༡༽    ལོ་འདིར་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་རྒྱ་བལ་འབྲུག་གསུམ་ཁུལ་དུ་གཏན་ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་གྲངས་ ༧༩ ཡོད་ཅིང༌། དེ་དག་ཁོངས་སུ་སློབ་ཕྲུག་ཕོ་མོ་བསྡོམས་གྲངས་ ༢༧༤༥༩ དང་དགེ་རྒན་ལས་བྱེད་བསྡོམས་གྲངས་ ༢༣༥༠ ཡོད་པའི་འཛིན་སྐྱོང་གནས་སྟངས་གཤམ་གསལ་ལྟར་ཡིན།

ཨང༌། སྡེ་ཁག་སོ་སོའི་མཚན། སློབ་གྲྭ་གྲངས།
རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁོངས། ༢༨
སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ལས་ཁང་ཁོངས། ༡༥
དྷ་ས་བོད་ཁྱིམ་ཁོངས། ༡༧
མ་སུ་རི་བོད་ཁྱིམ་ཁོངས།
བལ་ཡུལ་ཁུལ་ཡོད་སློབ་གྲྭ། ༡༣
སྒེར་སྐྱོང་སློབ་གྲྭ
  བསྡོམས། ༧༩

༢༽    འདི་ལོ་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གཏོང་མཁན་གྲས་མ་སུ་རི་གཏན་སློབ་དང༌། ཌལ་ཧོར་གཏན་སློབ། སིམ་ལ་གཏན་སློབ། རྡོར་གླིང་གཏན་སློབ། ཀ་སྦུག་གཏན་སློབ། མོན་གྷོ་གཏན་སློབ། སྦེལ་ཀོབ་ཉིན་སློབ། ཧར་པ་སྤུར་གཏན་སློབ། སྤོན་ཊ་གཏན་སློབ། ཀ་ལ་མོན་ཊོན་སློབ་གྲྭ། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། སྦེལ་ཀོབ་བོད་ཁྱིམ། གྷོ་པར་སྤུར་བོད་ཁྱིམ། བལ་ཡུལ་རྣམ་རྒྱལ་མཐོ་སློབ་བཅས་ཀྱི་སློབ་ཕྲུག་ཡོད་པའི་ཁོངས་ནས་གྲུབ་འབྲས་ཨང་སྡེ་དང་པོ་གྲངས་ ༣༦༣ དང་ཨང་སྡེ་གཉིས་པ་གྲངས་ ༤༧༩ ཨང་སྡེ་གསུམ་པ་གྲངས་ ༣༦ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་སློབ་གྲངས་ ༧༠ ཡིག་རྒྱུགས་མ་འཕྲོད་པ་སློབ་གྲངས་ ༤༢ བྱུང་ཡོད།
༣༽    གཏན་ཉིན་སློབ་གྲྭ་ཁག་དང་མཐོ་སློབ་ཁག་ནས་སློབ་ཐོན་ཡོང་བཞིན་པའི་སློབ་ཕྲུག་ཁོངས་ནས་རང་རང་ཤེས་ཚད་དང༌། སྤྱི་ཚོགས་ཀྱི་འཕྲལ་ཕུགས་དགོས་གལ་ལ་གཞིགས་པའི་མཐོ་རིམ་ཆེས་མཐོའི་སློབ་སྦྱོང་དང༌། བཟོ་རིག་དང་ལས་རིགས་སློབ་སྦྱོང་བཅས་པར་སློབ་ཡོན་འཆར་བཀོད་ཀྱིས་ཕྱི་ནང་རོགས་ཚོགས་ཁག་ལ་འབོད་སྐུལ་ཞུས་འབྲས་ལོ་འདིར་སློབ་ཡོན་གྲངས་ ༢༩༩ དོན་སོན་བྱུང༌།
