༡༽     ལོ་འདིར་ཤེས་རིག་ཁྱབ་ཁོངས་སུ་
    ཀ།    བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ།                ༢༨
    ཁ།    སཾ་བྷོ་ཊ་བོད་གཞུང་སློབ་ཁག                 ༡༥
    ག།    བོད་ཁྱིམ་གཉིས་ཁྱབ་ཁོངས་དང་བཅས་པར་སློབ་གྲྭ།         ༢༤
    ང།    བལ་ཡུལ་ཁུལ་དུ་སློབ་གྲྭ་གྲངས།                ༡༣ བཅས་བསྡོམས་སློབ་གྲྭ་ ༨༠ ཡོད་པའི་ནང་སློབ་ཕྲུག་ཕོ་མོ་བསྡོམས་གྲངས་ ༢༥༧༣༩ དང༌། དགེ་རྒན་ལས་བྱེད་གྲངས་ ༢༠༨༩ བཅས་ཡོད།
༢༽    ༡༩༩༩ ཕྱི་ཟླ་ ༣ ནང་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་གཏོང་མཁན་གྲས་མ་སུ་རི་གཏན་སློབ་དང༌། རྡོར་གླིང༌། ཌལ་ཧོར། སིམ་ལ། བྷེལ་ཀོབ། ཀ་སྦུག མོན་གྷོ། ཧར་པ་སྤུར། སྤོན་ཊ། ཀེ་ལ་མེན་གྲོང༌། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། བྷེལ་ཀོབ་བོད་ཁྱིམ་བཅས་གཏན་ཉིན་སློབ་གྲྭ་ཁག་ ༡༣ ནས་སློབ་ཕྲུག་གྲངས་ ༧༢༤ ཡོད་ཁོངས་ནས་གྲུབ་འབྲས་ཨང་སྡེ་དང་པོ་ ༢༤༨ དང༌། ཨང་སྡེ་གཉིས་པ་གྲངས་ ༢༩༥ ཨང་སྡེ་གསུམ་པ་གྲངས་ ༡༠༡ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་གྲངས་ ༥༦ ཡིག་རྒྱུགས་མ་འཕྲོད་པ་ ༢༤ བཅས་བྱུང་ཡོད།
༣༽    གཏན་ཉིན་སློབ་གྲྭ་ཁག་དང་མཐོ་སློབ་ཁག་ནས་སློབ་ཐོན་ཡོང་བཞིན་པའི་སློབ་ཕྲུག་ཁོངས་ནས་རང་རང་ཤེས་ཚད་དང༌། སྤྱི་ཚོགས་ཀྱི་འཕྲལ་ཕུགས་དགོས་མཁོར་གཞིགས་ཏེ་མཐོ་སློབ་དང་ཆེད་ལས་ལག་ཤེས་ཅི་རིགས་ཀྱི་སློབ་ཡོན་ཐབས་འཚོལ་བྱས་འབྲས་སུ་འདི་ལོ་སློབ་ཡོན་གསར་པ་ ༡༦༠ ཐབས་འཚོལ་ཐུབ་པ་བྱུང༌། དེའི་ཐོག་རྒྱ་གར་གཞུང་གིས་སྨན་པ་དང༌། ཀམ་པུ་ཊར་བཟོ་སྒྲིག སྨན་སྦྱོར། པར་སྐྲུན་ལག་རྩལ། གློག་ལས། དགེ་འོས། འཛུགས་སྐྲུན་འཆར་འགོད་སོགས་ཀྱི་ཆེད་ཟུར་བཅད་ཞབས་སྟེགས་ ༡༩ གནང་སོན་བྱུང༌།
