༡༽    ལོ་སྔོན་མའི་ཡིག་ཚགས་ནང་སློབ་གྲྭ་ ༨༢ འཁོད་པ་ནས་སྒང་ཏོག་ལ་ཆེན་དང་ལྷོ་ནག སྤ་ཀོང༌། དབྱིན་ཅན་བཅས་སློབ་གྲྭ་ཁག་བཞི་རྣམས་སྒེར་རམ་འབྲས་ལྗོངས་གཞུང་གིས་འཛིན་སྐྱོང་གནང་བཞིན་པར་མ་ཟད། དེང་སྐབས་སློབ་གྲྭ་དེ་བཞིའི་ནང་བོད་ཕྲུག་ཁ་ཤས་ལས་མེད་སྟབས་ལོ་འདིར་ཤེས་རིག་ཁྱབ་ཁོངས་ནས་བཏོན། དྷ་ས་བོད་ཁྱིམ་ཁོངས་སུ་ལ་དྭགས་ཁུལ་ཧེན་ལེ་དང༌། ཉི་མ་མྱུག ཨག་ལིང༌། སྨན་ལ། གསུམ་མདོ། ཅོག་ལམ་གསར་བཅས་ཉིན་སློབ་ཁག་དྲུག་འདི་ལོའི་ཤེས་རིག་གི་སློབ་གྲྭའི་གྲངས་ཐོའི་ཁོངས་གསར་དུ་བཅུག འབྲུག་ཁ་ས་ཁ་སློབ་གྲྭར་དགེ་རྒན་བསྐོ་མ་ཐུབ་སྟབས་ཉེ་ལམ་སྒོ་བརྒྱབས་ཀྱང༌། ༡༩༩༡ ལོར་ས་གནས་ནས་དགེ་རྒན་གཉིས་བསྐོ་ཐུབ་པ་བྱུང་བར་བརྟེན་བསྐྱར་དུ་སྒོ་འབྱེད་བྱས་པ་བཅས་ལོ་འདིར་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་༨༥ ༼དབུས་བོད་སློབ་འཛིན་ཚོགས་ཁོངས་ཤེས་རིག་ལས་ཁུངས་ནས་དངོས་སུ་གཟིགས་རྟོག་དགོས་པ་གྲངས་ ༣༠ ཤེས་རིག་གིས་ཐད་ཀར་འཛིན་སྐྱོང་གནང་མུས་ ༣༤ ཟུར་སྐྱོང་སློབ་ཁག ༢༡༽ཡོད་པའི་ནང་སློབ་ཕྲུག་ཁྱོན་བསྡོམས་ ༢༣༨༩༡ ཡོད་ཅིང༌། དགེ་རྒན་ལས་བྱེད་ ༡༦༦༣ ཡོད།
༢༽    ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། སིམ་ལ། བྷེལ་ཀོབ། ཀ་སྦུག མོན་གྷོ་བཅས་ཀྱི་ནང་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་སུ་ཞུགས་པ་ ༤༢༨ ཡོད་པ་ནས་ཨང་སྡེ་དང་པོ་ ༡༠༧ དང༌། ཨང་སྡེ་གཉིས་པ་ ༡༦༦ ཨང་སྡེ་གསུམ་པ་ ༡༥ བསྐྱར་རྒྱུགས་གཏོང་དགོས་ ༩༦ ཡིག་རྒྱུགས་མ་འཕྲོད་པ་ ༤༤ བཅས་ཡོད།
