མི་སྒེར་གྱི་བདེ་ཐང་དང་འཕྲོད་བསྟེན་སྐོར།
    ༡།    གོ་དོན་འགྲེལ་བརྗོད།
    ༢།   མི་སྒེར་གྱི་བདེ་ཐང་དང་འཕྲོད་བསྟེན་གྱི་ཞིབ་ཕྲའི་ནང་དོན་སློབ་སྟོན།
    ༣།    ངལ་གསོ་དང་གཉིད་ཉལ་བའི་དགོས་གལ་ངོ་སྤྲོད།
    ༤།    ལུས་ཕུང་དང་དབང་པོའི་བྱེད་ལས་ངོ་སྤྲོད།
    ༥།    མིའི་ཀླད་པའི་ཆ་ཤས་དང་བྱེད་ལས་གཙོ་བོ་ངོ་སྤྲོད།
    ༦།    མིའི་གཟུགས་པོའི་ཆ་ཤས་གཞན་དང༌། དེ་དག་གི་བྱེད་ལས་ངོ་སྤྲོད།
ག)     ལུས་སྦྱོང༌།
    ༡།   དབང་ཤེས་དང་འགུལ་བསྐྱོད་སྐྱེན་པོ་ཡོང་ཐབས་ཀྱི་སྦྱོང་བརྡར།
    ༢།   པུས་མོ་དང་བརླ་རྐང་གི་འགུལ་བསྐྱོད་སྦྱོང་བརྡར།
    ༣།   རྐང་ལག་བཞིའི་ཐོག་འགྲོ་བསྐྱོད་སྦྱོང་བརྡར།
    ༤།    སྒལ་ཚིགས་ཀྱི་ལུས་སྦྱོང༌།
ང)     ལུས་རྩལ་དང་རྩེད་མོའི་སྐོར་གྱི་རྒྱུན་ཤེས་ངོ་སྤྲོད།

འཛིན་རིམ་བདུན་པའི་འཕྲོད་བསྟེན་དང་ལུས་སྦྱོང༌།

ཀ)     གོ་དོན་ངོ་སྤྲོད།
    ༡། མི་སྒེར་གྱི་འཕྲོད་བསྟེན།
        གོ་དོན་དང༌། ཁྱབ་ཚད། ལུས་ཀྱི་ཆ་ཤས་དང་དབང་པོ་སོ་སོར་བདག་གཅེས་བྱེད་ཚུལ་སྐོར།
    ༢། ལུས་སྦྱོང་གི་སློབ་སྟོན།
        གོ་དོན་དང༌། གལ་ཆེའི་རང་བཞིན། ལུས་སྦྱོང་གི་ཁེ་ཕན་སོགས་ངོ་སྤྲོད།
ཁ)    འཕྲོད་བསྟེན་དང་ཁོར་ཡུག་སྐོར།