༤༽    གཏན་ཉིན་སློབ་གྲྭ་ཁག་ནས་སློབ་ཐོན་དང༌། དེ་སྔོན་སློབ་ཐོན་རྗེས་སུ་དང་སློབ་ཏུ་འཛུལ་ཞུགས་ཁོངས་ནས་སྒྲིག་གསལ་ཞབས་ལོ་གཙང་སྟེ་རྩ་དགོངས་ཞུ་འཁྲོལ་བྱུང་བ། བོད་ནས་གསར་དུ་འབྱོར་བ་སོགས་ལ་ལོ་འདིར་གཙུག་ལག་རབ་འབྱམས་པ་དང་ཉེ་བའི་གཙུག་ལག་རབ་འབྱམས་པ། སྨན་པ། དགེ་འོས། སྨན་ཞབས། འཕྲུལ་རིག ཚོང་ལས་འཛིན་སྐྱོང༌། འཚེམ་བཟོ། ཤིང་བཟོ་སོགས་སློབ་སྦྱོང་ཆེད་སློབ་ཡོན་གྲངས་ ༣༢༣ བགོ་འགྲེམས་བྱས། གོང་གསལ་སློབ་ཕྲུག་ཚཱུའི་སློབ་སྦྱོང་དུས་ཡུན་ཆ་སྙོམ་ལོ་གཉིས་རེ་བརྩིས་སློབ་ཡོན་དངུལ་སྒྱུར་ཧིན་སྒོར་ ༩༥༣༨༣༦༠ ཐོབ།
༥༽    ཨ་རི་གཞུང་ནས་ལོ་ལྟར་བོད་ཕྲུག་གྲངས་ ༡༥ དེ་ཁུལ་མཐོ་སློབ་གྲགས་ཅན་ཁག་ཏུ་མུ་མཐུད་སློབ་སྦྱོང་གི་སློབ་ཡོན་རོགས་རམ་གནང་མུས་ལྟར་ ༡༩༩༨ ལོར་འདེམས་སྒྲུག་ཟིན་པའི་སློབ་གྲངས་ ༡༥ ཕྱི་ལོ་ ༡༩༩༩ ཕྱི་ཟླ་ ༨ ནང་ཨ་རིར་སློབ་ཁོངས་སུ་ཐོན་བསྐྱོད་ཐུབ་པ་བྱུང༌།
༦༽    ༡༩༩༩།༢༠༠༠ ལོའི་སློབ་ཕྲུག་འདེམས་སྒྲུག་གནང་ཕྱོགས་སྐོར་སྔར་ལམ་ལྟར་གཞུང་འབྲེལ་གསར་ཤོག་ཁག་ལ་ཡོངས་ཁྱབ་གསལ་བསྒྲགས་འཚེམས་མེད་བགྱིས་དོན་སློབ་གྲངས་ ༥༦ ཡིས་འཚང་སྙན་ཕུལ་འབྱོར་ཁག་ལ་ཞིབ་བཤེར་མཐིལ་ཕྱིན་དང་སྦྲགས་སྔོན་འགྲོའི་འདེམས་སྒྲུག་གནང་རྗེས་འོས་ཆོས་ཆ་རྐྱེན་ཚང་རིགས་མི་འགྲོ་གྲངས་ ༢༧ ཁོངས་ལོ་གཉིས་ཀྱི་སློབ་སྦྱོང་པ་རྣམས་ལ་ངག་རྒྱུགས་རྐྱང་པ་དང་ལོ་གཅིག་གི་དུས་ཐུང་སློབ་ཕྲུག་རྣམས་ལ་ཡིག་ངག་གཉིས་ཐོག་ནས་ལྡི་ལིར་མཁས་པའི་ཚོགས་ཆུང་གིས་ཤེས་ཚད་རྒྱུགས་བཞེས་གནང་མཐར་སློབ་གྲངས་ ༡༥ འདེམས་སྒྲུག་བྱས། དེ་དག་རྗེས་ལོ་ཕྱི་ཟླ་ ༨ ནང་ཨ་རིར་གཏོང་གཏན་འཁེལ།
༧༽    ཨ་རིའི་བྷི་རེ་ཡ་མཐོ་སློབ་ཏུ་སློབ་གཉེར་བ་གཉིས་གཏོང་ལམ་ཡོད་པ་ལྟར་ ༡༩༩༩ ཕྱི་ཟླ་ ༡༠ ཚེས་ ༨ ནས་ཚེས་ ༡༢ བར་ལྡི་ལིར་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་ཟིན་ཏེ་ཕྱིར་བསྐྱོད་ཟིན།