༤༽    གཏན་ཉིན་སློབ་གྲྭ་ཁག་ནས་སློབ་ཐོན་དང༌། དང་སློབ་འཛུལ་ཞུགས་ཁོངས་ནས་སྒྲིག་གསལ་ལོ་ཡུན་གཙང་སྟེ་ལུགས་མཐུན་རྩ་དགོངས་ཞུས་འཁྲོལ་བྱུང་བ། བོད་ནས་གསར་འབྱོར་བ་བཅས་ན་གཞོན་སློབ་སྦྱོང་དོན་གཉེར་ཅན་ཨང་རིམ་རྩེ་བཏོག་གིས་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་པའི་ཤེས་རིག་སློབ་ཡོན་ཚོགས་ཆུང་གིས་འདི་ལོ་ ༡༢༢ ལ་གཙུག་ལག་རབ་འབྱམས་པ་དང༌། ཉེ་བའི་གཙུག་ལག་རབ་འབྱམས་པ། ཀམ་པུ་ཊར། ཁྲིམས་དོན། སྨན་པ། སྨན་ཞབས། རྩིས་སོགས་སློབ་སྦྱོང་གི་སློབ་ཡོན་གནང༌།
༥༽    ཨ་རིའི་གཞུང་ནས་ལོ་བསྟར་བོད་ཕྲུག ༡༥ ལ་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་རོགས་རམ་གནང་མུས་ལྟར་ཕྱི་ལོ་ ༢༠༠༢ ལོར་འདེམས་སྒྲུག་ཟིན་པའི་སློབ་ཕྲུག་ ༡༥ ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༨ ནང་ཨ་རིར་བཏང་ཞིང༌། ༢༠༠༤ ལོར་གཏོང་རྒྱུའི་སློབ་ཕྲུག ༡༥ སྔར་ལམ་ལྟར་འདེམས་སྒྲུག་བྱས།
༦༽    ཨ་རིའི་སྦེ་རི་ཡ་མཐོ་སློབ་ཏུ་(Under Graduate)སློབ་གཉེར་ཆེད་བོད་ཕྲུག་གཉིས་ཤེས་རིག་གིས་འདེམས་སྒྲུག་གནང་སྟེ་གཏོང་མུས་ཀྱང༌། བར་ལམ་བར་འཚང་བོད་ཕྲུག་གཞན་ཞིག་བྷེ་རི་ཡ་མཐོ་སློབ་རང་ནས་འདེམས་སྒྲུག་བྱས་པར་བརྟེན་ཤེས་རིག་གིས་འདེམས་སྒྲུག་བྱས་པའི་སློབ་མ་ ༡ མ་གཏོགས་གཏོང་མ་ཐུབ་པའི་གནས་ཚུལ་ཐོན། དེར་བརྟེན་མ་འོངས་ཤེས་རིག་ལས་ཁུངས་འདི་ཉིད་གཞན་གྱི་ལག་པ་འཕྱིད་ས་ལྟ་བུར་མ་གྱུར་པའི་ཆེད་ཕྱི་ལོ་ ༢༠༠༤ ནང་ཨ་རི་བྷེ་རི་ཡ་མཐོ་སློབ་ཏུ་སློབ་གཉེར་ཆེད་འཚང་སྙན་ཕུལ་བ་ཚང་མ་ཟླ་ ༡༠ ནང་སྦེ་རི་ཡ་མཐོ་སློབ་རང་ལ་འདེམས་སྒྲུག་སླད་བཏང༌།