        གོང་གསལ་ཁོངས་ནས་ཨང་སྡེ་དང་པོ་ ༡༣ ལ་རྒྱ་གར་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཡོན་གནང་ཐོག་ཤེས་རིག་གིས་སྔར་ལམ་ལྟར་ཁ་སྣོན་ལོ་རེར་ཧིན་སྒོར་ ༡༢༠༠ གནང་སྟེ་མཐོ་སློབ་ཁག་ཏུ་སྨན་པ་དང་འཕྲུལ་ལས་སོགས་ཀྱི་སློབ་སྦྱོང་བྱེད་པར་བཏང༌།
༣༽    འདི་ལོ་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ནང་རོགས་ཚོགས་ཁག་ལ་འབོད་སྐུལ་གྱིས་མཐོ་རིམ་སློབ་ཡོན་ཁྱོན་བསྡོམས་༥༩ ཐབས་འཚོལ་ཐུབ་པ་རྣམས་དང་སློབ་ནས་སྒྲིག་གསལ་ཞབས་ཡུན་གཙང་སྟེ་རྩ་དགོངས་འཁྲོལ་བ་དང༌། བོད་ནས་གསར་དུ་འབྱོར་བ། སློབ་ཐོན་ཨང་སྡེ་དང་པོ་སོན་རིགས་བཅས་ལ་སྨན་པ་དང་གཙུག་ལག་རབ་འབྱམས་པ། དགེ་འོས། དྲུང་ཡིག ལྷ་བྲིས། རྩིས། ཀམ་པུ་ཊར་སློབ་སྦྱོང་སོགས་ཀྱི་ཆེད་འདེམས་གཏོང་བྱས། སློབ་ཡོན་དངུལ་ལ་ཕབ་ན་ཧིན་སྒོར་ ༡༡༤༧༨༥༠ ཟིན།
༤༽    ཨ་རིའི་གཞུང་གི་སློབ་ཡོན་འོག་ཨ་རིར་སློབ་སྦྱོང་ཆེད་སྔ་ལོ་འདེམས་སྒྲུག་བྱས་པའི་མི་གྲངས་ ༡༥ ཕྱི་ལོ་ ༡༩༩༡ ཕྱི་ཟླ་ ༨ ཚེས་ ༡༧ ཉིན་ཨ་རིར་ཐོན། དེ་བཞིན་སྔ་ལོ་ཨ་རི་བྷེ་རི་ཡ་མཐོ་སློབ་ཏུ་འདེམས་སྒྲུག་ཁོངས་ནས་འཕྲོ་ལུས་སློབ་ཕྲུག ༢ ཟླ་ ༨ ཚེས་ ༡༨ ཉིན་ཨ་རིར་ཐོན།
༥༽    ཨ་རིའི་གཞུང་གིས་བོད་ཕྲུག༌༢༠ ལ་ཕྱི་ལོ་ ༡༩༩༢ ལོར་ཨ་རིར་སློབ་སྦྱོང་གི་སློབ་ཡོན་གནང་བ་ལྟར། བོད་གཞུང་འཆར་འགོད་ལས་ཁུངས་ཀྱིས་སློབ་ཚན་འཆར་འགོད་གནང་བ་གཞི་བཟུང་གསལ་བསྒྲགས་ཀྱིས་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གིས་སྔོན་འགྲོའི་འོས་མི་འདེམས་སྒྲུག་དང་དེ་ནས་ལྡི་ལིར་མཐའ་མའི་རྒྱུགས་བཞེས་གནང་སྟེ་འདེམས་སྒྲུག་གནང་བ་སློབ་ཕྲུག ༩ དྷ་ས་རྒྱུགས་བཞེས་ཚོགས་ཆུང་གི་ལོ་གཉིས་ཉམས་ཞིབ་ཀྱི་སློབ་སྦྱོང་དུ་འདེམས་སྒྲུག་བྱས་པ་ ༣ ལས་བྱེད་བདག་གཉེར་ཁང་གིས་ལོ་གཅིག་སློབ་སྦྱོང་ཆེད་འདེམས་སྒྲུག་བྱས་པའི་ལས་བྱེད་ ༢ ལོ་གཅིག་གི་མཐོ་སློབ་སློབ་སྦྱོང་ཆེད་འདེམས་སྒྲུག་བྱས་པ་སློབ་ཕྲུག ༦ བཅས་ཁྱོན་ ༢༠ འདེམས་སྒྲུག་ཟིན།
