༡༽    ལོ་འདིར་ཤེས་རིག་ཁྱབ་ཁོངས་སུ་གཏན་ཉིན་སློབ་གྲྭ་ ༨༢ ཡོད་ཁོངས་སུ་སློབ་ཕྲུག་ཕོ་མོ་ ༢༣༨༦༩ དང༌། དགེ་རྒན་ལས་བྱེད་གྲངས་ ༡༦༤༡ ཡོད།
        ལོ་འདིར་མ་སུ་རི་དང༌། རྡོར་གླིང༌། ཌལ་ཧོར། སིམ་ལ། སྦེལ་ཀོབ། ཀ་སྦུག མོན་གྷོ་བཅས་ཀྱི་གཏན་སློབ་ནས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་སུ་ཞུགས་མཁན་ ༢༧༨ ཡོད་ཁོངས་ནས་ཨང་སྡེ་དང་པོ་ ༥༡ ཨང་སྡེ་གཉིས་པ་ ༡༤༣ ཨང་སྡེ་གསུམ་པ་ ༤༧ བསྐྱར་རྒྱུགས་གཏོང་དགོས་ ༢༣ རྒྱུགས་མ་འཕྲོད་པ་ ༡༤ བཅས་བྱུང༌།
༢༽    ཨང་སྡེ་དང་པོ་ལོན་པ་ ༥༡ ཁོངས་ནས་ ༡༢ ལ་དབུས་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཡོན་གནང་སྟེ་མཐོ་སློབ་ཁག་ཏུ་སྨན་པ་དང་འཕྲུལ་ལས། ཚན་རིག ཚོང་འབྲེལ་སོགས་རང་འདོད་ལྟར་སློབ་སྦྱོང་བྱེད་པར་བསྐྱོད། ཡང་ཨང་སྡེ་གཉིས་པའི་ཁོངས་ནས་རྩེ་ཕུད་ ༧ ལ་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཡོན་གནང་སྟེ་མཐོ་སློབ་ནང་ལས་རིགས་སློབ་སྦྱོང་བྱེད་པར་བཏང༌།
༣༽    འདི་ལོ་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ནང་རོགས་ཚོགས་ཁག་ལ་འབོད་སྐུལ་གྱིས་མཐོ་རིམ་སློབ་ཡོན་ཁྱོན་བསྡོམས་ ༥༩ ཐབས་འཚོལ་ཐུབ་པ་རྣམས་དང་སློབ་ནས་སྒྲིག་གསལ་ཞབས་ཡུན་གཙང་སྟེ་རྩ་དགོངས་འཁྲོལ་བ་དང༌། བོད་ནས་གསར་དུ་འབྱོར་བ། སློབ་ཐོན་ཨང་སྡེ་དང་པོ་སོན་རིགས་བཅས་ལ་སྨན་པ་དང་གཙུག་ལག་རབ་འབྱམས་པ། དགེ་འོས། དྲུང་ཡིག ལྷ་བྲིས། རྩིས། ཀམ་པུ་ཊར་སློབ་སྦྱོང་སོགས་ཀྱི་ཆེད་འདེམས་གཏོང་བྱས།
༤༽    ཨ་རིའི་གཞུང་གི་སློབ་ཡོན་འོག་ཨ་རིར་སློབ་སྦྱོང་ཆེད་སྔ་ལོ་འདེམས་སྒྲུག་བྱས་པའི་མི་འགྲོ་ ༣༠ ཁོངས་ནས་ ༡༥ ལོ་འདིའི་ཟླ་བ་ ༨ ཚེས་ ༡༩ ཉིན་དངོས་སུ་ཨ་རིར་ཐོན། འཕྲོས་ས་མིག ༡༥ ཡོད་པ་དེ་རང་གཞུང་འཆར་འགོད་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཀྱི་དགོས་མཁོ་གཞི་བཟུང་སློབ་ཚན་འཆར་འགོད་གཏན་འབེབས་གནང་བ་ལྟར་ཤེས་རིག་གིས་གསལ་བསྒྲགས་གནང་ཞིང༌། འཚང་སྙན་འབུལ་མཁན་ཁོངས་ནས་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གིས་སྔོན་འགྲོའི་འདེམས་སྒྲུག་དང་སྦྲགས་ལྡི་ལིར་རྒྱུགས་བཞེས་ཚོགས་ཆུང་གིས་རྒྱུགས་ལེན་གནང་འབྲས་སློབ་ཕྲུག ༩ དང༌། ལས་བྱེད་བདག་གཉེར་ཁང་ནས་དུས་ཐུང་ཟླ་བ་ལྔ་རིང་སློབ་སྦྱོང་ཆེད་མི་གསུམ་ཨ་རིའི་བྷེ་རི་ཡ་མཐོ་སློབ་ཀྱི་སྐུ་ཚབ་ངོ་ཕེབས་ཀྱིས་ཐད་འདེམས་གནང་བ་སློབ་ཕྲུག ༣ བཅས་ཁྱོན་བསྡོམས་མི་གྲངས་ ༡༥ ཕྱི་ལོ་ ༡༩༩༡ ཕྱི་ཟླ་ ༩ ནང་ཐོན་གཏན་འཁེལ།
        ཨ་རིར་མ་ཐོན་གོང་ཉིན་བཞིའི་རིང་ལྡི་ལིར་མཁས་དབང་གདན་ཞུས་ཀྱིས་སྔོན་འགྲོའི་ངོ་སྤྲོད་དང་སྦྲགས་ཕྱི་རྒྱལ་དུ་སྡོད་རྒྱུན་རིང་རང་རེའི་རྩ་དོན་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་སློབ་སྟོན་བྱས།
༥༽    ཉི་ཧོང་ན་རི་ཏ་སན་རོགས་ཚོགས་ཀྱི་སྦྱིན་བདག་འོག་བོད་ཕྲུག ༤ ཉི་ཧོང་དུ་ཞིང་ལས་སློབ་སྦྱོང་ཆེད་ལེན་འཆར་ཡང༌། ཉི་ཧོང་གཞུང་གིས་ཐོངས་མཆན་མ་གནང་སྟབས་ཨོ་རི་སར་སྔོན་འགྲོའི་ཞིང་ལས་སློབ་སྦྱོང་བྱེད་དགོས་བྱུང་བ་དེ་དག་ཉི་ཧོང་དུ་དངོས་སུ་བསྐྱོད་ཐུབ་ཐབས་སུ་འབྲེལ་བ་རིམ་བསྟུད་ཞུས་འབྲས་འདི་ལོ་ཉི་ཧོང་དུ་མི་གྲངས་བཞི་ཀ་དངོས་སུ་བསྐྱོད་ཐུབ་པ་བྱུང༌།
        དེ་བཞིན་ཉི་ཧོང་ཨོ་སེ་ཀ་རོགས་ཚོགས་ཀྱི་རོགས་རམ་འོག་གྱོན་གོས་བཟོ་འཚེམས་ཀྱི་སློབ་སྦྱོང་ཆེད་མི་ ༣ འདེམས་སྒྲུག་སྔོན་ཟིན་ཆ་ཚང་ཉི་ཧོང་དུ་ཐོན་ཐུབ་པ་བྱུང༌།
        འོན་ཀྱང་ཉི་ཧོང་ཨའོ་ཀ་ཡ(AOKIA) རོགས་ཚོགས་ཀྱིས་བོད་ཕྲུག ༢༠ ཉི་ཧོང་དུ་གྱོན་གོས་བཟོ་འཚེམས་ཀྱི་སློབ་སྦྱོང་དུ་ལེན་འཆར་གནང་བ་དེ་དག་ལ་ཕྱི་བསྐྱོད་ཐོངས་མཆན་མ་ཐོབ་པའི་ཐོག རོགས་ཚོགས་ལ་ཉི་ཧོང་དོན་གཅོད་བརྒྱུད་འབྲེལ་བ་ཞུས་ཀྱང་ལན་གང་ཡང་མ་གནང་བར་བརྟེན་འགྲོ་མ་ཐུབ་པར་ལུས།
