༡༽    ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་སྔོན་ཡོད་སློབ་གྲྭ་ ༨༧ ནས་ན་ནི་ཏལ་དང་ཀུམ་རའོ། བཀྲ་ཤིས་ལྗོངས། ས་ཊོན། ལ་ཁན་ཝ་ལ་སློབ་གྲྭ་འདི་དག་གཞུང་འབྲེལ་གསལ་བསྒྲགས་དང་བཅས་སྒོ་བརྒྱབས་ཏེ་སྔོན་འགྲོའི་སློབ་གྲྭ་ཙམ་དུ་བསྒྱུར་བའི་དུས་ཚེས་ནི་ཕྱི་ལོ་ ༡༩༩༩ ཟླ་ ༧ ཚེས་ ༡ ཉིན་ཡིན།བཅས་ཀྱི་སློབ་གྲྭ་ ༥ ནང་སློབ་ཕྲུག་ཉུང་རྐྱེན་སློབ་གྲྭའི་ཐོ་གཞུང་ནས་འཐེན་འཕྲོས་སློབ་གྲྭ་ ༨༢ ༼བོད་སློབ་འཛིན་ཚོགས་སློབ་ཁག ༢༩ ཤེས་རིག་ཐད་འཛིན་སློབ་ཁག ༢༨ ཟུར་སྐྱོང་སློབ་ཁག ༢༥༽ ཡོད་པའི་ནང་སློབ་ཕྲུག་ཕོ་མོ་ ༢༥༧༠༦ དང༌། དགེ་རྒན་ལས་བྱེད་ ༢༣༣༦ ཡོད།
        ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། སིམ་ལ། བྷེལ་ཀོབ། ཀ་སྦུག མོན་གྷོ། ཧར་པ་པུར། སྤོན་ཊ། ཀེ་ལ་མན་ཊོང༌། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། བྷེལ་ཀོབ་བོད་ཁྱིམ་བཅས་ནས་འཛིན་རིམ་བཅུ་གཉིས་པའི་ཡིག་ཚད་དུ་ཞུགས་མཁན་ ༧༠༣ ཡོད་པའི་ནང་ནས་ཨང་སྡེ་དང་པོ་ ༢༦༦ ཨང་སྡེ་གཉིས་པ་ ༣༤༣ ཨང་སྡེ་གསུམ་པ་ ༡༤ བསྐྱར་རྒྱུགས་གཏོང་དགོས་ ༦༤ རྒྱུགས་མ་འཕྲོད་པ་ ༡༦ བཅས་ཡོད།
༢༽    ལོ་འདིར་མཐོ་རིམ་སློབ་ཡོན་གསར་དུ་ཐབས་འཚོལ་ཐུབ་པ་ ༡༠༦ བྱུང་བ་ལྟར་སློབ་ཡོན་བགོས་འགྲེམས་ཀྱིས་ཁྱོན་བསྡོམས་སློབ་ཕྲུག ༡༤༤ མཐོ་སློབ་དང་སློབ་གཉེར་ཁང་ནང་རང་རང་གི་འདོད་མོས་ཡོད་པའི་སློབ་ཚན་ཐོག་སློབ་གཉེར་བྱེད་ཐུབ་པ་བྱུང༌།
༣༽    ཨ་རིའི་གཞུང་གི་སློབ་ཡོན་ལས་གཞིའི་འོག་སྔ་ལོ་འདེམས་སྒྲུག་བྱས་པའི་སློབ་ཕྲུག་ ༡༥ ལོ་འདིའི་ཕྱི་ཟླ་ ༨ ནང་ཨ་རིར་བཏང༌། ༡༩༩༩ ལོར་གཏོང་རྒྱུའི་སློབ་ཕྲུག ༡༥ སྔར་ལམ་ལྟར་འདེམས་སྒྲུག་བྱས།
        ཨ་རིའི་བྷེ་རི་ཡ་མཐོ་སློབ་ཏུ་ལོ་བཞིའི་སློབ་སྦྱོང་ཆེད་བོད་ཕྲུག་གཉིས་སྔ་ལོ་འདེམས་སྒྲུག་ཟིན་པ་ཡང་འདི་ལོ་བཏང༌།