    དེ་བཞིན་ཨ་རིའི་བྷེ་རི་ཡ་དང་བྷེ་ལ་མ་ཡིན་མཐོ་སློབ་སོ་སོར་སློབ་ཕྲུག་གཉིས་རེ་གཏོང་དགོས་པའི་མི་འགྲོ་ལོ་འདིར་འདེམས་སྒྲུག་བྱས་ཤིང༌། ཕ་རན་སི་གཞུང་ནས་ཕ་རན་སིར་སློབ་སྦྱོང་ཆེད་བོད་ཕྲུག་གཉིས་དང༌། འཇར་མན་སློབ་གྲོན་རོགས་ཚོགས་ཀྱིས་འཇར་མན་དུ་བོད་ཕྲུག་གཅིག་ལོ་བཞི་དང་ཕྱེད་ཀའི་རིང་སློབ་སྦྱོང༌། ནོར་ཝེ་བྷར་གྷིན་མཐོ་སློབ་ཀྱིས་ནོར་ཝེ་ནང་བོད་ཕྲུག ༢ ལོ་ལྔའི་རིང་སློབ་སྦྱོང་གི་སློབ་ཡོན་གནང་བ་ལྟར་མི་འགྲོ་འདེམས་སྒྲུག་ཟིན་ཏེ། ཕྱི་ལོ་ ༡༩༩༢ ལོར་དངོས་སུ་གཏོང་གཏན་འཁེལ།
༦༽    ལོ་འདིར་ཉམ་ཐག་དང་ཕྱེད་དྭ་ཕྲུག་སོགས་ལ་གཞི་རིམ་སློབ་སྦྱོང་གི་གོ་སྐབས་ཐོབ་ཆེད་སློབ་ཡོན་ཐབས་འཚོལ་ཞུས་འབྲས་སུ་ཁྱོན་བསྡོམས་སློབ་ཡོན་གྲངས་ ༦༨༨ ཐབས་འཚོལ་ཐུབ་ཅིང༌། དེ་དག་ཟླ་རེར་སྒོར་ ༡༨༠ དང༌། ཆ་སྙོམ་སློབ་ཡུན་ལོ་ ༦ རེ་བརྩིས་ཏེ་དངུལ་སྒྱུར་ཞུས་ན་ཧིན་སྒོར་ ༧༤༣༠༤༠༠ ཆགས།
༧༽    ལོ་འདིར་སྔར་ལམ་བཞིན་སློབ་ཡོན་རྩ་ཆག་དང་ཆ་ཚང་ཕ་མས་སྒྲུབ་འབུལ་སོགས་ཀྱི་ཐོག་ནས་སློབ་ཕྲུག ༦༣༤ གཏན་སློབ་ཁག་ཏུ་སློབ་འཇུག་བྱས།
༨༽    གཏན་སློབ་ཁག་ལྔའི་ནང་གི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ཀྱི་སློབ་སྦྱོང་དང་ཡིག་རྒྱུགས་ལ་ཕན་ཆེད། ལོ་འཁོར་གུང་གསེང་ཟླ་བ་གཉིས་ནས་ཟླ་བ་གཅིག་རིང་སློབ་གྲྭར་གསབ་སྦྱོང་བྱེད་འགོ་བཙུགས་ཤིང༌། དེའི་རིང་གི་དགེ་རྒན་གྱི་གླ་ཕོགས་བོད་སློབ་འཛིན་ཚོགས་དང༌། སློབ་ཕྲུག་གི་ཟས་གྲོན་ཤེས་རིག་ལས་ཁུངས་ཀྱིས་བཏང༌།