    ༡། རང་ཉིད་ཀྱི་སྤྱི་ཚོགས་དང་ཁོར་ཡུག་སྐོར།
    ༢། གསང་སྤྱོད་ཚུལ་བཞིན་བེད་སྤྱོད་བྱེད་ཚུལ་སྐོར།
    ༣། གད་སྙིགས་རགས་པས་ཁོར་ཡུག་ལ་གནོད་ཚུལ་སྐོར།
ག)    ནད་ཡམས།
    ༡། རྒྱུན་ལྡན་ནད་ཡམས་རིགས་ཀྱི་རྒྱུ་རྐྱེན་དང༌། འགོས་ནད་དང་འགོས་ནད་མིན་པའི་རིགས་ངོ་སྤྲོད།
ང)   བདེ་འཇགས་དང་མྱུར་སྐྱོབ།
    ༡། གོ་དོན་དང༌། དམིགས་ཡུལ། བྱེད་ཐབས། དུས་རྒྱུན་རྨས་སྐྱོན་ཕོག་སྐབས་མྱུར་སྐྱོབ་བྱེད་ཐབས།
ཅ)    སྒྲིག་ཁྲིམས་ངོ་སྤྲོད།
    ༡། ས་གནས་སོ་སོའི་དམིགས་བསལ་ལུས་རྩལ་སྐོར་གྱི་སྒྲིག་ཁྲིམས་ངོ་སྤྲོད།
    ༢། ཡོངས་ཁྱབ་རྩེད་འགྲན་ཁག་གི་སྒྲིག་ཁྲིམས་དང་འཇལ་ཚད་ངོ་སྤྲོད།
    ༣། རྒྱུན་སྤྱོད་ལུས་རྩལ་སྐབས་ཀྱི་ཐབས་ཇུས་དང་ནུས་རྩལ་གོང་སྤེལ།
    ༤། ལུས་རྩལ་དང་རྩེད་རིགས་གཞན་ལ་དགོས་ངེས་ཀྱི་ལུས་སེམས་ཀྱི་ཆ་རྐྱེན་ངོ་སྤྲོད།
ཆ)     རྣལ་འབྱོར་གྱི་ཡན་ལག་བརྒྱད་ལས་ཕྱི་མ་བཞི་ངོ་སྤྲོད།
    ༡། ཡོ་གའི་ཕན་ཡོན་དང༌། རྩེད་སྟངས་རྣམ་པ་མཐའ་མ་བཞི་ངོ་སྤྲོད།
    ༢། དབང་པོའི་སྒོ་སྡོམ་ཚུལ་(པྲཧྱཧར)་དང༌། འཇོག་སྒོམ།(ད་རན)། བསམ་གཏན།(དྱན)། ཏིང་ངེ་འཛིན་(སཱ་མ་དི་)བཅས་ཡོ་གའི་སྔོན་འགྲོའི་ཤེས་བྱ་ངོ་སྤྲོད་དང་སྦྱོང་བརྡར།