༨༽    དབྱིན་ཡུལ་ཨན་ཌ་རའོ(St. Andrews University)གཙུག་ལག་སློབ་ཁང་གིས་བོད་རིགས་སློབ་ཕྲུག་གཅིག་ལོ་བཞིའི་རིང་བཞེས་རྒྱུའི་ཞལ་བཞེས་བྱུང་བ་ལྟར་ ༡༩༩༩ ཕྱི་ཟླ་ ༡༢ ཚེས་ ༤ ནས་ཚེས་ ༧ བར་ལྡི་ལིར་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱས་ཏེ་དབྱིན་ཡུལ་དུ་བཏང༌།
༩༽    ལོ་འདིའི་ནང་སྤྱི་སྒེར་རོགས་ཚོགས་ཁག་དང་རང་རིགས་འབྱོར་ལྡན་ཁག་ལ་རོགས་རམ་འབོད་སྐུལ་ཞུས་ཏེ་སློབ་ཡོན་དང༌། འཚོ་སྣོན་རོགས་རམ་ཐབས་འཚོལ་ཞུས་ཏེ་ཁྱོན་བསྡོམས་ཕྲུ་གུ་ ༢༩༢ ལ་རོགས་རམ་གསར་འཚོལ་ཐུབ་ཅིང༌། དེའི་ཐོག་སྔོན་ཡོད་རོགས་རམ་བསྣན་ན་ལོ་འདིར་ཁྱོན་བསྡོམས་སློབ་ཕྲུག༌༥༥༣༢ ལ་རོགས་རམ་ཐོབ་བཞིན་ཡོད་ཅིང༌། དངུལ་སྒྱུར་བྱས་ན་ཧིན་སྒོར་ ༢༧༣༠༣༠༣༧་༨༠ ཟིན།
༡༠༽    ལོ་འདིའི་ལོ་དཀྱིལ་ཙམ་ནས་འགོ་འཛུགས་ཀྱིས་བཞུགས་སྒར་དྷ་ས་བདེ་དོན་དང་ལས་བྱེད་ཁག་ཅིག་བཅས་ཁྱོན་མི་གྲངས་ ༢༥ ཡིས་རང་ཉིད་ཀྱི་ཟླ་རེའི་གླ་ཕོགས་ཞལ་འདེབས་སྒོར་ ༥༠ རེ་བསྡུ་གསོག་གིས། བུ་ཕྲུག་གི་སློབ་ཡོན་རང་ངོས་ནས་འབུལ་དམིགས་མེད་པའི་ཉམ་ཐག་བུ་ཕྲུག་གི་སློབ་ཡོན་མཐུན་རྐྱེན་ཆེད་ཤེས་རིག་ལས་ཁུངས་སུ་འབུལ་འགོ་ཚུགས། དེས་ཉམ་ཐག་བུ་ཕྲུག་གཉིས་ལ་སློབ་ཡོན་སྦྱར།
༡༡༽    རང་གཞུང་གིས་ཉམ་ཐག་ལ་ཆེས་ཉམ་ཐག་དང་སྤྱིར་བཏང་ཉམ་ཐག དམིགས་བསལ་ཉམ་ཐག་བཅས་སྡེ་ཚན་གསུམ་དུ་དབྱེ་བའི་དང་པོ་ཆེས་ཉམ་ཐག་གི་བུ་ཕྲུག ༡༡༤༦ ལ་ཤེས་རིག་དང་བོད་ཁྱིམ་ཁག་གཉིས་ཀྱིས་གཏན་སློབ་ནང་སློབ་འཇུག་ཐུབ་ན་སློབ་འཇུག་དང༌། སློབ་འཇུག་མ་ཐུབ་ཚེ་ཉིན་སློབ་ཏུ་འགྲོ་རིང་འཚོ་སྣོན་ཧིན་སྒོར་ ༣༠༠ རེ་གནང་མུས་ཡིན་ཞིང༌། གཉིས་པ་སྤྱིར་བཏང་ཉམ་ཐག་མེའོ་དང་ཏེ་ཛུ། འབུམ་སྡེ་ལ་བསྟན་འཛིན་སྒང་གི་བུ་ཕྲུག་རྣམས་ས་གནས་གཞིས་ཆགས་ཀྱི་སློབ་གྲྭ་ཐོན་ཏེ་གཏན་སློབ་ཁག་ནང་ཟླ་སྒྲིལ་བྱེད་སྐབས། སློབ་ཡོན་རྩ་ཆག་ཐོག་ལམ་གྲོན་ཧིན་སྒོར་ ༡༠༠༠ རེ་གནང༌། གསུམ་པ་དམིགས་བསལ་ཉམ་ཐག་མཐའ་མཚམས་ངལ་ཅན་ས་ཁུལ་ཀྲུ་ཀྲིང་གི་བུ་ཕྲུག་མ་སུ་རི་སོགས་གཏན་སློབ་ཁག་བཞིའི་ནང་སློབ་ཡོན་རྩ་ཆག་ཐོག་ནས་སློབ་འཇུག་བྱས་དང་བྱེད་མུས་ཀྱི་སློབ་གྲོན་ཤེས་རིག་དང་བོད་ཁྱིམ་གཉིས་ཀྱིས་བཏང་བར་མ་ཟད། བུ་ཕྲུག་དེ་རིགས་སྐྱེལ་མཁན་ཚུན་གྱི་ལམ་གྲོན་དང༌། གུང་གསེང་རིང་ཕྲུ་གུར་སྡོད་གནས་དང་ལག་དངུལ་བཅས་ནར་གཏོང་བྱས།
༡༢༽    ལོ་འདིར་ཉམ་ཐག་དང༌། ས་གནས་སློབ་གྲྭའི་འཛིན་རིམ་མཐའ་མ་ཐོན་པ་རྣམས་བཅས་ཁྱོན་བསྡོམས་སློབ་ཕྲུག ༧༥༧ གཏན་སློབ་ཁག་ཏུ་སློབ་འཇུག་བྱས། དེའི་ཁོངས་སློབ་ཡོན་རྩ་ཆག་གནང་བ་གྲངས་ ༡༥༡ དང༌། སློབ་ཡོན་སྣེ་སེལ་ཆག་ཡང་ཐོག་སློབ་འཇུག་སོང་བ་གྲངས་ ༤༠༦ སློབ་ཡོན་ཆ་ཚང་ཕ་མ་རང་ངོས་ནས་སྒྲུབ་འཇལ་ཐོག་སློབ་འཇུག་སོང་བ་ཕྲུག་གྲངས་ ༢༠༠ བཅས་ཚུད་ཡོད།
༡༣༽    ལོ་འདིར་སྤོག་རེ་སྦོང་སློབ་གྲྭར་འཛིན་ཁང་ ༢ དང་རི་མོ་ཁང་ ༡ སྨན་ཁང་ ༡ ཅོན་ཏ་ར་སློབ་གྲྭར་སྨན་ཁང་དང༌། ཇ་ཁང༌། སྐམ་ཟས་ཁང༌། མ་ན་ལི་སློབ་གྲྭར་ཚན་རིག་ཁང༌། ཟློས་གར་འཁྲབ་ཆས་ཁང༌། དགེ་རྒན་ལྷན་བཞུགས་ཀྱིས་བཅོས་གནང་ས། སྤོན་ཊ་གཏན་སློབ་ནང་ཇ་ཁང་དང༌། སྐམ་ཟས་ཁང༌། སྤུར་ཝ་ལ་ཉིན་སློབ་ཏུ་དཔེ་མཛོད་ཁང་བཅས་གསར་སྐྲུན་ཟིན།
༡༤༽    སྒང་ཏོག་སློབ་གྲྭ་གསར་རྒྱག་གི་ལས་གཞིའི་ཁོངས་ནས་འཛིན་ཁང་ཁག་དང་ལས་ཁུངས་ཆ་ཚང་གསར་སྐྲུན་ཟིན་ཅིང༌། བུ་དང་བུ་མོའི་ཉལ་ཁང་སོགས་གསར་རྒྱག་བྱེད་བཞིན་པའི་མུར་གནས། སྤོན་ཊ་གཏན་སློབ་ཏུ་བུ་མོ་ ༣༠༠ ཤོང་པའི་ཉལ་ཁང་གསར་རྒྱག་གི་ལས་མུ་མཐུད་བྱེད་བཞིན་པའི་མུར་གནས།
༡༥༽    ཀྲུ་ཀྲིང་བུ་ཕྲུག་ཆེད་ཅོན་ཏ་ར་སློབ་གྲྭར་ཕྲུ་གུ་གྲངས་ ༡༠༠ ཤོང་བའི་ཉལ་ཁང་ཐོག་རྩེག་གསར་སྐྲུན་དང༌། དེ་དག་ནང་འཛིན་ཆས་དང་མལ་ཆས་ཆ་ཚང་མཁོ་སྒྲུབ་ལེགས་པར་ཟིན། དེ་བཞིན་དགེ་ལས་རྣམས་ཀྱི་ལས་ཤག་ཁང་མིག་ ༢ དང༌། ཁྲུས་ཁང་གསང་སྤྱོད་རང་འགྲིགས་ཅན་གྲངས་ ༦ གསར་རྒྱག་དང་འཛིན་ཆས་བཅས་མཁོ་སྒྲུབ་བྱས།