༤༽    སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ཆིབས་སྒྱུར་བསྐྱངས་སྐབས་ཡུལ་དེའི་སུན་ཀྲུང་ཧྲན་གཙུག་ལག་སློབ་ཁང་གིས་བོད་མི་བཞི་ལ་སློབ་ཡོན་གནང་རྒྱུའི་ཞལ་བཞེས་གནང་བ་ལྟར། ཤེས་རིག་ལས་ཁུངས་ཀྱིས་མཇུག་སྐྱོང་འབྲེལ་ལམ་ཞུས་ཏེ་མཐར་མི་འགྲོ་ ༤ འདེམས་སྒྲུག་སྔ་ལོ་ཟིན་པ་ལོ་འདིའི་ཟླ་བ་ ༩ ནང་ཐེ་ཝན་དུ་བཏང༌།
༥༽    དབྱིན་ཡུལ་དགེ་རྩ་ཚོགས་པས་བོད་ཕྲུག ༡ ལ་ཡུལ་དེར་རྡོ་རྐོས་སློབ་སྦྱོང་གི་སློབ་ཡོན་གནང་བ་ལྟར་སྔ་ལོ་མི་འགྲོ་འདེམས་སྒྲུག་བྱས་ཟིན་པ་འདི་ལོ་དངོས་སུ་བཏང༌།
        ནོར་ཝེ་བྷར་གྷན་གཙུག་ལག་སློབ་ཁང་དུ་བོད་ཕྲུག་གཅིག ༡༩༩༨ ཟླ་བ་ ༡ ནང་བཏང༌།
༦༽    ལོ་འདིར་གཞི་རིམ་སློབ་ཡོན་ཐབས་འཚོལ་བྱས་འབྲས་སུ་ཁྱོན་སློབ་ཡོན་གྲངས་ ༨༡༦ གསར་འཚོལ་ཐུབ་པ་བྱུང༌། ལོ་འདིར་གཏན་སློབ་ཁག་ཏུ་ཁྱོན་བསྡོམས་སློབ་ཕྲུག ༧༡༡ སློབ་འཇུག་བྱས། དེའི་ཁོངས་སློབ་ཡོན་རྩ་ཆག་སོང་བ་ ༡༦༠ སློབ་ཡོན་ཆག་ཡང་སོང་བ་ ༣༧༩ སློབ་ཡོན་ཆ་ཚང་ཕ་མ་རང་ངོས་ནས་སྒྲུབ་འབུལ་ཞུས་པ་ ༡༧༢ བཅས་བྱུང་ཡོད། ལོ་འདིར་ཤེས་རིག་ལས་ཁུངས་ཀྱི་གཞི་རིམ་སློབ་ཡོན་དང་འཚོ་སྣོན་རོགས་རམ་ཐོབ་པའི་ཕྲུ་གུའི་སྤྱི་ཡོངས་གྲངས་འབོར་ ༥༣༣༠ ཡིན།
༧༽    ཆེས་ཉམ་ཐག་བུ་ཕྲུག་ཁྱོན་བསྡོམས་ ༡༡༤༦ ཡོད་པའི་ནང་ནས་ཤེས་རིག་གིས་གཟིགས་སྐྱོང་གནང་དགོས་ ༤༤༣ ལ་སློབ་ཡོན་དང་འཚོ་སྣོན་གང་འོས་གནང་ཞིང༌། དམིགས་བསལ་ཉམ་ཐག་ཀྲུའུ་ཀྲིང་མཐའ་ཁུལ་བུ་ཕྲུག་ཚོར་སློབ་ཡོན་རྩ་ཆག་གིས་གཏན་སློབ་ནང་སློབ་འཇུག་ཐོག་དབྱར་དགུན་གུང་སེང་རིང་བོད་ཁྱིམ་གཉིས་ནང་བཅོལ་འཇོག ཟླ་རེར་ལག་དངུལ་སྒོར་ ༧༠ རེ། གཏན་སློབ་ཏུ་སྐྱེལ་སྐབས་སྐྱེལ་མིའི་ལམ་གྲོན་བཅས་ཡོངས་རྫོགས་ནར་གཏོང་བྱས། སྤྱིར་བཏང་ཉམ་ཐག་མེའོ་དང་ཏེ་ཛུ། བསྟན་འཛིན་སྒང་ས་ཁུལ་གྱི་བུ་ཕྲུག་ལ་སློབ་ཡོན་ཆག་ཡང་གིས་སློབ་འཇུག་ཐོག་གཏན་སློབ་ཏུ་ཡོང་སྐབས་ལམ་གྲོན་སྒོར་ ༡༠༠༠ རེ་ཡང་གནང་བ་སོགས་མདོར་ན་ཉམ་ཐག་ལ་དམིགས་བསལ་གཟིགས་སྐྱོང་གི་སྲིད་བྱུས་དོན་འཁྱོལ་ཞུས་དང་ཞུ་བཞིན་ཡོད་ཀྱང༌། ཡིག་ཚོགས་ལ་འཇིགས་ཏེ་ལོ་རྗེས་མ་ཁག་གི་ནང་དགོས་པ་དམིགས་བསལ་མ་བྱུང་ཚེ་བྲིས་མེད།