འཛིན་རིམ་བརྒྱད་པའི་འཕྲོད་བསྟེན་དང་ལུས་སྦྱོང༌།

ཀ)    འཕྲོད་བསྟེན་ཤེས་བྱ།
    ༡། ཟས་བཅུད་མ་འདང་བའི་གནས་སྟངས་ངོ་སྤྲོད།
    ༢། ཟས་བཅུད་མ་འདང་བའི་རྒྱུ་རྐྱེན་སྐོར།
    ༣། ཟས་བཅུད་མ་འདང་བའི་མཇུག་འབྲས།
    ༤། ཟས་བཅུད་དོ་མཉམ་པའི་བཟའ་བཅའ།
    ༥། ཟས་བཅུད་དོ་མཉམ་པའི་བཟའ་བཅའ་འདེམས་ཚུལ།
ཁ)    སྲོལ་རྒྱུན་ལུས་སྦྱོང༌།
    ༡། རྣལ་འབྱོར་གྱི་ཡན་ལག་བརྒྱད་ཉམས་ལེན་ཚད་ལྡན་ཡོང་ཐབས་ཀྱི་སློབ་སྟོན་དང་སྦྱོང་བརྡར།
    ༢། སེམས་ཞི་བར་བཅོས་ཐབས་ཀྱི་སྲོལ་རྒྱུན་སྒོམ་བཟླས་ཀྱི་ཐབས་ལམ་སྟབས་བདེ་གང་རུང་ངོ་སྤྲོད་དང་སྦྱོང་བརྡར།
    ༣། ལུས་ངལ་གསོ་བའི་སྒོམ་དང་སྐུ་མཉེ་ཡི་ཐབས་རྩལ་སྦྱོང་བརྡར།
ག)    ལུས་སྦྱོང་སློབ་སྟོན།
    ༡། འགུལ་བསྐྱོད་སློབ་སྟོན་དང༌། དབང་པོ་དང་ཤ་གནད་འགུལ་རྩོལ་མཉམ་འབྲེལ་གྱི་སྦྱོང་བརྡར་རིམ་ཅན་དུ་བྱ་རྒྱུ།
    ༢། ལུས་རྩལ་སྐབས་རྨས་སྐྱོན་འགོག་ཐབས་སླད་མཐུན་རྐྱེན་བཀོལ་སྤྱོད། རྩེད་ཐང་སྙོམས་བཟོ། ལུས་རྩལ་གྱི་སྟ་གོན་སོགས་འབྲེལ་ཡོད་བྱེད་སྒོ་གོ་སྒྲིག་བྱེད་སྟངས་བཅས་ངོ་སྤྲོད།
ང)    སྤྱི་ཚོགས་དང་མི་སྒེར་གྱི་འཕྲོད་བསྟེན།
    ༡། སྤྱི་ཚོགས་འཕྲོད་བསྟེན་གྱི་དཀའ་ངལ་དང༌། དེའི་རྒྱུ་རྐྱེན་ཁག
    ༢། སྤྱི་ཚོགས་འཕྲོད་བསྟེན་གྱི་དཀའ་ངལ་སྔོན་འགོག་དང་བཏང་འཛིན་བྱེད་ཐབས།
    ༣། མི་སྒེར་གྱི་ལུས་སེམས་ཀྱི་འཕྲོད་བསྟེན་སྐོར་དང༌། དེ་འབྲེལ་ཁྱིམ་ཚང་དང་སྤྱི་ཚོགས་འཕྲོད་བསྟེན་གྱི་གལ་ཆེའི་རང་བཞིན།
    ༤། ཐ་མག་དང་མྱོས་རྫས་ཀྱི་ཉེས་དམིགས་གསལ་བཤད་དང་གོ་རྟོགས་སློབ་གསོ།
ཅ)    ལུས་རྩལ་དང་རྩེད་མོའི་སྐོར་གྱི་རྒྱུན་ཤེས་ངོ་སྤྲོད།
    ༡། མཆོང་རྒྱུག་འཕེན་གསུམ་གྱིས་གཙོས་པའི་སྤྱིར་བཏང་ལུས་རྩལ་རིགས་ཀྱི་སྒྲིག་ཁྲིམས་དང༌། འཇལ་ཚད། ཐབས་རྩལ་སོགས་རྒྱུན་ཤེས་སློབ་སྟོན།
    ༢། ཨོ་ལིམ་པིཀ་དང་རྒྱལ་སྤྱིའི་རྩེད་མོ་གྲགས་ཅན་ཁག་གི་ལོ་རྒྱུས་དང་ཁྱད་ཆོས་གནས་སྟངས་ངོ་སྤྲོད།

༥་༦    ཟློས་གར།

    ཟློས་གར་ནི་གླུ་གཞས་དང༌། བྲོ་གར། རོལ་དབྱངས་སོགས་འཁྲབ་སྟོན་སྒྱུ་རྩལ་གྱི་ཁོངས་སུ་འདུས་ཤིང༌། བོད་ཀྱི་སྲོལ་རྒྱུན་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་ཡིན་ལ། དེ་ནི་སྔོན་བྱུང་གཏམ་རྒྱུད་དང་ལོ་རྒྱུས་སོགས་ཀྱི་ནང་གསལ་བའི་མི་སྣ་དང་ལྷ་འདྲེ་སོགས་མཚོན་པའི་གཟུགས་སུ་བྱས་ཏེ་གླུ་ལེན་པ་དང་བསམ་པའི་རྣམ་འགྱུར་སྣ་ཚོགས་ལ་ལད་ཟློས་ཀྱི་གར་བྱེད་པ་ལ་ཟློས་གར་ཞེས་གྲགས་ཤིང༌། མི་རིགས་ཀྱི་གོམས་གཤིས་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱེད་ནུས་ཁྱད་པར་ཅན་ལྡན་ཡོད།
    གཞི་རིམ་བར་མའི་ཟློས་གར་བསླབ་གཞིའི་ནང་སྐབས་བབ་བྱིས་པའི་མོས་ཁམས་དང་འཚམས་པའི་བོད་ཀྱི་སྲོལ་རྒྱུན་གྱི་ནང་མ་སྟོད་གཞས་དང༌། གར་གླུ། བྲོ་གར། གཏམ་རྒྱུད། རྣམ་ཐར་ཁག་དང༌། ལྷ་མོའི་འཁྲབ་གཞུང་ཟུར་འདོན་བཅས་ངོ་སྤྲོད་དང་འཁྲབ་ཁྲིད་བྱས་པ་བརྒྱུད། སློབ་མ་ཚོར་རྒྱ་ཆེ་ལ་གཏིང་ཟབ་པའི་བོད་ཀྱི་རིག་གཞུང་ཐོག་དགའ་སྤོབས་བསྐྱེད་པ་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་གོམས་གཤིས་བཟང་པོ་རྒྱུན་འཛིན་དར་སྤེལ་གཏོང་བའི་བྱེད་ནུས་འདོན་སྤེལ་བྱ་དགོས།
    ཟློས་གར་གྱི་བསླབ་གཞི་འཁྲིད་སྟོན་ཆེད་བདུན་རེར་དངོས་གཞིའི་ཚོགས་ཐུན་༢ ལས་མ་ཉུང་བ་དགོས་པའི་ཁར། སྔ་དགོང་དང་དུས་ཆེན་སོགས་སུ་སྦྱོང་བརྡར་དང་འཁྲབ་སྟོན་གྱི་གོ་སྐབས་གང་མང་བསྐྲུན་དགོས།
    གཞི་རིམ་བར་མའི་ཟློས་གར་བསླབ་གཞིའི་ནང་དོན་གཙོ་བོ་ཁག་ནི་གཤམ་གསལ།