༩༽    ལོ་སྔོན་མ་དགེ་རྒན་འོས་སྦྱོང་དུ་ཞུགས་མཁན་ཉུང་བས་ཝཱ་ཎར་དགེ་རྒན་འོས་སྦྱོང་གོ་སྒྲིག་མ་ཐུབ་ཀྱང༌། ལོ་འདིའི་ཟླ་བ་ ༧ ཚེས་ ༡ ཉིན་ཆ་རྐྱེན་ཚང་བའི་མི་གྲངས་ ༡༨ ལ་དགེ་རྒན་འོས་སྦྱོང་དངོས་སུ་གོ་སྒྲིག་ཐུབ་པ་བྱུང༌། འོས་སྦྱོང་ཐོན་རྗེས་བོད་སློབ་འཛིན་ཚོགས་ཀྱི་གཏན་འཇགས་དགེ་རྒན་དུ་བསྐོ་བཞག་བྱ་གཏན་འཁེལ།
༡༠༽    ༡༩༩༡ ཟླ་ ༣ ཚེས་ ༡༠ ནས་ ༡༩༩༢ ཟླ་ ༣ ཚེས་ ༡༠ བར་རྒྱལ་སྤྱིའི་བོད་ཀྱི་ལོར་གཏན་འབེབས་སྲུང་བརྩི་གནང་བཞིན་པའི་ལས་རིམ་ཆ་ཤས་སུ།
        ཀ༽ གཏན་ཉིན་སློབ་གྲྭ་ཁག་གི་ནང་ཞབས་འདེགས་ཞུས་ཏེ་ཞབས་ལོ་ ༢༥ ཧྲིལ་པོ་ལོན་པ་ཚོར་ལོ་ལྟར་ལེགས་སྐྱེས་གནང་གཏན་འཁེལ་བའི་ཐོག་མར་འདི་ལོ་དགེ་ལས་ ༦༥ ལ་ལེགས་སྐྱེས་བྱ་དགའ་སྟོན་པའི་སྐུ་ཐང་གོས་གཤམ་ཐང་ཏོག་རང་འགྲིག་རེ་དང༌། མཇལ་དར་ཨ་ཤེ། ཕྱག་འཁྱེར་བཅས་ཟླ་ ༧ ཚེས་ ༦ ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་སྩལ། རྒྱ་སྐྱེད་བཏང་རྗེས་ཀྱི་བོད་གཞུང་ཤེས་རིག་ལས་ཁུངས།
        ཁ༽ གཏན་ཉིན་སློབ་གྲྭ་ཁག་ཡོངས་རྫོགས་ནང་བོད་ཡིག་གཟུགས་འདོན་དག་གསུམ་འགྲན་བསྡུར་གྱི་སྡེ་ཚན་དང་པོ་འཛིན་གྲྭ་ ༩ ནས་ ༡༢ བར་དང༌། སྡེ་ཚན་གཉིས་པ་འཛིན་གྲྭ་ ༦ ནས་ ༨ བར། སྡེ་ཚན་གསུམ་པ་འཛིན་གྲྭ་ ༡ ནས་ ༥ བར། འབྲི་རྩོམ་སྡེ་ཚན་དང་པོ་འཛིན་གྲྭ་ ༡༡ ནས་ ༡༢ བར་དང༌། སྡེ་ཚན་གཉིས་པ་འཛིན་གྲྭ་ ༩ ནས་ ༡༠ བར། སྡེ་ཚན་གསུམ་པ་འཛིན་གྲྭ་ ༦ ནས་ ༨ བར། རི་མོ་སྡེ་ཚན་དང་པོ་འཛིན་གྲྭ་ ༤ ནས་ ༥ བར་དང༌། སྡེ་ཚན་གཉིས་པ་འཛིན་གྲྭ་ ༡ ནས་ ༣ བར་བཅས་སློབ་གྲྭ་སོ་སོའི་ནང་འགྲན་བསྡུར་གནང་སྟེ་ཨང་རིམ་ཐོབ་པའི་སློབ་ཕྲུག ༨༤༣ ལ་གཟེངས་བསྟོད་ལག་འཁྱེར་དང་མཇལ་དར་ཨ་ཤེ་རེ་མང་གཙོའི་དུས་ཆེན་ཉིན་གནང༌།