༧༽    ཨིན་ཡུལ་པེ་སེ་ཊོ་ལོ་ཛི་ཁྱིམ་སྡེས་གོ་སྒྲིག་གནང་སྟེ་ཧ་སེ་ཊིང་མཐོ་སློབ་ཏུ་བོད་ཕྲུག་གཉིས་དང༌། རྒྱ་གར་པུ་ན་ མཐོ་སློབ་ནང་བོད་ཕྲུག་གཅིག ཐའི་ལན་ཌི་ AIT མཐོ་སློབ་ཏུ་བོད་ཕྲུག་གཅིག ཨ་རི་སན་ཕ་རན་སི་ཀོ་མཐོ་སློབ་ཏུ་སློབ་ཕྲུག་གཅིག་བཅས་སྔ་ལོ་ནས་འདེམས་སྒྲུག་ཟིན་པ་ལྟར་འདི་ལོ་བཏང༌།
༨༽    ཧང་ག་རི་མཐོ་སློབ་ཏུ་གཏོང་རྒྱུའི་སློབ་ཕྲུག་གཅིག་དང༌། དབྱིན་ཡུལ་རི་ཅར་སན་ཚོགས་པས་སྦྱིན་བདག་གནང་སྟེ་དབྱིན་ཡུལ་དུ་ལོ་བཞིའི་སློབ་སྦྱོང་ཆེད་བོད་ཕྲུག་གཅིག དབྱིན་ལན་ཨེ་ཊ་ལན་ཏིག་མཐོ་སློབ་ཏུ་རང་རིགས་སློབ་ཕྲུག་འཛིན་རིམ་བཅུ་པ་ཐོན་པ་གཅིག་བཅས་འདེམས་སྒྲུག་བྱས་ཟིན་ཏེ་ལོ་རྗེས་མ་གཏོང་གཏན་འཁེལ།
༩༽    ཕྱི་རྒྱལ་རོགས་ཚོགས་ཁག་དང༌། རང་རིགས་འབྱོར་ལྡན་ཁག་ལ་རེ་སྐུལ་ཞུས་འབྲས་སུ་གཞི་རིམ་སློབ་ཡོན་དང་འཚོ་སྣོན་ཐོབ་པའི་ཁྱོན་བསྡོམས་གྲངས་འབོར་ ༤༧༡༥ ཆགས་ཡོད།
༡༠༽    བོད་མིའི་གཞིས་སྒར་ཁག་སོགས་ཀྱི་ནང་ཡོད་པའི་ཉིན་སློབ་ཁག་ནས་ས་གནས་དེ་གའི་སློབ་མཐར་ཐོན་པའི་སློབ་ཕྲུག་རྣམས་དང༌། དེ་མིན་སློབ་ཡོན་ཐབས་འཚོལ་དོན་སྨིན་བྱུང་བའི་ཉམ་ཐག་ཕྲུ་གུ་སློབ་ལོ་སོན་རིགས། ཟས་གོས་གནས་མལ་གླ་དོད་ཆ་ཚང་ཕ་མ་རང་ངོས་ནས་བསྒྲུབ་རྒྱུར་གཏན་སློབ་ཁག་ཏུ་སློབ་འཇུག་ཞུ་མཁན་གྱི་ཕྲུ་གུ་བཅས་ཁྱོན་བསྡོམས་ཕྲུ་གུ་ ༨༨༤ གཏན་སློབ་ཁག་ནང་སློབ་འཇུག་དང་ཟླ་སྒྲིལ་བྱས། གོང་གསལ་ཁོངས་ནས་སློབ་ཡོན་རྩ་ཆག་གིས་སློབ་བཞེས་གནང་བ་གྲངས་ ༢༠༧ དང་སློབ་ཡོན་ཕྱེད་ཆག་ཐོག་སློབ་བཞེས་གནང་བ་གྲངས་ ༢༦༦ བོད་སློབ་འཛིན་ཚོགས་བརྒྱུད་སློབ་ཡོན་ཐོབ་པ་གྲངས་ ༡༠༤ ཕ་མ་རང་ངོས་ནས་ཟས་གོས་གནས་མལ་དོད་སྒྲུབ་འཇལ་གྱིས་སློབ་བཞེས་གནང་བ་གྲངས་ ༣༠༧ བཅས་ཡོད།
༡༡༽    གངས་སྐྱིད་ཉིན་སློབ་ཏུ་འཛིན་ཁང་འཕར་མ་ཐོག་རྩེག་གཉིས་ཅན་ཞིག་ཨར་ལས་མཇུག་སྒྲིལ་ཟིན་ཉེར་གནས། ཨོ་རི་ས་སློབ་གྲྭའི་ཐབ་ཚང་དང༌། ཞལ་ལག་བཞེས་ཁང་གསར་རྒྱག་ཟིན། ཅོན་ཏ་ར་སློབ་གྲྭའི་རྩེད་ཐང་འཁོད་སྙོམས་དང་སློབ་གྲྭར་རྭ་བ་བསྐོར་རྒྱུའི་ལས་གཞི་ཆ་ཚང་ལེགས་གྲུབ་ཟིན། ཀེ་ལ་མེན་ཀྲོན་དོན་གྲུབ་གླིང་གཞིས་ཆགས་སློབ་གྲྭའི་ཆེད་གསང་སྤྱོད་དང་ཁྲུས་ཁང་ཁག་གསར་རྒྱག་ཟིན།