  • བོད་ཀྱི་སྲོལ་རྒྱུན་གྱི་ནང་མ་དང་སྟོད་གཞས། ཟློས་གར་གྱི་འཁྲབ་གཞུང་གི་ཁྱད་ཆོས་ངོ་སྤྲོད་དང་དེ་དག་ལས་ལེའུ་རེ་ཟུར་འདོན་གྱི་འཁྲབ་ཁྲིད་བྱ་རྒྱུ།    
  • བོད་ཀྱི་གནའ་བོའི་གླུ་གར་དང་འཁྲབ་སྟོན་ སྒྱུ་རྩལ་རྣམས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེ་བར་བརྟེན། དེ་དག་གི་སློབ་སྦྱོང་དང་འཁྲབ་སྟོན་སྐབས་བསྲེས་ལྷད་དང་བཟོ་བཅོས་སོགས་ནམ་ཡང་ མི་བྱེད་པར་དམིགས་བསལ་ཐུགས་གཟབ་དགོས་རྒྱུ།
  • སློབ་ཕྲུག་ཚོའི་དགའ་མོས་དང་ལྷན་སྐྱེས་ཀྱི་ཁྱད་ནུས་གཞིར་བཟུང་སློབ་སྟོན་འོས་འཚམས་བྱས་པ་བརྒྱུད། ཁོ་ཚོ་ཟློས་གར་ཐོག་དགའ་ཞེན་གྱི་བློ་གོང་སྤེལ་དང༌། རང་གི་ཁྱད་ནུས་རྩལ་འདོན་བྱ་བའི་གོ་སྐབས་དང་མཐུན་རྐྱེན་བསྐྲུན་ཏེ་རིགས་གཅིག་རྐང་འཛིན་ཐོག་བསྐྱོད་ཐུབ་པའི་ལམ་སྟོན་བྱ་དགོས།
  • བོད་ཀྱི་ཐུན་མོང་མ་ཡིན་པའི་གོམས་གཤིས་བཟང་པོ་རྒྱུན་འཛིན་དང་ཡ་རབས་བསླབ་བྱ་སྤྲོད་ཐབས་སླད་སློབ་གྲྭའི་ནང་དུས་རྒྱུན་དུ་དགོད་བྲོ་གཏམ་གླེང་དང་གཏམ་བརྗོད་ཐུང་ངུ་སོགས་གང་མང་གོ་སྒྲིག་བྱ་རྒྱུ།     
  • བརྙན་འཕྲིན་བརྒྱུད་བོད་ཀྱི་ཡུལ་ལུང་རིས་མེད་ཀྱི་སྲོལ་རྒྱུན་གཞས་སྣ་དང་ཞབས་བྲོ་གྲགས་ཅན་ཁག་ལ་ལྟ་བ་དང་ཉན་པ། སྦྱོང་བའི་གོ་སྐབས་དང་ཆ་རྐྱེན་གང་ལེགས་བསྐྲུན་ཏེ། སློབ་ཕྲུག་ཚོར་ཉམས་འགྱུར་ཕུན་སུམ་ཚོགས་པའི་བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་མྱོང་རྒྱུས་ཐོབ་པ་བརྒྱུད། བོད་དང་བོད་ཀྱི་རིག་གནས་ཐོག་དགའ་སྤོབས་བསྐྱེད་ཐབས་བྱ་དགོས།
  • དོན་ སྙིང་ལྡན་པའི་བོད་ཀྱི་གནའ་དེང་གི་གླུ་གཞས་དང་ཞབས་བྲོའི་རིགས་འཁྲིད་སྟོན་དང་འཁྲབ་སྟོན་བྱེད་པ་མ་ཟད། གཞས་ཚིག་གི་ནང་དོན་རྣམས་བློ་ངེས་ཐུབ་པ་བྱ་རྒྱུ།