༨༽    ༡༩༩༨ ཟླ་ ༥ ནང་བལ་ཡུལ་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་དང༌། ཟླ་བ་ ༥།༦ ནང་ཀ་ལོན་སྦུག་དང་རྡོར་གླིང༌། སྒང་ཏོག་ཁུལ། ཟླ་བ་ ༨།༩ ནང་ལྷོ་གཞིས་ཁག་ལྔ༌། ཟླ་ ༡༠།༡༡ ནང་རྒྱ་གར་ནང་གི་མེའོ་དང་ཏེ་ཛུ། འབུལ་ལྡེ་ལ་བསྟན་འཛིན་སྒང༌། ཤེ་ལོང་བཅས་སུ་ལས་བྱེད་ཆེད་དུ་བསྐོ་བརྫོང་གནང་སྟེ། སློབ་ཡོན་དང་འཚོ་སྣོན་གནང་བཞིན་པའི་སློབ་ཕྲུག་དང་དེ་དག་གི་ཁྱིམ་ཚང་གི་དངོས་ཡོད་གནས་སྟངས་ཞིབ་འཇུག་ཐོག་འདས་གྲོངས་སོང་ཟིན་པ་དང༌། བོད་ཁྱིམ་ཁག་གཉིས་ཀྱི་ཁོངས་སུ་སློབ་འཇུག་བྱས་ཟིན་པ་སོགས་རོགས་རམ་དགོས་མེད་དང་ཉིས་ཟློས་སུ་སོང་བ་ཁྱོན་བསྡོམས་ ༡༢༥ ལ་རོགས་རམ་གནང་མཚམས་བཞག
༩༽    སྤོན་ཊ་གཏན་སློབ་ཏུ་དཔེ་མཛོད་ཁང་གཉིས་དང༌། གངས་སྐྱིད་ཉིན་སློབ་ཏུ་འཛིན་ཁང་གསུམ་དང་ལས་ཁུངས་གཅིག ཤེ་ལོང་སློབ་གྲྭར་འཛིན་ཁང་ལྔ༌། པུ་རུ་ཝ་ལ་སློབ་གྲྭར་ལས་ཤག་ཆེ་བ་གཉིས་དང་ཆུང་བ་གཉིས། ཀ་སྦུག་གཏན་སློབ་ཏུ་གསང་སྤྱོད་བཞི། ས་རུད་འགོག་བྱེད་ཀྱི་ལྕགས་རི། ཅོན་ཏ་ར་སློབ་གྲྭར་སློབ་ཕྲུག ༢༠༠ ཤོང་བའི་ཉལ་ཁང་དང་ཚོགས་ཁང་ཆེ་བ་གཅིག ཀམ་རའོ་གཞིས་སློབ་ཏུ་འཛིན་ཁང་གཉིས། སིམ་ལ་ཀ་སྦུག ཌལ་ཧོར། སྤོག་རེ་སྦོང༌། ཤེ་ལོང་བཅས་ཀྱི་སློབ་གྲྭ་ཁག་ལྔའི་ནང་གསང་སྤྱོད་དང་ཁྲུས་ཁང་གསར་རྒྱག་དང་བཟོ་བཅོས་བཅས་ཆ་ཚང་ཟིན།
༡༠༽    གླིང་སྒྲུང་དོན་བསྡུས་དང༌། ཨང་རྩིས་སློབ་དེབ་ལྔ་པ། སྒྲ་བསྒྱུར་ལག་དེབ། སྨྱུག་གསར། ཤེས་རིག་གསར་འཕྲིན་སོགས་པར་སྐྲུན་འགྲེམས་སྤེལ་བྱས། ཨང་རྩིས་སློབ་དེབ་བཞི་པར་བསྐྱར་ཞིབ་དང་དབྱིན་བོད་ཚིག་མཛོད་རྩོམ་སྒྲིག་གི་ལས་དོན་མུ་མཐུད་དེ་བྱས།
