༡༽    འདི་ལོ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་ ༨༦ ༼བོད་སློབ་འཛིན་ཚོགས་སློབ་ཁག ༣༠ ཤེས་རིག་ཐད་འཛིན་སློབ་ཁག ༣༢ ཟུར་སྐྱོང་སློབ་ཁག ༢༤༽ ཡོད་པའི་ནང་སློབ་ཕྲུག་ཕོ་མོ་ ༢༥༣༦༡ དང༌། དགེ་རྒན་ ༡༥༧༧ ལས་བྱེད་ ༡༥༧༧ ཡོད།
        ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། སིམ་ལ། བྷེལ་ཀོབ། ཀ་སྦུག མོན་གྷོ། ཧར་པ་པུར་བཅས་ནས་འཛིན་རིམ་བཅུ་གཉིས་པའི་ཡིག་ཚད་དུ་ཞུགས་མཁན་ ༢༧༧ ཡོད་པའི་ནང་ནས་ཨང་སྡེ་དང་པོ་ ༨༢ ཨང་སྡེ་གཉིས་པ་ ༡༡༨ ཨང་སྡེ་གསུམ་པ་ ༡༥ བསྐྱར་རྒྱུགས་གཏོང་དགོས་ ༤༤ རྒྱུགས་མ་འཕྲོད་པ་ ༡༨ བཅས་ཡོད།
༢༽    ལོ་འདིར་མཐོ་རིམ་སློབ་ཡོན་གསར་དུ་ཐབས་འཚོལ་ཐུབ་པ་ ༡༠༦ བྱུང་བ་ལྟར་སློབ་ཡོན་བགོས་འགྲེམས་ཀྱིས་ཁྱོན་བསྡོམས་སློབ་ཕྲུག ༡༡༩ མཐོ་སློབ་དང་སློབ་གཉེར་ཁང་ནང་རང་རང་གི་འདོད་མོས་ཡོད་པའི་སློབ་ཚན་ཐོག་སློབ་གཉེར་བྱེད་ཐུབ་པ་བྱུང༌།
༣༽    ཨ་རིའི་གཞུང་གི་སློབ་ཡོན་ལས་གཞིའི་འོག་སྔ་ལོ་འདེམས་སྒྲུག་བྱས་པའི་སློབ་ཕྲུག་ ༡༥ ལོ་འདིའི་ཕྱི་ཟླ་ ༨ ནང་ཨ་རིར་བཏང༌། ༡༩༩༧ ལོར་གཏོང་རྒྱུའི་སློབ་ཕྲུག ༡༥ སྔར་ལམ་ལྟར་འདེམས་སྒྲུག་བྱས།
        ཨ་རིའི་བྷེ་རི་ཡ་མཐོ་སློབ་ཏུ་ལོ་བཞིའི་སློབ་སྦྱོང་ཆེད་བོད་ཕྲུག་གཉིས་སྔ་ལོ་འདེམས་སྒྲུག་ཟིན་པ་ཡང་འདི་ལོ་བཏང་ཞིང༌། ལོ་རྗེས་མའི་སློབ་ཕྲུག་གཉིས་སྔར་བཞིན་འདེམས་སྒྲུག་བྱས།
༤༽    དབྱིན་ཡུལ་བོད་དོན་ཚོགས་པས་ཝེ་སེ་ཊོན་སུབ་པར་མ་རེ་ཞེས་པའི་མཐོ་སློབ་ཏུ་བོད་ཕྲུག་གཉིས་ལ་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་གནང་བ་ལྟར་སློབ་ཕྲུག་གཉིས་འདེམས་སྒྲུག་གིས་ཕྱི་ཟླ་ ༨ ནང་བཏང༌། བོད་ཕྲུག་ཚོའི་བསམ་སྤྱོད་གང་ཐད་ནས་ལེགས་ལམ་དུ་ཡར་རྒྱས་ཡོང་ཐབས་ཀྱི་ཚོགས་འདུའི་ཚོགས་བཅར་བ་རྣམས། གཡས་ནས་བརྩིས། མདུན་གྲལ་ས་རུ་འཁོད་པ། ༡ ཤེས་རིག་ལས་བྱེད་ཚེ་རིང་ཆོས་སྒྲོན། ༢ ཤེས་རིག་ལས་བྱེད་ཚེ་རིང་གཡང་སྐྱིད། ༤ ཤེས་རིག་ལས་བྱེད་བསྟན་འཛིན་བུ་འཁྲིད། ༥ བྷེལ་ཀོབ་བོད་དགེ་ཚེ་བརྟན་བཀྲ་ཤིས། ༦ ཤེས་རིག་ལས་བྱེད་བཀྲ་ཤིས་དོན་གྲུབ། གྲལ་གཉིས་པ། ༡ ཤེས་རིག་ལས་བྱེད་ཆུང་ཚེ་རིང༌། ༢ གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་པདྨ་ལྷུན་གྲུབ། ༤ ཆོས་རིག་དྲུང་ཆེ་བཟང་མཁན་མཁས་གྲུབ། ༥ སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ། ༥ ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང༌། ༦ ཤེས་རིག་དྲུང་ཆེ་རིན་ཆེན་མཁའ་འགྲོ། ༧ ཤེས་རིག་རྩོམ་སྒྲིག་འགན་འཛིན་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས། ༨ དྷ་ས་བདེ་དོན་ཟླ་བ་ཚེ་རིང༌། གྲལ་གསུམ་པ། ༡ ཤེས་རིག་ཤེས་ཡོན་འགན་འཛིན་རིན་ཆེན། ༢ རྡོར་གླིང་ཆོས་དགེ་བསྟན་པ་བཀྲ་ཤིས། ༣ བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་ཚེ་རིང་ཆོས་སྒྲོན། ༤ བོད་ཁྱིམ་དགེ་འོས་སྦྱོང་བརྡར་ཁང་གི་དབུ་འཛིན་དགེ་བཤེས་པདྨ་རྡོ་རྗེ། ༥ མོན་གྷོ་གཏན་སློབ་ཀྱི་ཆོས་དགེ་བློ་བཟང་དཔལ་འབྱོར། ༦ མ་སུ་རི་བོད་ཁྱིམ་ཆོས་དགེ་འཇམ་དབྱངས་རྒྱ་མཚོ། ༧ དྷ་ས་བོད་ཁྱིམ་ཆོས་དགེ་ཐུབ་བསྟན་ལེགས་འཕེལ། ༨ སིམ་ལ་གཏན་སློབ་ཆོས་དགེ་ནམ་མཁའ་རྒྱལ་མཚན། ༩ དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་བསོད་ནམས་སྒྲོལ་དཀར། ༡༠ སྤོན་ཊ་གཏན་སློབ་ཀྱི་ཆོས་དགེ་བསྟན་འཛིན་ཆོས་སྒྲུབ། རྒྱབ་གྲལ། ༡ དྷ་ཤོད་བོད་ཁྱིམ་ཆོས་དགེ་བུ་ཕྲུག ༢ མ་སུ་རི་གཏན་སློབ་ཀྱི་ཆོས་དགེ་ཐུབ་བསྟན་ལུང་རྟོགས། ༣ དྷ་སྟེང་བོད་ཁྱིམ་གྱི་སློབ་སྤྱི་གཞོན་པ་ཀརྨ་སྲི་ཐར། ༤ ཤེས་རིག་རྩོམ་སྡེའི་ཀརྨ་སྨོན་ལམ། ༥ བོད་ཀྱི་དཔེ་མཛོད་ཁང་གི་ན་ག་སངས་རྒྱས་བསྟན་དར། ༦ ཤེས་རིག་ཤེས་ཡོན་སྡེ་ཚན་གྱི་རི་ཁ་བཀྲ་ཤིས་ནོར་བུ། ༧ བོད་ཁྱིམ་སློབ་སྤྱི་ལེགས་བཤད་བརྟན་པ། ༨ ཌལ་ཧོར་ཆོས་དགེ་དཀོན་མཆོག་བསོད་ནམས། ༩ ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱི་སྐལ་བཟང་མཁས་གྲུབ།