  • དུས་རྒྱུན་སློབ་གྲྭའི་མཛད་སྒོ་དང༌། དུས་ཆེན་སོགས་ཀྱི་སྐབས་སུ་སློབ་ཕྲུག་གང་མང་ལ་གླུ་གཞས་དང་ཞབས་བྲོ་འཁྲབ་སྟོན་གྱི་གོ་སྐབས་བསྐྲུན་ཏེ། ཁོ་ཚོར་སྒྱུ་རྩལ་གྱི་བྱ་བར་དགའ་ཞེན་དང་གདེང་སྤོབས་བསྐྱེད་ཐབས་བྱ་དགོས།
  • སློབ་ཕྲུག་སོ་སོའི་འདོད་མོས་དང༌། རྣམ་དཔྱོད་འདོན་སྤེལ་བྱ་ཆེད་གླུ་གཞས་དང༌། བྲོ་གར། རོལ་ཆ་སོགས་འཁྲབ་སྟོན་གྱི་གོ་སྐབས་མཁོ་སྤྲོད་བྱ་རྒྱུ།
  • སློབ་ཕྲུག་རྣམས་ལ་བོད་ཀྱི་རོལ་ཆ་ཁག་གི་ཁྱད་ཆོས་ངོ་སྤྲོད་དང་རོལ་ཆ་གཙོ་གྲས་ཁག་ སློབ་ཁྲིད་བྱས་པ་བརྒྱུད། རང་མོས་རོལ་ཆ་གང་རུང་ཞིག་འབུད་རྡུང་དཀྲོལ་གསུམ་བྱང་རྩལ་ལྡན་པ་ཡོང་ཐབས་བྱ་ དགོས།
  • གཞས་ཀྱི་དབྱངས་རྟ་རྣམས་སློབ་ཁྲིད་བྱས་པ་བརྒྱུད་སློབ་ཕྲུག་རང་ངོས་ནས་དབྱངས་རྟ་འབྲི་ཀློག་ཐུབ་པ་དང་གདངས་དབྱངས་གསར་རྩོམ་ལ་སྐུལ་འདེད་བྱ་རྒྱུ།
  • སློབ་ཕྲུག་ཚོར་གུང་གསེང་དང་སྟབས་བསྟུན་རང་ཉིད་ཀྱི་ཕ་མའམ་གྲོང་མི་རྒན་རབས་མདུན་ནས་བོད་ཀྱི་ཡུལ་ལུང་སོ་སོའི་སྲོལ་རྒྱུན་གྱི་གཞས་སྣ་གསར་སློབ་ལ་སྐུལ་འདེད་བྱ་དགོས།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུས་གཙོས་པའི་ཆབ་སྲིད་དང་འབྲེལ་ཡོད་གཞས་སྣ་ཁག་གི་གདངས་དབྱངས་དང་ཚིག་དོན་འཁྲིད་སྟོན་བྱེད་པ་དང༌། གཞས་ཚིག་དང་གདངས་དབྱངས་ལ་སྣང་ཆུང་བཅོས་ལྷད་མི་ཡོང་བའི་སློབ་སྟོན་བྱ་རྒྱུ།
  • གཞི་ རིམ་བར་མའིཟློས་གར་སློབ་ཚན་ལ་རྟོག་ཞིབ་བྱེད་སྐབས། བོད་ཀྱི་སྲོལ་རྒྱུན་གླུ་གཞས་དང་བྲོ་གར་རིགས་གཙོ་བོར་གྱུར་པའི་འཁྲབ་སྟོན་སྒྱུ་རྩལ་སྐོར་གྱི་རྒྱུན་ཤེས་དང་ལག་ལེན་གྱི་ནུས་རྩལ། དུས་རྒྱུན་གྱི་སྤྲོ་བ་དང་འཛུལ་ཞུགས་སོགས་ཕྱོགས་ཡོངས་ལ་རྒྱུན་བསྟུད་ངང་རྟོག་ཞིབ་བྱ་དགོས།