༡༦༽    བལ་ཡུལ་རྒྱལ་སར་ལག་ཤེས་སྦྱོང་བརྡར་ཁང་ཞིག་གསར་རྒྱག་ཆེད་ས་ཆ་སྤུས་ཉོ་བྱས་ཏེ་ལས་རིམ་ཁག་འགྲོ་བཞིན་པའི་མུར་གནས།
༡༧༽    ཤེས་རིག་བཀའ་བློན་དང་དྲུང་ཆེ་བལ་ཡུལ་དུ་ཆེད་ཕེབས་ཀྱིས་ ༡༩༩༩ ཕྱི་ཟླ་ ༡༢ ནང་བལ་ཡུལ་ཆེས་མཐཱུའི་ཤེས་ཡོན་ལྷན་ཚོགས་ཐེངས་གསུམ་པའི་གཙོ་སྐྱོང་གནང༌།
༡༨༽    གཏན་ཉིན་སློབ་གྲྭ་ཁག་ནང་དུ་ཟློས་དགེ་ཚད་ལྡན་ལྡང་ངེས་མི་ཐོབ་པའི་དཀའ་ངལ་ཡོད་མུས་སེལ་ཆེད་ཕྱི་ལོ་ ༡༩༩༩ ཕྱི་ཟླ་ ༨ ཚེས ༢༠ ནས་འགོ་བཙུགས་ཀྱིས་བོད་གཞུང་ཟློས་གར་ཚོགས་པར་སློབ་གཉེར་བ་གྲངས་ ༢༠ ལ་ལོ་གཉིས་རིང་ཟློས་དགེའི་འོས་སྦྱོང་གོ་སྒྲིག་བྱས།
༡༩༽    བལ་ཡུལ་བོད་མིའི་སློབ་གྲྭ་ཁག་ནང་ཕྱག་ལས་གནང་བཞིན་པའི་འོས་སྦྱོང་མེད་པའི་དགེ་རྒན་གྲངས་ ༢༧ ལ་ ༡༩༩༩ ཕྱི་ཟླ་ ༡༢ ཚེས་ ༢༠ ནས་ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༢༠ བར་ཟླ་གསུམ་རིང་དམིགས་བསལ་དགེ་རྒན་འོས་སྦྱོང་ཞིག་ས་རཱ་རིགས་སློབ་ཏུ་གོ་སྒྲིག་བྱས།
༢༠༽    ༡༩༩༩ ཕྱི་ཟླ་ ༧ ཚེས་ ༡ ནས་ཚེས་ ༢༡ བར་ཉིན་ཉི་ཤུ་རྩ་གཅིག་རིང་རྒྱ་བལ་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་གྲངས་ ༣༢ ལ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་གསལ་བའི་ཟློས་དགེའི་ལག་དེབ་གཞིར་བཟུང་སློབ་ཁྲིད་གནང་སྟངས་དང༌། རོལ་ཆ་འབུད་དཀྲོལ། ལྷ་མོའི་གཞུང་བཅས་ཀྱི་ཐོག་ཟབ་སྦྱོང་གཱུ་སྒྲིག་བྱས།
༢༡༽    ༡༩༩༩ ཕྱི་ཟླ་ ༨ ཚེས་ ༢༣ ནས་ཚེས་ ༢༧ བར་སྤོན་ཊ་གཏན་སློབ་ཏུ་གཏན་ཉིན་སློབ་གྲྭ་ཁག་གི་བོད་དགེ་གྲངས་ ༢༤ ལ་བྱེད་སྒོའི་ལམ་ནས་སློབ་ཁྲིད་གནང་ཐབས་དང༌། རིན་གོང་དམའ་བའི་སློབ་ཁྲིད་ཡོ་ཆས་བཟོ་སྟངས་ཐོག་ཁྱད་མཁས་མི་སྣ་གདན་ཞུས་ཀྱིས་ཟབ་སྦྱོང་གོ་སྒྲིག་བྱས། ཕྱོགས་མཚུངས་རྒྱ་གར་དབུས་སློབ་གྲྭའི་འཛིན་སྐྱོང་ཚོགས་པ་ནས་གཏན་འབེབས་མཛད་པའི་དམའ་རིམ་འཛིན་གྲྭ་ཁག་ཏུ་བྱེད་སྒོའི་ལམ་ནས་སློབ་ཁྲིད་གནང་ཐབས་ཀྱི་དཔེ་དེབ་བཞི་ཡོད་པའི་ནང་ནས་དཔེ་དེབ་དང་པོ་དང་གཉིས་པ་ཆ་ཚང་བོད་ཡིག་ཐོག་ཕབ་སྒྱུར་ཞུས་ཏེ་སློབ་གྲྭ་ཚང་མར་འགྲེམས་སྤེལ་བྱས།