༥༽    ལོ་འདིར་གཞི་རིམ་སློབ་ཡོན་ཐབས་འཚོལ་བྱས་འབྲས་སུ་ཁྱོན་སློབ་ཡོན་གྲངས་ ༥༥༥ གསར་འཚོལ་ཐུབ་ཅིང༌། དེ་དག་སློབ་ཡུན་ལོ་ ༦ དང་ཟླ་རེར་ཧིན་སྒོར་ ༣༠༠ བརྩིས་ཚེ་ཧིན་སྒོར་ ༡༡༩༨༨༠༠༠ ཆགས་ཀྱི་ཡོད། ལོ་འདིར་གཏན་སློབ་ཁག་ཏུ་ཁྱོན་བསྡོམས་སློབ་ཕྲུག ༦༦༤ སློབ་འཇུག་བྱས་ཤིང༌། དེའི་ཁོངས་ནས་སློབ་ཕྲུག༌༣༨༥ ཤེས་རིག་གིས་སློབ་ཡོན་ནར་གཏོང་དང༌། སློབ་ཕྲུག ༡༥༡ ལ་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཡོན་སྩལ་ཡོད། འཕྲོས་ ༡༢༨ ཕ་མ་རང་ངོས་ནས་སློབ་ཡོན་ཕུལ་ཏེ་སློབ་འཇུག་བྱས་པ་རེད། ལོ་འདིར་ཤེས་རིག་ལས་ཁུངས་ཀྱི་གཞི་རིམ་སློབ་ཡོན་དང་འཚོ་སྣོན་རོགས་རམ་ཐོབ་པའི་ཕྲུ་གུའི་གྲངས་འབོར་ ༦༢༠༥ ཡིན།
༦༽    ༡༩༩༦ ཟླ་ ༨ ཚེས་ ༡།༢ ཉིན་གཉིས་རིང་སྐུ་སྒེར་ཡིག་ཚང་དང༌། ཆོས་རིག་ལས་ཁུངས། གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། དྷ་ས་བདེ་དོན། བོད་ཁྱིམ་ཁག་གཉིས། གཏན་སློབ་ཁག་ཡོངས་ཀྱི་ཆོས་དགེ་བཅས་ཚོགས་སྐོང་གིས་བོད་ཕྲུག་ཚོའི་བསམ་སྤྱོད་གང་ཐད་ནས་ཡ་རབས་དམ་པའི་ཚུལ་དང་མཐུན་པར་ཡར་རྒྱས་ཡོང་ཐབས་སྐོར་ལ་གྲོས་བསྡུར་གནང༌། ཚོགས་ཐོག་ཐག་གཅོད་བྱུང་བའི་གྲོས་ཆོད་ཁག་བོད་མི་གནས་ཡུལ་ས་གནས་ཡོངས་ལ་འགྲེམས་སྤེལ་གྱིས་མཇུག་གནོན་བྱས།
        ༡༩༩༦ ཟླ་བ་ ༡༡ ནང་གཏན་ཉིན་སློབ་གྲྭ་ཁག་གི་བོད་རིགས་སློབ་སྤྱིའི་རེག་ཊརལོ་འཁོར་ཚོགས་འདུ་འཚོགས། ཚོགས་འདུ་འདི་ད་བར་རྒྱུན་མ་ཆད་པར་ཡོད་ཀྱང་འདི་མན་གྱི་ལོ་དུས་སོ་སོའི་ནང་ཡིག་ཚོགས་ལ་འཇིགས་ཏེ་བཀོད་མེད།
༧༽    ༡༩༩༦ ཟླ་བ་ ༡༠ ཚེས་ ༣།༤ ཉིན་གཉིས་རིང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ་མཁས་པ་དང་རྩོམ་སྒྲིག་པ་སོགས་ ༣༠ ཙམ་ཚོགས་སྐོང་གིས་ཕྱི་རྒྱལ་གྱི་མི་མིང་ས་མིང་སོགས་སྒྲ་རང་སོར་འབྲི་ཐབས་སྐོར་ལ་གྲོས་བསྡུར་བྱས། ཚོགས་འདུའི་གྲོས་ཆོད་རྗེས་འབྲེལ་གྱི་ལམ་སྟོན་དཔེ་དེབ་ཅིག་རིང་མིན་པར་སྐྲུན་གནང་གཏན་འཁེལ།