    གཞི་རིམ་བར་མའི་འཛིན་རིམ་སོ་སོའི་ཟློས་གར་བསླབ་གཞིའི་ནང་དོན་གཤམ་གསལ།

འཛིན་གྲྭ་དྲུག་པའི་ཟློས་གར།

༡།    བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང༌། གནས་ཡུལ་རྒྱལ་ཁབ་ཀྱི་རྒྱལ་གླུའི་གདངས་དང༌། ཚིག་དོན་སློབ་འཁྲིད།
༢།    སློབ་གྲྭ་སོ་སོའི་སློབ་གཞས་གཏོང་སྟངས་ཚད་ལྡན་སློབ་སྟོན་བྱ་རྒྱུ།
༣།    དགའ་བསུའི་གཞས་དང་སྒྲ་གདངས།
༤།    སྒྲ་གདངས་ཀློག་སྟངས་དང༌། བོད་ཀྱི་རོལ་ཆ་ངོ་སྤྲོད། རྒྱུན་སྤྱོད་རོལ་ཆ་གང་རུང་སྦྱོང་བརྡར།
༥།    ནང་མ་དང་སྟོད་གཞས་ཀྱི་སྔོན་འགྲོའི་རོལ་ཆ་སྦྱོང་བརྡར།
༥།    ལོ་རེར་ཉུང་མཐར་དགའ་གཞས་སྐྱ་རེངས་དང་པོ་ལྟ་བུའི་འཁྲབ་གཞས་གཅིག་བསླབ་རྒྱུ།
༦།    མཉམ་གཞས་འདྲ་མིན།

འཛིན་གྲྭ་བདུན་པའི་ཟློས་གར།

༡།    བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང༌། དུས་ཆེན་དང་དུས་དྲན་ཁག་གི་གཞས་སྣ་ཁྲིད་སྦྱོང༌།
༢།    རུ་སྒྲིག་རྔ་གླིང་སྦྱོང་བརྡར།
༣།    བོད་ཀྱི་ཆས་གོས་དང་གྱོན་སྟངས་ངོ་སྤྲོད།
༤།    ནང་མ་དང་སྟོད་གཞས་ཀྱི་གདངས་དབྱངས་དང་རོལ་ཆ་འབུད་དཀྲོལ།
༥།    བོད་ཀྱི་ཡ་རབས་གོམས་གཤིས་དང་བཟང་པོའི་བསླབ་བྱ་དང་འབྲེལ་བའི་དགོད་བྲོའི་གཏམ་གླེང་དང༌། གཏམ་བརྗོད། འཁྲབ་གཞས་སོགས་གང་མང་ཁྲིད་སྦྱོང་དང་འཁྲབ་སྟོན།
༦།    ལྷ་མོའི་ཟློས་གར་གྱི་བྱུང་རིམ་དང་འཁྲབ་གཞུང་ཁག་ངོ་སྤྲོད།