༡༠༽    ༡༩༩༨ ཟླ་ ༣ ཚེས་ ༡༦།༡༧ ཉིན་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་གཉིས་བལ་ཡུལ་དུ་ཆེད་ཕེབས་ཀྱིས་བལ་ཡུལ་ཆེས་མཐོའི་ཤེས་ཡོན་ཚོགས་འདུ་འཚོགས།
        ༡༩༩༨ ཟླ་ ༩ ཚེས་ ༢༡ ནས་༢༢ བར་བོད་ཕྲུག་ཚོའི་བསམ་སྤྱོད་དང་བོད་ཡིག་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་ཤེས་རིག་དང་བོད་ཁྱིམ་གཉིས། བོད་སློབ་འཛིན་ཚོགས་ཀྱི་སྐུ་ཚབ་བཅས་ལྷན་ཚོགས་གནང༌།
        ཟླ་ ༧ ཚེས་ ༡ ནས་ ༤ བར་སློབ་གྲྭ་ཁག་ཅིག་གི་འགན་འཛིན་རྣམས་བསྡུ་སྐོང་གིས་སློབ་གྲྭའི་འཛིན་སྐྱོང་དང་ཤེས་ཡོན་སྐོར་ལ་གོ་བསྡུར་བྱས།
༡༡༽    ས་རཱ་རིགས་སློབ་ཏུ་ ༡༩༩༨ ཟླ་ ༩ ཚེས་ ༡ ནས་མི་གྲངས་ ༢༥ ལ་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་ཐེངས་བཞི་པ་གོ་སྒྲིག་བྱས།
        ལོ་འདིའི་ཟླ་བ་ ༧ ཚེས་ ༡༨ ནས་ ༢༦ བར་བལ་ཡུལ་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་ཚོར་ཟབ་སྦྱོང་དང༌། ཟླ་བ་ ༨ ཚེས་ ༡༠ ནས་ ༢༡ བར་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་གཞི་རིམ་འོག་མའི་དགེ་རྒན་ཚོར་ཨང་རྩིས་དང་འབྲེལ་བའི་ཟབ་སྦྱོང༌། ཟླ་ ༡༠ ཚེས་ ༡༢ ནས་ ༢༢ བར་ཝཱ་ཎ་མཐོ་སློབ་ཏུ་མཐོ་རིམ་བོད་དགེ་དང་ཆོས་དགེ་ཚོར་ཟབ་སྦྱོང་གོ་སྒྲིག་བྱས།
༡༢༽    སྦེལ་ཀོབ་བོད་ཁྱིམ་དུ་ལོ་གཉིས་ཡུན་ཅན་གྱི་སྔོན་འགྲོའི་དགེ་རྒན་འོས་སྦྱོང་གོ་སྒྲིག་བྱས་པ་དེ་ཟླ་ ༦ ཚེས་ ༢༢ ཉིན་ཡོངས་སུ་མཇུག་སྒྲིལ་ཏེ་སློབ་གྲྭ་སོ་སོར་བསྐོ་བཞག་བྱས།
༡༣༽    བོད་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་བཟོ་འགོད་ཚོགས་ཆུང་གི་ལམ་སྟོན་ལྟར་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་དང་ཤེས་ཡོན་གྱི་གནས་སྟངས་ཐད་ཉམས་ཞིབ་ཀྱིས་ད་ལྟའི་གནས་སྟངས་སྙན་ཐོ་ཞེས་པའི་ཟིན་བྲིས་ཤིག་བཏོན་པ་དེའི་ཐོག་བོད་