༨༽    ༡༩༩༦ ཟླ་བ་ ༩ ཚེས་ ༢༥ ཉིན་ཤེས་རིག་བཀའ་བློན་མཆོག་གིས་ཚོགས་མི་དྲུག་དང་སློབ་སྟོན་པ་གཅིག་ཚོགས་མི་དྲུག་ནི། ༡༽ ཚོགས་གཙོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང༌། ཚོགས་ཆུང་གི་དྲུང་ཆེ་ཤེས་རིག་ཟུང་དྲུང་རི་ཁ་བཀྲ་ཤིས་ནོར་བུ། ཚོགས་མི་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ངག་དབང་རྡོ་རྗེ། ཚོགས་མི་མ་སུ་རི་གཏན་སློབ་ཀྱི་སློབ་སྤྱི་ཚེ་དཔག་རིག་འཛིན། ཚོགས་མི་ཤེས་རིག་རྩོམ་སྡེའི་འགན་འཛིན་ལས་རོགས་ཀརྨ་སྨོན་ལམ། ཚོགས་མི་དོན་གྲུབ་གླིང་ནེ་རུ་རྗེས་དྲན་སློབ་གྲྭའི་སློབ་སྤྱི་ཀརྨ་བསྟན་སྲུང་བཅས་དང༌། སློབ་སྟོན་པ་ཝཱ་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིན།བཅས་ལས་གྲུབ་པའི་བོད་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་བཟོ་འགོད་ཚོགས་ཆུང་གསར་དུ་བསྐོ་བཞག་གནང༌།༡༩༩༦ ལོར་བཙུགས་པའི་བོད་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་དང་སློབ་སྟོན་པ། ལས་བྱེད་པ་བཅས་བཀའ་དྲུང་ཡིག་ཚང་གི་ཡང་སྟེང་དུ་ལྷན་དུ་བསྒྲོན་པ། གཡས་ནས་བརྩིས། མདུན་གྲལ། ༡ མ་སུ་རི་གཏན་སློབ་ཀྱི་སློབ་སྤྱི་ཚེ་དཔག་རིག་འཛིན། ༢ བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ངག་དབང་རྡོ་རྗེ། ༣ ཤེས་རིག་ཤེས་ཡོན་འཆར་འགོད་དང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་རི་ཁ་བཀྲ་ཤིས་ནོར་བུ། ༤ ཤེས་རིག་བཀའ་བློན་རིན་ཆེན་མཁའ་འགྲོ། ༦ ཚོགས་ཆུང་གི་སློབ་སྟོན་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། ༧ ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང༌། ༨ ནེ་རུ་རྗེས་དྲན་སློབ་གྲྭའི་སློབ་སྤྱི་ཀརྨ་བསྟན་སྲུང༌། རྒྱབ་གྲལ། ༡ ཤེས་རིག་ཤེས་ཡོན་འགན་འཛིན་ཨཙརྱ་རིན་ཆེན། ༢ ཤེས་ཡོན་ཉམས་ཞིབ་པ་དང་རྩོམ་སྒྲིག་པ་ཆུང་ཚེ་རིང༌། ༣ ཤེས་ཡོན་ཉམས་ཞིབ་པ་ཐུབ་བསྟན་ཆོས་གྲགས། གོང་གསལ་རྒྱབ་གྲལ་གསུམ་དེ་ཚོགས་ཆུང་གི་ཚོགས་དྲུང་དང་འབྲེལ་མཐུད་ལས་བྱེད་པ་རེད།
༩༽    ༡༩༩༦ ལོའི་ཟླ་བ་ ༡ ནང་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་བལ་ཡུལ་དུ་ཕེབས་ཏེ་བལ་ཡུལ་སློབ་ཁག་གི་ལོ་འཁོར་ལྷན་ཚོགས་ཀྱི་གཙོ་སྐྱོང་གནང་ཐོག་བལ་ཡུལ་སློབ་ཁག་ཡོངས་ཀྱི་ཤེས་ཡོན་སྤྲོད་ཕྱོགས་གཅིག་གྱུར་གནང་ཕྱོགས་སྐོར་གྱི་སྒྲོམ་གཞི་གཏན་འབེབས་གནང༌།