༡༢༽    བལ་ཡུལ་ལས་རིགས་སྦྱོང་བདར་ཁང་གི་ཨར་ལས་ཀྱི་ལས་གཞི་མཇུག་སྒྲིལ་ཟིན་ཉེར་གནས་ཤིང༌། སྤོན་ཊ་གཏན་སློབ་ཏུ་དགེ་ལས་ལས་ཤག་གི་ཨར་ལས་ལས་གཞི་ཆ་ཚང་མཇུག་སྒྲིལ་ཟིན། སྤོག་རེ་སྤོང་སློབ་གྲྭའི་ཆེད་ཕྲུ་གུའི་ཞལ་ལག་བཞེས་ཁང་དང་ཐབ་ཚང་གསར་རྒྱག་གི་ལས་གཞི་མཇུག་སྒྲིལ་ཟིན། བསྟན་འཛིན་སྒང་ཉིན་སློབ་ཏུ་ཕྲུ་གུའི་ཞལ་ལག་བཞེས་ཁང་དང་ཐབ་ཚང་གསར་རྒྱག་གི་ཨར་ལས་མཇུག་སྒྲིལ་ཟིན།
༡༣༽    ནོར་གླིང་ཁུལ་གྱི་བོད་ཕྲུག་དྷ་ཤོད་བོད་ཁྱིམ་ཁུལ་སློབ་བསྐྱོད་བྱེད་མཁན་རྣམས་སྐྱེལ་བསུའི་ཆེད་རོགས་རམ་ཐབས་འཚོལ་གྱིས་འགྲུལ་འཁོར་གཅིག་གསར་ཉོས་ཀྱིས་གནང༌། དེ་བཞིན་དྷ་སྟེང་མེག་ལོར་གྷན་ཇི་ཁུལ་གྱི་ཉིན་སློབ་ཕྲུ་གུའི་ཆེད་འགྲུལ་འཁོར་ཞིག་གསར་ཉོས་ཀྱིས་ཁུངས་སྤྲོད་གནང༌།
༡༤༽    ཀུ་ལུ་སྦུན་ཏར་སློབ་གྲྭར་དགེ་ལས་ལས་ཤག་གསར་རྒྱག་གི་ཨར་ལས་འགོ་འཛུགས་བྱས། ཤྲི་རི་ན་གར་བོད་རིགས་ཁ་ཆེའི་བུ་ཕྲུག་ཆེད་གཞི་རིམ་སློབ་གྲྭ་གསར་རྒྱག་བྱེད་མུས་སུ་གནས། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་གི་ཞལ་ལག་བཞེས་ཁང་གི་འཛིན་ཆས་རྒྱ་ཅོག་དང་ཞབས་སྟེགས་མཁོ་སྒྲུབ་ཐོག འཐུང་ཆུའི་དཀའ་ངལ་སེལ་ཆེད་ཆུ་མཛོད་ཆེ་བ་ཞིག་གསར་རྒྱག་གི་ལས་གཞི་འགོ་འཛུགས་བྱས།
༡༥༽    ༢༠༠༣ ཟླ་ ༡ ཚེས་ ༢ ནས་ ༤ བར་དྷ་ཤོད་བོད་ཁྱིམ་དུ་ཤེས་རིག་ཚོགས་ཆེན་ཐེངས་བཞི་པ་བསྐོང་འཚོགས་བྱས། ཚོགས་མགོན་དུ་ྋགོང་ས་མཆོག་གདན་ཞུས་ལྟར་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ། ཚོགས་ཆེན་ཐོག་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་ཤག་གི་ཤེས་ཡོན་སྲིད་བྱུས་ཀྱི་སྒྲོམ་གཞི་གསལ་བཤད་གནང་བར་ཚོགས་བཅར་བ་ཡོངས་ཀྱིས་སྤྱི་མོས་རྒྱབ་སྐྱོར་གནང༌། ཚོགས་ཆེན་གྱི་གྲོས་ཆོད་ཆ་ཚང་ཟུར་དུ་ཡོད།