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་བཟོ་འགོད་ཚོགས་ཆུང་གི་ཚོགས་མི་ཡོངས་དང༌། ཚོགས་ཆུང་གི་སློབ་སྟོན་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། གསར་དུ་གདན་ཞུ་བྱས་པའི་སློབ་སྟོན་པ་འཇའ་མུ་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་ཟུར་པ་དང༌། རྒྱ་གར་ཤེས་ཡོན་འཆར་འགོད་དང་ཉམས་ཞིབ་ལྟེ་གནས་ཁང་གི་ངེས་སྟོན་པ་ཟུར་པ་མཁས་དབང་ས་ཏ྄ིཡ་བྷུ་ཤན་དང༌། རྒྱ་གར་ཤེས་ཡོན་འཆར་འགོད་དང་ཉམས་ཞིབ་ལྟེ་གནས་ཁང་གི་ངེས་སྟོན་པ་ཟུར་པ་མཁས་དབང་བཱལ་དེབ་མཧཱ་ཇཱན་བཅས་ནོར་བུ་གླིང་ཁར་ཟླ་ ༩ ཚེས་ ༢༧།༢༨ ལྷན་ཚོགས་ཀྱིས་སྙན་ཐོའི་ནང་དོན་གོ་བསྡུར་བྱས། ཚོགས་ཆུང་གིས་ཤེས་ཡོན་སྲིད་བྱུས་བཟོ་འགོད་མ་བྱས་གོང་སྙན་ཐོའི་ནང་གསལ་དཀའ་གནད་ཁག་ཅིག་ཟུར་འདོན་གནང་བའི་ཐོག དགེ་ལས་སློབ་ཕྲུག་དང༌། ཕ་མ། ཤེས་ཡོན་ཅན་སོགས་ཀྱི་བསམ་ཤོག་བསྡུ་ལེན་དང་ཉམས་ཞིབ་གཏིང་ཟབ་བྱེད་དགོས་པའི་ཐག་གཅོད་གནང༌།
༡༤༽    གོང་གསལ་ད་ལྟའི་གནས་སྟངས་སྙན་ཐོ་ཞེས་པ་དེར་སྣོན་འཕྲི་གནང་འོས་གནང་སྟེ་དེབ་གཟུགས་དབྱིན་ཡིགསུ་པར་སྐྲུན་བྱས།
༡༥༽    ཤེས་རིག་ཐད་འཛིན་སློབ་ཁག་གི་སྒྲིག་གཞི་ཤེས་རིག་རང་ཁོངས་ལས་བྱེད་ཀྱི་སྒྲིག་གཞིར་བསྐྱར་བཅོས་དང་གཏན་འབེབས་བྱས། ཟློས་དགེ་རྣམས་ཀྱིས་འཛིན་རིམ་གཞི་བཟུང་སློབ་སྟོན་བྱེད་ཕྱོགས་ཀྱི་ལམ་སྟོན་ལག་དེབ་གསར་བཟོ་བྱས།
༡༦༽    རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེའི་མཛད་འགན་ལོ་ ༡༢ ལྷག་བཞེས་རྗེས་ཉེ་དུས་ཕྱི་ཟླ་ ༡༡ ནང་བགྲེས་ཡོལ་ལ་ཕེབས་པའི་སྐུ་ཞབས་དྷ་དྷ་བཞུགས་སྒར་དུ་ཆེད་དུ་གདན་ཞུས་ཀྱིས་ཟླ་ ༡༢ ཚེས་ ༡༠ ཞི་བདེའི་གཟེངས་རྟགས་དུས་ཆེན་གྱི་མཛད་སྒོའི་ཐོག་ཐུགས་རྗེ་ལེགས་གསོ་དང་དྲིན་གཟོ་མཚོན་བྱེད་དུ་དམིགས་བསལ་གཟེངས་བསྟོད་ཅིག་ཁྲིམས་ཞིབ་པ་ཆེ་བ་བློ་བཟང་དར་རྒྱས་མཆོག་གིས་འབུལ་གནང་མཛད།
 

Menu