༢༢༽ ༡༩༩༩ ཟླ་ ༡༢ ཚེས་ ༢༠ ནས་འགོ་འཛུགས་ཀྱིས་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གི་ཁྱབ་ཁོངས་སྔོན་འགྲཱུའི་དགེ་རྒན་གྲངས་ ༣༣ ལ་སྔོན་འགྲོའི་འཛིན་གྲྭར་སློབ་ཁྲིད་གནང་སྟངས་སོགས་ཐོག་ཟབ་སྦྱོང་ཞིག་དྷ་སྟེང་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་དུ་གཱུ་སྒྲིག་བྱས།
༢༣༽ ༡༩༩༩ ཕྱི་ཟླ་ ༡༢ ཚེས་ ༢༧ ནས་ཉིན་གྲངས་བཅུའི་རིང་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གི་ཁྱབ་ཁོངས་སློབ་གྲྭ་ཁག་གི་དམའ་རིམ་དགེ་རྒན་གྲངས་ ༢༧ ལ་བོད་ཀྱི་སྐད་ཡིག་གི་ལམ་ནས་ཚན་རིག་སོགས་སློབ་ཐབས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་བྱས།
༢༤༽    ༡༩༩༩ ཟླ་ ༨ ཚེས་ ༢༥ ཉིན་གཏན་ཉིན་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་ཁྲོད་ནས་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་སོ་སོར་རྩོམ་ཡིག་འགྲན་བསྡུར་གོ་སྒྲིག་གིས་ཨང་རིམ་དང་པོ་ནས་གསུམ་པ་བར་ལ་བྱ་དགའ་ལག་འཁྱེར་གནང༌། གཞན་ཡང་ཨ་རི་བོད་བོད་ཀྱི་དབུས་ལྟེ་གནས་ཁང་ནས་རེ་སྐུལ་གནང་བ་ལྟར་སློབ་གྲྭ་ཆེ་ཁག་ནང་གི་སློབ་མ་རང་ལོ་བཅུ་ནས་བཅུ་གཅིག་སོན་པ་རྣམས་ལ་འཛམ་གླིང་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ་ཞེས་པའི་བརྗོད་གཞི་ཐོག་རི་མོ་འགྲན་བསྡུར་གོ་སྒྲིག་བྱས་ཏེ་རི་མོ་ལེགས་གྲས་རྣམས་ཨ་རིར་ཆེད་བཏང༌།     སལ་ཝན་ཤེས་ཡོན་དགེ་རྩ་ཚོགས་པས་ལྡི་ལི་གསར་པའི་ནེཧ་རུ་རྩེད་ཐང་དུ་ ༡༩༩༩ ཟླ་ ༡༠ ཚེས་ ༡༢ ཉིན་གོ་སྒྲིག་ཞུས་པའི་རྩེད་འགྲན་ཁག་ནང་རྒྱ་གར་ཐེ་བའི་ཡུལ་གྲུ་དགུ་ལྷག་གི་སློབ་ཕྲུག་འཛུལ་ཞུགས་བྱས་པའི་ཁོངས་སུ་སྤོན་ཊ་གཏན་སློབ་ཀྱི་སློབ་ཕྲུག་ ༡༧ འཛུལ་ཞུགས་བྱས་འབྲས་སུ་གསེར་གྱི་རྟགས་མ་གཅིག་དང་ཟངས་ཀྱི་རྟགས་མ་གཅིག་བཅས་ཐོབ།