༡༦༽    ཟླ་ ༧ ཚེས་ ༦ ཉིན་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ཚོགས་གཙོ་དང༌། ཚོགས་མིར་ཌོག་ཊར་བུ་མོ་ཚེ་རིང་ཡེ་ཤེས། བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་འགན་འཛིན་ངག་དབང་རྡོ་རྗེ། རིགས་ལམ་སློབ་གཉེར་ཁང་གི་སློབ་དགེ་བློ་བཟང་རིན་ཆེན། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཉམས་ཞིབ་པ་ཆུང་ཚེ་རིང་བཅས་ལས་གྲུབ་པའི་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་བསྐོ་བཞག་གནང་བ་ལྟར། ཚོགས་ཆུང་གིས་ཞིབ་འཇུག་དང་གྲོས་བསྡུར་ཐེངས་མང་གནང་སྟེ་ཕྱི་ཟླ་ ༨ ཚེས་ ༢༠ ཉིན་རགས་ཟིན་དང་པོ་ཟུར་རྒྱན་དང་བཅས་པ་བཀའ་ཤག་ཏུ་ཕུལ།
༡༧༽    ཟླ་ ༡༠ ཚེས་ ༡༣ བཀའ་ཤག་གིས་རགས་ཟིན་དང་པོར་དགོངས་ཞིབ་བཀའ་བཅོས་དང་འབྲེལ་རགས་ཟིན་གཉིས་པ་གཏན་འབེབས་གནང་སྟེ། ཤེས་རིག་ལས་ཁུངས་བརྒྱུད་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་དང༌། རིས་མེད་ཆོས་བརྒྱུད་ཁག་གི་མ་དགོན་རྣམས་དང་བཤད་གྲྭ་ཅན་གྱི་དགོན་སྡེ་གཞན་ཁག མཐོ་རིམ་སློབ་ཁང་ཁག ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ། བཀའ་ཟུར་རྣམ་པ། སྤྱི་འཐུས་རྣམ་པ། གཞུང་གི་ལས་ཁུངས་ཁག ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག ས་གནས་འགོ་འཛིན་ལས་ཁང་ཁག ས་གནས་གྲོས་ཚོགས་ཁག རྒྱ་གར་དང་ཕྱི་རྒྱལ་ཡུལ་ཁག་ཏུ་བཞུགས་པའི་བོད་ཀྱི་མཁས་པ་སྒེར་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་བཅས་ལ་འགྲེམས་སྤེལ་དང༌། དོན་གཉེར་ཅན་གྱི་ཕྱི་ནང་མང་ཚོགས་སྤྱི་བྱིངས་ཀྱི་ཤེས་རྟོགས་སླད་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱའི་ནང་སྲིད་བྱུས་ཟིན་བྲིས་ཡིག་ཆ་བོད་དབྱིན་གཉིས་ཐོག་བཞག་པའི་སྒོ་ནས་ཁྱབ་འགྲེམས་རྒྱ་གང་ཆེ་བྱས།