        ག༽ གོང་གསལ་སློབ་གྲྭ་སོ་སོའི་ཨང་རིམ་ཐོབ་པའི་ལག་བྲིས་ཡི་གེ་དང༌། རི་མོ་བཅས་ལ་བཞུགས་སྒར་དྷ་སར་ཚོགས་ཆུང་ཟུར་འཛུགས་ཀྱིས་ཞིབ་འཇུག་དང་འབྲེལ་བོད་རིགས་སློབ་ཕྲུག་སྤྱི་ཡོངས་འགྲན་བསྡུར་གྱི་སྡེ་ཚན་སོ་སོའི་ནང་ཨང་རིམ་རྩེར་སོན་སློབ་ཕྲུག ༢༧ དང་ལེགས་མཚོན་ཐོབ་པ་ ༦ བཅས་ཁྱོན་སློབ་ཕྲུག ༣༣ འདེམས་སྒྲུག་གིས་ཕྱི་ཟླ་ ༡༢ ཚེས་ ༡༠ ྋགོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་ཆེན་མཛད་སྒོར་དྷ་སར་ལམ་གྲོན་དང་ཁང་དོད་ནར་གཏོང་ཐོག་ངོ་འབོད་ཀྱིས་གཟེངས་བསྟོད་ལག་འཁྱེར་དང༌། མཇལ་དར་ཨ་ཤེ། དངུལ་རྐྱང་བྱ་དགའ་བཅས་གནང༌།
        ང་༽ གོང་གསལ་བྱ་དགའ་ཐོབ་པའི་རྩོམ་ཡིག་དང་རི་མོ་རྣམས་མང་ཚོགས་ལ་འགྲེམས་སྟོན་བྱས།
༡༡༽    ཤེས་རིག་ལས་ཁུངས་རྒྱ་སྐྱེད་ཆེད་ཁང་མིག ༧ ཡོད་པའི་ཁང་པ་སྟེང་ཤོད་གཉིས་ལོ་འདིའི་ནང་གསར་སྐྲུན་ཟིན། དེ་བཞིན་ཤེ་ལོང་གི་ཉལ་ཁང་གསར་སྐྲུན་ཟིན་པ་སྒོ་འབྱེད་ཀྱིས་སློབ་ཕྲུག ༦༠ གསར་འཇུག་བྱས།
༡༢༽    འཛིན་རིམ་ ༦ ནས་ ༨ བར་གྱི་བོད་ཀྱི་སྐད་ཡིག་དང༌། རྒྱལ་རབས་ཆོས་འབྱུང་གི་སློབ་དེབ་ཁག་དྲུག་བསྐྱར་ཞིབ་དང་སྦྲགས་མཁས་པ་དང་མྱོང་ཅན་མི་སྣའི་དགོངས་འཆར་བསྡུས་ཏེ་སྣོན་འཕྲི་གནང་འོས་གནང་སྟེ་ཀམ་པུ་ཊར་ནང་འཇུག་སྒྲིག་བྱས། སློབ་དེབ་དེ་དག ༡༩༩༢ ལོར་པར་སྐྲུན་གནང་གཏན་འཁེལ།
༡༣༽    བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཉིན་སློབ་ཁག་ཏུ་ད་ཕན་སྔ་དགོང་རང་སྦྱོང་འཚོགས་སྲོལ་མེད་པར་ལེགས་བཅོས་ཀྱིས་ ༡༩༩༡ ཟླ་ ༧ ནས་བཟུང་ཉིན་སློབ་ ༣༣ ནང་སྔ་དགོང་རང་སྦྱོང་ཚུགས་ལམ་བཏོད། རང་སྦྱོང་ལ་ལྟ་རྟོག་གནང་མཁན་དགེ་རྒན་ ༣༣ ལ་ཟླ་རེ་ལས་སྣོན་གུན་གསབ་ཏུ་ཧིན་སྒོར་ ༣༠༠ རེ་གནང༌། འདི་ནས་བཟུང་ལས་གཞི་འདི་ད་བར་ལག་བསྟར་གནང་མུས་ཡིན་རུང་འདིའི་རྗེས་ཀྱི་ལོ་དུས་སོ་སོའི་ལས་དོན་ནང་བཀོད་མེད།