        ཡང་བསྐྱར་ལོ་འདིའི་ཟླ་བ་ ༡༡ ནང་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་གཉིས་བལ་ཡུལ་དུ་ཕེབས་ནས་ཕྱི་ཟླ་ ༡ ནང་གཏན་འབེབས་གནང་བའི་སྒྲོམ་གཞི་གཞི་བཟུང་བལ་ཡུལ་སྐུ་ཚབ་དོན་གཅོད་དང༌། བལ་ཡུལ་ཤེས་རིག་ལས་འཛིན། གཞིས་འགོ་བདེ་དོན་ཁག རང་བདེན་ཚོགས་ཆུང་གི་ཚོགས་འཐུས། སྤོག་ར་དང་ཀ་ཐ་མན་གྲུ་ཁུལ་གྱི་སློབ་སྤྱིའི་འཐུས་ཚབ་རེ་བཅས་ཡོད་པའི་བལ་ཡུལ་ཆེས་མཐོའི་ཤེས་ཡོན་ཚོགས་ཆུང་ཞེས་པ་ཞིག་གསར་འཛུགས་གནང༌།
༡༠༽    ༡༩༩༦ ཟླ་བ་ ༡༢ ནང་བྷེལ་ཀོབ་བོད་ཁྱིམ་དུ་ལོ་གཉིས་ཡུན་ཅན་གྱི་སྔོན་འགྲོའི་དགེ་རྒན་འོས་སྦྱོང་ཞིག་གོ་སྒྲིག་བྱས་ཤིང༌། འོས་སྦྱོང་ནང་མི་གྲངས་ ༤༠ ཡོད།
༡༡༽    ཕྱི་ལ་ ༦ ནང་བོད་གཞུང་ཟློས་གར་དུ་ཟློས་དགེའི་ཟབ་སྦྱོང་ཞིག་དང༌། ཟླ་བ་ ༡༡ ནང་ས་རཱ་རིགས་སློབ་ཏུ་གཞི་རིམ་འོག་མའི་དགེ་རྒན་ ༣༠ སློབ་ཚན་ཁྲིད་ཐབས་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་གནང༌།
༡༢༽    སློབ་གྲྭ་ཁག་གི་དཔེ་མཛོད་ཀྱི་དཔེ་དེབ་དང་ཚན་རིག་སློབ་ཁྲིད་ཡོ་ཆས་རྣམས་དམིགས་བསལ་གྱིས་ཡར་རྒྱས་བཏང༌།
༡༣༽    ཤེས་ཡོན་སྲིད་བྱུས་བཟོ་འགོད་ཚོགས་ཆུང་གི་འབྲེལ་མཐུད་ཞུ་སྒོ་ཁག་དང༌། དགེ་རྒན་འོས་སྦྱོང་དང་ཟབ་སྦྱོང་གི་སློབ་ཚན་གཏན་འབེབ། སློབ་གྲྭ་ཁག་གི་ཤེས་ཡོན་རྟོག་ཞིབ་སོགས་ཀྱི་ལས་དོན་འགན་ཁུར་བྱེད་པོར་ཤེས་རིག་ལས་ཁུངས་ནང་ཤེས་ཡོན་འཆར་འགོད་དང་ཉམས་ཞིབ་སྡེ་ཚན་ཞེས་པ་ཞིག་གསར་འཛུགས་བྱས། དེའི་ནང་འགན་འཛིན་ཟུང་དྲུང་གཅིག་དང་ཤེས་ཡོན་འགན་འཛིན་གཉིས། ཉམས་ཞིབ་པ་བཅས་ཡོད།
༡༤༽    བོད་ནང་གི་ཤེས་ཡོན་གནས་ཚད་ལག་འཁྱེར་ཚད་འཛིན་གཏན་འབེབས་ཆེད་ཚོགས་ཆུང་ཟུར་འཛུགས་ཀྱིས་ལག་འཁྱེར་ཁག་འདྲ་མཉམ་ངོས་འཛིན་གནང་བདེའི་རྩ་འཛིན་ཡིག་ཆ་གཏན་འབེབས་ཞུས་ཏེ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ཡོངས་ལ་འགྲེམས་སྤེལ་བྱས་པར་མ་ཟད། ཤེས་བྱ་གསར་དེབ་ཏུའང་བཀོད།