༡༨༽    ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༤ ཚེས་ ༡༥ ནས་ཚེས་ ༢༠ བར་ས་རཱ་མཐོ་སློབ་ཏུ་སམ་བྷོ་ཊ་དང༌། བོད་ཁྱིམ་གཉིས་ཀྱི་དམའ་རིམ་དབྱིན་དགེ་ ༣༠ ལ་སློབ་སྦྱོང་ཁྲིད་ཐབས་ཀྱི་ཟབ་སྦྱོང་གོ་སྒྲིག་བྱས། ཟླ་ ༤ ཚེས་ ༢༢ ནས་ཕྱི་ཟླ་ ༦ ཚེས་ ༨ བར་བོད་གཞུང་ཟློས་གར་དུ་སཾ་བྷོ་ཊ་བོད་སློབ་དང༌། བོད་སློབ་འཛིན་ཚོགས་གཉིས་ཀྱི་ཁྱབ་ཁོངས་ཟློས་དགེ་ ༣༥ ལ་ཟློས་གར་སློབ་ཁྲིད་སྐོར་ལ་ཟབ་སྦྱོང་གོ་སྒྲིག་བྱས། ཟླ་ ༧ ཚེས་ ༧ ནས་ཚེས་ ༡༢ བར་རྒྱ་གར་ལྷོ་ཕྱོགས་སུ་གཏན་ཉིན་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་གནང་མཁན་དགེ་རྒན་གྲངས་ ༢༠ ལ་ཟབ་སྦྱོང་གོ་སྒྲིག་བྱས། ཟླ་ ༡༢ ཚེས་ ༢༩ ནས་གཟའ་འཁོར་གསུམ་ཙམ་རིང་གོ་ལི་ཡ་མཐོ་སློབ་ཏུ་སཾ་བྷོ་ཊ་བོད་སློབ་དང་བོད་ཁྱིམ་གཉིས་ཀྱི་རྩེད་མོའི་དགེ་རྒན་གྲངས་ ༢༧ ལ་ཟབ་སྦྱོང་གནད་སྨིན་གོ་སྒྲིག་བྱས།
༡༩༽    ཕྱི་ཟླ་ ༨ ཚེས་ ༡ ནས་ ༢༠༠༤ ཕྱི་ཟླ་ ༤ ཚེས་ ༣༡ བར་གཏན་ཉིན་སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ལ་ས་རཱ་མཐོ་སློབ་ཏུ་ཆོས་དགེའི་འོས་སྦྱོང་གོ་སྒྲིག་བྱས།
༢༠༽    དགེ་རྒན་དང་སློབ་ཕྲུག་ཚོར་དབྱིན་ཇིའི་འབྲི་རྩོམ་འགྲན་བསྡུར་གོ་སྒྲིག་གིས་རྩེ་ཕུད་དགེ་རྒན་གཅིག་དང་སློབ་ཕྲུག་གཅིག་ལ་བྱ་དགར་ཉི་ཧོང་ལ་སྤྲོ་འཆམ་དུ་འགྲོ་རྒྱུའི་གོ་སྐབས་གནང་ཞིང༌། དེ་མིན་རྩོམ་ཡིག་ཕུལ་དུ་བྱུང་བ་ཁག་ལ་ལ་ཟླ་ ༩ ཚེས་ ༣ ཉིན་བྱ་དགའ་གསོལ་རས་གནང༌།
༢༡༽    ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༩ ཚེས་ ༢༧ ནས་ཟླ་ ༡༡ ཚེས་ ༧ བར་གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་གནས་ཚད་རྟོག་ཞིབ་ཚོགས་ཆུང་གིས་མོན་གྷོ་དང༌། མ་སུ་རི་བོད་ཁྱིམ། བདེ་སྐྱིད་གླིང་སློབ་གྲྭ། ཌལ་ཧོར་གཏན་སློབ། དྷ་སྟེང་བོད་ཁྱིམ་བཅས་ལ་ཞིབ་འཇུག་ལེགས་གྲུབ་ཟིན།