༢༥༽    ༡༩༩༩ ཟླ་ ༤ ཚེས་ ༤ ཉིན་དྷ་ས་གངས་སྐྱིད་ཕྱི་དྲིལ་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མི་འདུ་སྡོད་ས་ཁུལ་ཆེ་ཁག་གི་འཐུས་ཚབ་ ༣༠ ཙམ་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་བསམ་ཤོག་བསྡུ་འགོད་གནང་སྟངས་སྐོར་སྔོན་འགྲོའི་ཟབ་སྦྱོང་གོ་སྒྲིག་བྱས།
༢༦༽    ༡༩༩༩ ཕྱི་ཟླ་ ༡༠ ནས་བཟུང་རྒྱ་གར་ནང་གི་བོད་སློབ་འཛིན་རིམ་དྲུག་པ་ཡན་ཚང་མར་ཀམ་པུ་ཊར་གྱི་སློབ་སྦྱོང་སྤྲོད་གཏན་འཁེལ་ཞིང༌། འཛིན་རིམ་བཅུ་པ་ཡན་གྱི་སློབ་གྲྭ་ཚང་མར་ཤེས་རིག་ལས་ཁུངས་ནས་ཀམ་པུ་ཊར་བཅུ་རེ་དང་འཛིན་གྲྭ་ ༩ ནས་དྲུག་པ་བར་ལ་ཀམ་པུ་ཊར་ ༥ རེ་གནང་གཏན་འཁེལ།
༢༧༽    ༡༩༩༩ ཕྱི་ཟླ་ ༡༠ ནང་ཤེས་རིག་ལས་ཁུངས་སུ་པར་སྐྲུན་རོགས་རམ་ཡོང་བ་ཞུ་མཁན་རྣམས་ལ་རོགས་རམ་གནང་འོས་མཆིས་མིན་སྐབས་དུས་སོ་སོར་ཞིབ་འཇུག་གནང་མཁན་གྱི་དཔེ་དེབ་བསྐྱར་ཞིབ་ཚོགས་ཆུང་ཞེས་པ་གསར་འཛུགས་བྱས་ཏེ་ལས་དོན་གནང་འགོ་བཙུགས། ཚོགས་ཆུང་འདི་ཕྱི་ལོ་ ༢༠༠༣ བར་རྒྱུན་གནས་ཀྱིས་དཔེ་དེབ་པར་སྐྲུན་འོས་མིན་དང༌། རོགས་རམ་གནང་འོས་མིན། རོགས་རམ་གནང་ཚེ་ཇི་ཙམ་གནང་འོས་མིན་སོགས་ཀྱི་རྒྱབ་གཉེར་ཡིག་ཆ་བཀོད་དེ། ཤེས་རིག་བཀའ་བློན་དང་དྲུང་ཆེར་མཐའ་མའི་ཐག་གཅོད་སླད་འབུལ་གྱི་ཡོད། ཕྱི་ལོ་ ༢༠༠༣ ནས་ཚོགས་ཆུང་འདི་མེད་པར་གྱུར།
༢༨༽    ཅན་དྷི་གྷར་གྱི་མཐོ་སློབ་ཁག་ནང་སློབ་སྦྱོང་བྱེད་མུས་རང་རིགས་བོད་ཕྲུག་རྣམས་ལ་རང་གི་སྐད་ཡིག་རིག་གཞུང་གི་སློབ་སྦྱོང་མུ་མཐུད་དགོས་གལ་ཆེ་གཟིགས་ལ་བརྟེན་ ༡༩༩༩ ཕྱི་ཟླ་ ༩ ནས་སློབ་ཚན་གཏན་འབེབས་དང་འབྲེལ་བོད་ཡིག་དགེ་རྒན་བསྐོ་བཞག་བྱས།