༡༤༽    སྔོན་འགྲོའི་དགེ་རྒན་གྱི་མི་འགྲོ་ཁག་ཅིག་འདེམས་སྒྲུག་གིས་ ༡༩༩༡ ཟླ་ ༢ ཚེས་ ༡༠ ནས་ཟླ་ ༣ ཚེས་ ༩ བར་ཟླ་བ་གཅིག་རིང་ལྡི་ལིར་ཟབ་སྦྱོང་གོ་སྒྲིག་བྱས།
༡༥༽    སྒང་ཏོག་ཁུལ་དུ་བོད་རིགས་གཞོན་ནུ་ཚོགས་པས་འཛིན་རིམ་ ༣ བར་ཡོད་པའི་སློབ་གྲྭ་ཞིག་གསར་འཛུགས་གནང་ཡོད་པ་དེ་མུ་མཐུད་འཛིན་སྐྱོང་བྱ་རྒྱུར་དཀའ་ངལ་འཕྲད་པར་བརྟེན། ཞུ་དོན་ལྟར་ཞིབ་འཇུག་གིས་ ༡༩༩༡ ཟླ་ ༡ ནང་ཤེས་རིག་གིས་རྩིས་ལེན་བྱས་ཐོག ས་གནས་ཀྱི་གནས་སྟངས་དང་དགོས་མཁོར་གཞིགས་ཏེ་འཛིན་གྲྭ་ལྔ་པ་བར་སྤར་ཆ་བྱས་འབྲེལ་སློབ་ཕྲུག ༢༠༠ སྐོར་ཤོང་བའི་དགོས་མཁོའི་འཛིན་ཁང་དང༌། ལས་ཤག སྒང་ཏོག་ཁུལ་མཐའ་མཚམས་བོད་མིའི་བུ་ཕྲུག ༥༠ སྐོར་ཤོང་བའི་ཉལ་ཁང་བཅས་ཁང་གླའི་ཐོག་བོགས་ལེན་བྱས། དེ་བཞིན་སློབ་གྲྭའི་དགེ་རྒན་ལས་བྱེད་ཀྱི་གྲངས་འབོར་སྤར་ཆ་བྱས་པས་མཚོན་མཐུན་རྐྱེན་ཡག་ཏུ་བཏང༌།
༡༦༽     སྤོན་ཊར་འཛིན་ཁང་ཐོག་རྩེག་གཉིས་པ་སློབ་ཕྲུག ༣༥ ཤོང་བའི་ཁང་མིག་ཆེ་ལེགས་ ༥ དང༌། བུ་མོའི་གསང་སྤྱོད་ ༨ ཁྲུས་ཁང་ ༧ བུའི་གསང་སྤྱོད་ ༧ བྱས་ཟིན། ཚན་རིག་སློབ་ཁྲིད་ཁང་དང་མཚན་སྲུང་སྡོད་ཡུལ་གསར་རྒྱག་བྱེད་མུས་ཐོག འཐུང་ཆུའི་དཀའ་ངལ་སེལ་ཆེད་རིང་ཚད་ཕི་ཊི་ ༨༠༠༠ ཡོད་པའི་ལྕགས་གདོང་གསར་འཛུགས་ཀྱིས་ཆུའི་དཀའ་ངལ་གཙང་སེལ་བྱས། དེ་ཁུལ་མེ་ཤིང་དཀོན་སྟབས་ཧིན་སྒོར་ ༤༦༩༧༠།༠༠ ཅན་གྱི་རླངས་ཐབ་བཙུགས།
༡༧༽    སྦིར་དང་ཅོན་ཏ་ར་ཁུལ་བོད་ཕྲུག་ཇེ་མང་དུ་སོང་བར་བརྟེན་ཅོན་ཏ་རའི་ཉིན་སློབ་འཛིན་གྲྭ་ལྔ་པ་ནས་བརྒྱད་པར་གནས་སྤར་བྱ་དགོས་ཀྱི་འཛིན་ཁང་དང༌། ཉལ་ཁང༌། རྩེད་ཐང་སོགས་རྒྱ་སྐྱེད་ཆེད་རོགས་དངུལ་ཐབས་འཚོལ་བྱས་པར་ཁྱོན་ཧིན་སྒོར་ ༢༣༩༥༦༢།༧༠ ཐབས་འཚོལ་ཐུབ།