འཛིན་གྲྭ་བརྒྱད་པའི་ཟློས་གར།

༡།    བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང༌། དུས་ཆེན་དང་དུས་དྲན་ཁག་གི་གླུ་ཚིག་འགྲེལ་བརྗོད།
༢།    བོད་ཀྱི་ཟློས་གར་རིག་གནས་ཀྱི་བྱུང་བ་དང་ནང་དོན། རོལ་ཆའི་རྣམ་གྲངས་སོགས་ངོ་སྤྲོད་གནད་བསྡུས།
༣།    ནང་མ་དང་སྟོད་གཞས་ཁག་གི་དལ་གཞས་དང་འཁྲུགས་གཞས་ཁྲིད་སྦྱོང༌།
༤།    ལྷ་མོའི་འཁྲབ་གཞུང་ལས་ལེའུ་རེ་ཟུར་འདོན་གྱི་འཁྲབ་ཁྲིད།
༥།    བཟོ་ཞིང་འབྲོག་གསུམ་དང་རྒྱལ་རབས་ཁག་གི་འཁྲབ་གཞས་སྦྱོང་བརྡར།
༦།    བོད་ཀྱི་སྲོལ་རྒྱུན་དམངས་གླུ་དང་རྩེད་རིགས་ལེན་སྟངས་ངོ་སྤྲོད།
༧།    སློབ་ཕྲུག་ཚོའི་མོས་ཁམས་དང་མཐུན་པའི་དེང་དུས་ཀྱི་གླུ་གར་ཁྲིད་སྦྱོང་དང་གསར་རྩོམ།

༥་༧    ཀམ་པུ་ཊར།

    ཀམ་པུ་ཊར་ནི་དེང་རབས་རིག་གནས་སློབ་སྦྱོང་དང་ལག་ལེན་གྱི་ལག་ཆ་གལ་ཆེན་ཞིག་ཡིན་པ་ལྟར། གཞི་རིམ་འོག་མའི་དུས་སྐབས་ནས་ཀམ་པུ་ཊར་སློབ་སྦྱོང་སྐོར་བསླབ་གཞིའི་ཆ་ཤས་སུ་ངེས་པར་འཇོག་དགོས།
    གཞི་རིམ་འོག་མའི་ཀམ་པུ་ཊར་སློབ་སྦྱོང་གི་རྒྱུན་མཐུད་པ་དང་ཆབས་ཅིག གཞི་རིམ་བར་མའི་སྐབས་ཀམ་པུ་ཊར་གྱི་སྤྱི་ཁོག་དང༌། གཞི་རྩའི་ལག་ལེན། རྒྱུན་ལྡན་ཀྱི་སྤྱོད་སྒོ་བཅས་གཙོ་གནད་དུ་བཟུང་སྟེ་བསླབ་གཞིར་འཇོག་རྒྱུ།

འཛིན་རིམ་དྲུག་པའི་ཀམ་པུ་ཊར་བསླབ་གཞི།

(Curricullum for Computer Studies-Class VI )

1)    Introduction to Computer    
2)    Concept of Memory    
3)    Basic Windows Accessories
4)    Basic Inernet Introduction
5)    History of Computer
6)    Working with Windows
7)    Beginning with Ms-Word
8)    Exploring the Desktop
9)    Creating Folder and Files
10)    External Devices
11)    Exploring the Music Player
12)    Typing Tutor (Mavis Beacon)
13)    Tibetan Typing (Monlam bodyig 3 & TCRC Bodyig)

        འཛིན་རིམ་བདུན་པའི་ཀམ་པུ་ཊར་བསླབ་གཞི།

(Curricullum for Computer Studies-Class VII )
1)    Introduction to computer
2)    Computer & its History
3)    Type of  Languages
4)    Multimedia
5)    Microsoft word
6)    Information Technology
7)    Save data in External Device
8)    E-mail
9)    Exploring Music Player
10)    Typing Tutor (Mavis Beacon)
11)    Tibetan Typing (Monlam Bodyig 3 & TCRC Bodyig)