༢༢༽    ཕྱི་ཟླ་ ༡༡ ནང་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་རྒྱ་གར་དགེ་རྒན་ ༡༥ བོད་ཡིག་ཡིག་རྒྱུགས་ནང་འཛུལ་ཞུགས་ཀྱིས་རྒྱུགས་འཕྲོད་པའི་དགེ་རྒན་བཅུ་ལ་ཕྱག་འཁྱེར་ཕུལ།
༢༣༽    ཕ་ཡུལ་ཤེས་བྱའི་བང་མཇོད་ཨང་ ༥༤ ནས་ ༦༥ བར་འདོན་ཐེངས་རེར་ངོ་གྲངས་ ༥༠༠༠ རེད། གངས་ལྗོངས་བྱིས་པའི་བརྙན་དེབ་འདོན་ཐེངས་ ༡༣ པར་གྲངས་ ༦༠༠༠ དེ་མིན་ ༡ ཆོས་རྒྱལ་མྱ་ངན་མེད་དང༌། ༢ སྟག་སེང་དགོན་པའི་ཆགས་འཇིག ༣ རྒྱ་དཔོན་ཕམ་པ། ༤ དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ། ༥ གླིང་སྒྲུང་དོན་བསྡུས་གཞོན་ནུའི་མགྲིན་རྒྱན་དེབ་ཕྲེང་བཞི་པ་རྟ་རྒྱུག་རྒྱལ་འཇོག་བཅས་རེར་གྲངས་ ༣༠༠༠ པར་སྐྲུན་གྱིས་འགྲེམས་སྤེལ་བྱས།
༢༤༽     སློབ་གྲྭ་ཁག་གི་དད་རྟེན་དུ་གངས་ཅན་བསྟན་པའི་སྲོལ་འབྱེད་ཉེར་ལྔའི་སྐུ་ཐང་ལྔ་ཚར་གྲངས་ ༡༠༠༠ པར་འགྲེམས་ཞུས།
༢༥༽    སྒེར་རྩོམ་དཔེ་དེབ་སྒྲ་གཞུང་མཁས་པའི་དགོངས་རྒྱན་གྲངས་ ༥༠༠ པར་སྐྲུན་གྱི་སློབ་གྲྭ་ཁག་ཙམ་མ་ཟད་འབྲེལ་ཡོད་སློབ་སྡེ་གཞན་ལའང་འགྲེམས་སྤེལ་བྱས།
༢༦༽    སྔོན་འགྲོ་ནས་འཛིན་གྲྭ་ལྔ་པ་བར་གྱི་ཡིག་གཟུགས་སྦྱོང་དེབ་བདུན་གསར་བཟོ་དང་པར་འགྲེམས་བྱས།
༢༧༽ རྒྱ་གར་དབུས་ལས་ཁུངས་ནས་བོད་སྒྱུར་བཀའ་འཁྲོལ་ཐོབ་པ་བཞིན་འཛིན་གྲྭ་དྲུག་པའི་ཨང་རྩིས་དང་ཚན་རིག་སློབ་དེབ་ཀྱི་རྨང་གཞི་བོད་སྒྱུར་གྱི་ལས་ཀ་གྲུབ་ཟིན། ལོ་རྗེས་མ་པར་སྐྲུན་བྱ་རྒྱུར་གཏན་འཁེལ་བྱས།
༢༨༽    གཏན་སློབ་ཁག་ཅིག་ནང་རྒྱའི་སྐད་ཡིག་ཞོར་སློབ་བྱེད་འཆར་གྱི་ཐོག་མའི་ཆ་རྐྱེན་ཞིག་ནི་སློབ་དེབ་ཡིན་སྟབས། འདི་ལོ་རྒྱའི་སྐད་ཡིག་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ཆེད་འཛུགས་ཀྱིས་དེབ་དང་པོ་རྩོམ་སྒྲིག་པར་སྐྲུན་ཟིན།
༢༩༽    ཕྱི་ཟླ་ ༩ ནང་བཀྲས་རབ་རིན་པོ་ཆེས་རྩོམ་སྒྲིག་གནང་བའི་རྟེན་འབྲེལ་རྣམ་གཞག་གི་དེབ་ཆུང་པར་སྐྲུན་གྱིས་སློབ་ཁག་ཏུ་འགྲེམས་སྤེལ་བྱས།

 

Menu