༡༥༽    ན་གཞོན་ལས་མེད་ཇེ་མང་དུ་འགྲོ་བཞིན་པའི་དཀའ་ངལ་སེལ་ཐབས་སུ་བཀའ་ཤག་བཀའ་འབྲེལ་ལྟར་ལྡི་ལིར་ལས་རིགས་ཐབས་འཚོལ་ལས་ཁང་ཞེས་པ་ཞིག་གསར་དུ་བཙུགས། དེར་འགན་འཛིན་གཅིག་དང་ལས་བྱེད་གཅིག་ཡོད། ལས་ཁང་འདིས་ལྡི་ལི་སོགས་རྒྱ་གར་ས་ཁུལ་དུ་བོད་རིགས་ན་གཞོན་ཚོར་ལས་རིགས་ཐབས་འཚོལ་དང་ལས་ཀའི་སྦྱོང་བརྡར་སོགས་གོ་སྒྲིག་བྱེད་བཞིན་ཕྱི་ལོ་ ༢༠༠༥ ཟླ་བ་ ༡༡ ཚེས་ ༡༧ བར་གནས། ལས་ཀ་ཐབས་འཚོལ་བྱས་པར་ཞུགས་མཁན་དཀོན་ཞིང༌། ཞུགས་མཁན་བྱུང་རུང་དགོས་ངེས་སྦྱོང་བརྡར་མེད་པ། སྦྱོང་བརྡར་སྤྲད་རུང་རྒྱ་གར་བའི་ཁྲོད་དུ་རྒྱུན་རིང་ལས་ཀ་བྱས་ཏེ་སྡོད་མཁན་མེད་པ། དངོས་ཡོད་ཕན་འབྲས་ཆུང་བ་བཅས་ལ་བརྟེན་གོང་ཚེས་ཉིན་ནས་ལས་མཚམས་བཞག
༡༦༽    ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཁག་གི་ཐད་སློབ་སྟོན་གནང་མཁན་ཚོགས་མི་ལྔ་ལས་གྲུབ་པའི་ཤེས་ཡོན་ཚོགས་ཆུང་ཞེས་པ་ཞིག་བསྐོ་བཞག་བྱས། ཚོགས་ཆུང་འདི་ཕྱི་ལོ་ ༢༠༠༣ ཙམ་བར་རྒྱུན་གནས་ཐུབ་ཅིང་དེ་ནས་རིམ་པས་མེད་པར་གྱུར།
༡༧༽    གཞི་རིམ་འོག་མའི་སློབ་ཚན་ཡོངས་རྫོགས་བོད་སྐད་ཀྱི་ལམ་ནས་སློབ་ཁྲིད་གནང་འགོ་བཙུགས་ནས་དུས་ཡུན་གང་ཙམ་སོང་ཡང༌། འཛིན་རིམ་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་སློབ་དེབ་བོད་སྒྱུར་གནང་མེད་པར་བརྟེན་བོད་སློབ་འཛིན་ཚོགས་ཀྱིས་དེའི་སྐོར་གླེང་སློང་ཡང་ཡང་གནང་བར་མ་ཟད། འགའ་ཤས་ཀྱིས་དེ་ལ་བསྙད་དེ་བོད་ཡིག་ཐོག་ཁྲིད་མུས་སློབ་ཚན་གཞན་ལའང་འགོག་རྐྱེན་བཟོ་ཉེན་ཆེ་བར་བརྟེན། དྷ་ས་བོད་ཁྱིམ་གྱི་དབུ་འཛིན་དང་འབྲེལ་ཡོད་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་འགན་འཛིན་ཆེད་དུ་གདན་ཞུས་ཀྱིས་རེ་སྐུལ་ཞུས་པར། ཤེས་རིག་གི་དབྱིན་བོད་ཤན་སྦྱར་ཚིག་མཛོད་མ་ཐོན་གོང་སྒྱུར་ཐབས་མེད་ལུགས་གསུངས། ཤེས་རིག་གི་དབྱིན་བོད་ཚིག་མཛོད་དེ་དམིགས་བསལ་ཨང་རྩིས་དང་འབྲེལ་བ་མེད་ལུགས་ཞུས་ཀྱང་ཕབ་སྒྱུར་གནང་རྒྱུ་ཞལ་བཞེས་མ་གནང་བར་བརྟེན། དྲག་གི་ཐོག་ནས་ཨང་རྩིས་སློབ་དེབ་རྩོམ་སྒྱུར་ཚོགས་ཆུང་ཞིག་ཤེས་རིག་ཁོངས་ཟུར་འཛུགས་གནང་སྟེ་ལས་འགོ་བརྩམས་འབྲས་སུ། ལོ་འདིར་འཛིན་རིམ་གསུམ་པའི་ཨང་རྩིས་སློབ་དེབ་རྩོམ་སྒྱུར་དང་པར་སྐྲུན་ཟིན། འཛིན་རིམ་བཞི་པའི་ཨང་རྩིས་སློབ་དེབ་རྩོམ་སྒྱུར་ཞུ་མུས་སུ་གནས།