འཛིན་རིམ་བརྒྱད་པའི་ཀམ་པུ་ཊར་བསླབ་གཞི།

(Curricullum for Computer Studies-Class VIII )
1)    Microsoft word
2)    Multimedia
3)    Spread Sheet
4)    Information Technology
5)    Power Point
6)    Page Maker
7)    Photoshop
8)    Typing Tutor (Mavis Beacon)
9)    Tibetan Typing (Monlam Bodyig 3 & TCRC Bodyig)

༥་༨    བཟོ་རིག་པ།

    ཤེས་ཡོན་སྲིད་བྱུས་ཀྱི་འབྲུ་དོན་ལྟར་གཞི་རིམ་བར་མའི་སྐབས་འཚེ་བ་མེད་པ་དང༌། ཁོར་ཡུག་ལ་མི་གནོད་པ། རྒྱུན་གནས་ཐུབ་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་པའི་བོད་ཀྱི་སྲོལ་རྒྱུན་བཟོ་རིག་དང༌། རྒྱ་གར་གྱི་སྲོལ་རྒྱུན་བཟོ་རིག གཞན་ཡང་དེ་དག་གི་ཁྱད་ཆོས་ཚང་བའི་དེང་རབས་ཀྱི་བཟོ་རིག་ཆུང་ཙག་ཁག་བཅས་ས་གནས་སོ་སོའི་རྒྱུན་སྲོལ་དང་དགོས་མཁོ་ལ་གཞིགས་ཏེ་བསླབ་གཞིར་འཇོག་དགོས།
    བཟོ་རིག་བསླབ་གཞི་ཁྲིད་སྤེལ་བྱ་རྒྱུ་དེ་སློབ་གྲྭའི་ལས་རིམ་རྣམ་གྲངས་ཙམ་མ་ཡིན་པར། སློབ་མ་རྣམས་ངལ་རྩོལ་དང༌། གསར་རྟོགས། གསར་གཏོད་བཅས་ལ་འཇུག་པའི་ཤེས་ཡོན་དང་ལག་ལེན་ཟུང་འབྲེལ་བྱ་བའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པར་བརྟེན། བཟོ་རིག་པར་སློབ་གཉེར་བྱས་པ་བརྒྱུད་སློབ་མ་རྣམས་རང་གི་ཐོན་སྐྱེད་ལ་བརྟེན་ནས་འཚོ་བ། གཞན་ལ་བཤུ་གཞོག་དང་ལོག་འཚོའི་དབང་དུ་མི་འགྲོ་བ། གནས་ཡུལ་སྤྱི་ཚོགས་ལ་ཕན་བདེ་བསྒྲུབ་ཐུབ་པ་བཅས་འགྲོ་བ་མིའི་བཟང་སྤྱོད་སྤྱི་དང༌། ཁྱད་པར་ཤེས་ཡོན་སྲིད་བྱུས་ལས་གསུངས་པའི་འཚེ་མེད་ཞི་བའི་གཞི་རྩའི་ལྟ་གྲུབ་དང་མི་འགལ་བ་བྱ་དགོས།

༥་༩    ཞི་བདེའི་སློབ་སྦྱོང༌།

    ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བསྐྱེད་ཆེན་པོས་འཛམ་གླིང་ཡོངས་སུ་ཁྱབ་སྤེལ་གནང་བའི་འཚེ་མེད་ཞི་བའི་གཞི་རྩའི་ལྟ་གྲུབ་དང༌། འཇིག་རྟེན་ཀུན་ཁྱབ་ཀྱི་དོན་ཆེན་ཁུར་དུ་འཁྱེར་བའི་ལྷག་བསམ་སོགས་གལ་འགངས་ཆེ་བའི་བཀའ་སློབ་དགོངས་དོན་རྣམས་བསླབ་གཞིར་བཞག་སྟེ་སློབ་སྤེལ་བྱ་དགོས།

མདུན་ཤོག

Menu