༢༩༽    སྨྱུག་གསར་དུས་དེབ་གསུམ་པ་དང་གངས་ལྗོངས་བྱིས་པའི་བརྙན་དེབ་རྩོམ་སྒྲིག་པར་སྐྲུན་དང༌། ཨང་རྩིས་སློབ་དེབ་བཞི་པ་བསྐྱར་ཞིབ་གཏན་འབེབས་ཟིན། ཕ་ཡུལ་ན་གཞོན་བརྙན་དེབ་ལོ་རེར་དེབ་གཟུགས་སུ་ཐེངས་གཉིས་རེ་འདོན་མུས་ཡར་རྒྱས་བཏང་སྟེ་ཕ་ཡུལ་ཤེས་བྱའི་བང་མཛོད་ཅེས་མིང་སྒྱུར་དང་སྦྲགས་ ༡༩༩༩ ཕྱི་ཟླ་ ༡༠ ནས་བཟུང་ཟླ་རེ་བཞིན་ཆག་མེད་གསར་ཤོག་གི་གཟུགས་སུ་འདོན་འགོ་བཙུགས།
༣༠༽    སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ལྷན་ཚོགས་གསུམ་པ་ ༡༩༩༩ ཟླ་ ༡༡ ནང་ཝཱ་ར་ཎ་སིར་འཚོགས་སྐབས་སྔོན་འགྲོའི་སློབ་དེབ་གཉིས་དང༌། འཛིན་གྲྭ་དང་པོ་གཉིས་པ་བཅས་ཀྱི་སློབ་དེབ་བཞི་གཏན་འབེབས་གནང་ཐུབ་པ་བྱུང་བ་ལྟར་ཡིག་འབྲི་དང་དཔེ་རིས་བཀོད་སྒྲིག་བྱེད་འགོ་བཙུགས། དབྱིན་བོད་ཚིག་མཛོད་རྩོམ་སྒྲིག་གི་ལས་དོན་མུ་མཐུད་བྱེད་བཞིན་ཡོད་པ་ལྟར་རྗེས་ལོ་པར་སྐྲུན་ཐུབ་ཐབས་བྱ་རྒྱུའི་དམིགས་ཚད་བཟོས། ཨང་རྩིས་སློབ་དེབ་ལྔ་པ་བསྐྱར་བཅོས་བྱེད་འགོ་བཙུགས་ཤིང༌།     འཛིན་རིམ་ ༦ ནས་ ༨ བར་གྱི་བོད་ཡིག་སློབ་དེབ་བསྐྱར་བཅོས་བྱེད་ཕྱོགས་ཆེས་མཐོའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་ནས་ཐག་གཅོད་གནང་དོན་ལྟར་ཟིན་བྲིས་འདེབས་འགོ་བཙུགས།
༣༡༽     མདུན་ལམ་སློབ་སྟོན་པའི་གཟིགས་སྐྱོང་འོག་ཏ་མི་ན་ཏུའི་ཨུ་རེ་ཁིལ་ལི་ཞེས་པའི་ས་གནས་སུ་ལས་མེད་ན་གཞོན་བུ་གཉིས་དང་བུ་མོ་གཉིས་ལ་པར་སྐྲུན་དང་དེབ་ཀྱི་རྒྱབ་ཤ་རྒྱག་སྟངས་ཀྱི་སྦྱོང་བརྡར་དང༌། ལྡི་ལི་ཤེས་རིག་ལས་འཛིན་པ་བརྒྱུད་ནས་བུ་མོ་གཅིག་ལ་འགྲིམ་འགྲུལ་ཐོག་ལ་ཟླ་ ༣ འོས་སྦྱོང༌། བདེ་སྐྱིད་གླིང་གཞིས་ཆགས་སུ་ལས་མེད་བུ་མོ་དགུ་ལ་འཚེམ་བཟཱུའི་སྦྱོང་བརྡར། བུ་བརྒྱད་ལ་ཁ་ལོ་བའི་སྦྱོང་བརྡར། ཌལ་ཧོར་དང་མ་ན་ལི་ཁུལ་གྱི་བུ་ ༡༠ ལ་སྣུམ་འཁོར་བཤིག་སྒྲིག་གི་སྦྱོང་བརྡར་ཅན་རྡི་གྷར་ཁུལ་མོ་ཧ་ལི་སློབ་གཉེར་ཁང་དུ་གོ་སྒྲིག་བྱས། ཡང་སྒང་ཏོག་ཏུ་ལས་མེད་བུ་མོ་ཆོས་འཛོམས་དང་ཚེ་རིང་སྒྲོལ་མ་གཉིས་བརྙན་འཕྲིན་བཟོ་བཅོས་བྱེད་སྟངས་སྦྱོང་བརྡར་དུ་བཏང༌།
 

Menu