༡༨༽    ལ་ཁན་ཝ་ལ་སློབ་གྲྭར་ཁྲུས་ཁང་དང་གསང་སྤྱོད་གསར་རྒྱག་དང༌། འཛིན་ཁང་བཟོ་བཅོས་ཀྱི་དགོས་དངུལ་གནང་བ་ལྟར་ཨར་ལས་མཇུག་སྒྲིལ་བྱུང༌།
༡༩༽    ཕ་མ་འབྱོར་ལྡན་ཚོས་གཏན་སློབ་ཁག་ནང་ཡོད་པའི་རང་རང་གི་བུ་ཕྲུག་ལ་ལག་དངུལ་ཚོད་མེད་སྟེར་སྦྱིན་བྱེད་པ་དེས་དོ་བདག་ཕྲུ་གུ་ཙམ་མ་ཟད། སློབ་ཕྲུག་གཞན་གྱི་ཀུན་སྤྱོད་དང་སློབ་སྦྱོང་ལ་གནོད་སྐྱོན་བྱེད་པར་བརྟེན། ད་ཕྱིན་མང་མཐའ་ལོ་རེར་ལག་དངུལ་ཧིན་སྒོར་ ༥༠༠ ལྷག་སྟེར་ཉར་མི་ཆོག་པ་དང༌། དེ་ཡང་སློབ་གྲྭའི་ལས་ཁུངས་སུ་བཅོལ་དགོས་པའི་སྒྲིག་སྲོལ་གསར་པ་བཏོད། འདི་ནས་བཟུང་དངུལ་འབོར་ལ་དུས་བསྟུན་འཕར་ཆ་བྱུང་བ་ལས་རྩ་བའི་ལག་ལེན་མུ་མཐུད་བྱེད་བཞིན་པ་ཡིན།
༢༠༽    ལོ་འདིར་བོད་སློབ་འཛིན་ཚོགས་སུ་རེ་སྐུལ་ཞུས་འབྲས་སུ། ཀ༽ རེག་ཊར་གྱི་གླ་ཕོགས་དགེ་ལས་སྤྱི་མཚུངས་ཀྱི་ཕོགས་གཞུང་ནང་བཅུག་སྟེ་སྤར་ཆ་བྱས་པ་དང༌། རེག་ཊར་གྱི་འཛིན་སྐྱོང་འགྲོ་གྲོན་སྒོར་ ༡༠༠ ནས་ ༣༠༠ སྤར་ཆ་བྱས། ཁ༽    འཛིན་རིམ་བརྒྱད་པའི་ལག་འཁྱེར་ཐོག་ཟློས་གར་དགེ་རྒན་གྱི་འོས་སྦྱོང་ཐོན་པའི་ལག་འཁྱེར་ཡོད་ཚེ་བོད་སློབ་འཛིན་ཚོགས་སློབ་ཁག་གི་ཟློས་གར་དགེ་རྒན་ངོ་མར་བསྐོ་བཞག་གནང་གཏན་འཁེལ། ག༽ འཛིན་རིམ་ ༡༢ ཐོན་པའི་ལག་འཁྱེར་ཐོག་ཤེས་རིག་ལས་ཁུངས་ཀྱི་བོད་དགེ་འོས་སྦྱོང་ཐོན་པའི་ལག་འཁྱེར་ཡོད་ཕྱིན་བོད་སློབ་འཛིན་ཚོགས་ཀྱིས་ངོས་བཞེས་གནང་རྒྱུར་ཐག་གཅོད་བྱུང༌།
༢༡༽    མ་ན་ལི་སློབ་གྲྭའི་ས་ཆའི་སྐོར་ལ་མུ་མཐུད་ཞུ་སྐུལ་རིམ་པར་བྱས་ཀྱང་གྲུབ་འབྲས་གང་ཡང་མ་སོན་ལ། སྤོན་ཊ་གཏན་སློབ་འཛིན་རིམ་ ༡༢ པར་གནས་སྤར་ངོས་བཞེས་ཡོང་ཐབས་ཞུས་ཀྱང་ད་ཕན་དོན་འབྲས་མ་སོན།
 

Menu