༡༨༽    སློབ་གྲྭ་ཁག་གི་བོད་ཡིག་སློབ་དེབ་ལ་བསྐྱར་ཞིབ་ཀྱིས་དུས་བསྟུན་ལེགས་བཅོས་གནང་ཆེད། བཀའ་ཤག་ནས་ཆེས་མཐོའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་བསྐོ་བཞག་གནང་བ་ལྟར་ལྷན་ཚོགས་དང་པོ་འཚོགས་ཏེ་ཐོག་མའི་ལས་རིམ་གཏན་འབེབས་བྱས།
༡༩༽    ྋགོང་ས་མཆོག་གིས་ཤེས་ཡོན་སྐོར་ལ་སྩལ་བའི་བཀའ་སློབ་གནད་ཆེ་ཁག་ཕྱོགས་བསྒྲིགས་ཀྱིས་ཤོག་གྲངས་ ༥༦༠ ཡོད་པའི་ཤེས་ཡོན་ལམ་སྟོན་ཞེས་པའི་དཔེ་དེབ་པར་སྐྲུན་བྱས།
༢༠༽    འབྲས་ལྗོངས་ར་ཝང་ལ་ཀུན་འཕེལ་གླིང་གཞིས་ཆགས་སློབ་གྲྭར་ཧིན་སྒོར་ ༡༠༥༠༠༠༠ གནང་སྟེ་འཛིན་ཁང་གསུམ་དང་དགེ་ལས་ཁང༌། དགེ་ཆེའི་ལས་ཁུངས། ཚོགས་ཁང་སྡིངས་ཆ་རང་འགྲིག་བཅས་གསར་རྒྱག་དང༌། འབྲུག་ཁུལ་བོད་མིའི་སློབ་གྲྭར་ཧིན་སྒོར་ ༡༧༣༧༥༣ གནང་སྟེ་འཛིན་ཁང་སོགས་ཉམས་གསོ། སིམ་ལ་གཏན་སློབ་ཏུ་ཧིན་སྒོར་ ༦༠༠༠༠༠ གནང་སྟེ་ཉིན་སློབ་སློབ་ཕྲུག་གི་ཞལ་ལག་མཆོད་ས་དང་ རང་སྦྱོང་ཚུགས་སར་ཁང་མིག ༥ ཡོད་པའི་ཁང་པ་ཐོག་རྩེག་གཉིས་ཅན་གསར་རྒྱག དྷ་ས་ཡོངས་གླིང་སློབ་གྲྭར་སློབ་ཕྲུག ༥༠ ཙམ་ཤོང་བའི་ཉལ་ཁང་གསར་རྒྱག་བྱ་ཆེད་ཉི་ཧོང་ཨོ་གུ་གྷོ་ཏོ་ཚོགས་པར་རེ་སྐུལ་ཞུས་པར་ཧིན་སྒོར་ ༡༥༢༡༠༠༠ རོགས་རམ་གནང༌།
༢༡༽    ལོ་མང་འབད་བརྩོན་བྱས་འབྲས་སྤོན་ཊ་གཏན་སློབ་འཛིན་རིམ་ ༡༢ པར་གནས་སྤར་གྱི་དེབ་སྐྱེལ་བྱ་རྒྱུ་ལེགས་གྲུབ་བྱུང་ཞིང༌། དགོས་མཁོའི་འཛིན་ཁང་འཕར་མ་ལྔ་དང་ཀམ་པུ་ཊར་འཛིན་ཁང་བཅས་གསར་རྒྱག་ཟིན། ཀོ་ལི་གྷར་དོན་ལྡན་གླིང་གྲོང་སྡེ་ ༢༢ པའི་སློབ་ཕྲུག་རྣམས་ཉིན་ལྟར་སློབ་གྲྭར་འགྲོ་སྐབས་ཀི་ལོ་མི་ཊར་ལྔ་ནས་བདུན་བར་གོམ་བགྲོད་བྱེད་དགོས་དཀའ་ངལ་སེལ་ཐབས་སུ་ཧིན་སྒོར་ ༧༥༢༠༤༧ གནང་སྟེ་འགྲུལ་སྐྱེལ་སྣུམ་འཁོར་གསར་ཉོ་བྱས།
 

Menu