༦༽    ནུབ་འཇར་མན་རོགས་ཚོགས་ཨི་ཨེ་ཕི་(ESP)ཞེས་པས་བོད་ཕྲུག ༢ འཇར་མན་དུ་ལས་རིགས་སློབ་སྦྱོང་ཆེད་ལེན་འཆར་སྔ་ལོ་ནས་ཡོད་པ་ལྟར་འདི་ལོ་དངོས་སུ་ཐོན་ཐུབ་པ་བྱུང༌། དེ་བཞིན་ཧང་གྷ་རི་ཁུལ་དུ་བོད་ཀྱི་རྒྱལ་རབས་དང་འབྲེལ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཆེད་སློབ་ཕྲུག ༡ འདེམས་སྒྲུག་ཟིན་པ་ལྟར་ཐོན་ཐུབ་པ་བྱུང༌།
༧༽    སོག་ཡུལ་ཨོ་ལན་བྷ་ཀྲོའི་ཐེག་ཆེན་ཆོས་གླིང་དགོན་གྱིས་བོད་ཕྲུག ༣ ལ་སྨན་པའི་སློབ་སྦྱོང་གི་སློབ་ཡོན་རོགས་རམ་གནང་བ་ལྟར། མི་འགྲོ་འདེམས་སྒྲུག་གིས་ཚང་མ་སོག་ཡུལ་དུ་བསྐྱོད་ཐུབ་པ་བྱུང༌།
༨༽    འདི་ལོ་ཉམ་ཐག་སོགས་གཏན་སློབ་ཁག་ཏུ་སློབ་འཇུག་གི་སློབ་གྲོན་ཐབས་འཚོལ་བྱས་འབྲས་སུ་ཕྱི་ནང་རོགས་ཚོགས་ཁག་ནས་ཁྱོན་བསྡོམས་སློབ་གྲོན་ ༡༩༩༠ བྱུང་ཞིང༌། དེ་ཡང་ཟླ་བ་རེར་སློབ་ཕྲུག་རེ་ལ་སྒོར་ ༡༨༠ རེ་དང་ལོ་གཅིག་ལ་སློབ་གྲོན་འབུལ་དགོས་ཟླ་བ་ ༡༠ སློབ་སྦྱོང་དུས་ཡུན་ཆ་སྙོམ་ལོ་ ༦ བཅས་ལ་རྩིས་བསྐོར་ན་ཧིན་སྒོར་ ༥༤༣༢༤༠༠ ཆགས་ཀྱི་ཡོད།
༩༽    ལོ་འདིར་སློབ་ཡོན་ཆ་ཚང་སྒྲུབ་འབུལ་དང༌། རྩ་ཆག ཕྱེད་བཅག སྣེ་སེལ་བསྡུ་བ་བཅས་ཀྱི་ཐོག་ནས་མ་སུ་རི་དང་སིམ་ལ། རྡོར་གླིང༌། ཌལ་ཧོར། མོན་གྷོ། སྤོན་ཊ། བལ་ཡུལ་རྣམ་རྒྱལ་སློབ་གྲྭ། ཁར་ཤང་ཉལ་ཁང༌། སྒང་ཏོག་ཉལ་ཁང་བཅས་སུ་ཁྱོན་བསྡོམས་སློབ་ཕྲུག ༥༣༧ སློབ་འཇུག་བྱས།
༡༠༽    བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་གི་ནང་ཡིག་རྒྱུགས་དྲང་བདེན་ཡོང་ཐབས་སུ་འབྲེལ་ཆགས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཚོགས་པ་དང་བོད་སློབ་འཛིན་ཚོགས་སོ་སོར་འབྲེལ་མོལ་གྱིས་ཐབས་ལམ་འདྲ་མིན་ལན་མང་ཞུས་ཀྱང་སློབ་ཕྲུག་དང་ཕ་མར་སློབ་གསོ་གནང་དགོས་པའི་སློབ་སྟོན་ཙམ་ལས་དོན་སོན་གང་ཡང་མ་བྱུང༌། འོན་ཀྱང་ཉེ་ལམ་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་དང་བཀའ་མོལ་ཞུས་འབྲས་སུ་ས་གནས་གཞིས་འགོ་བདེ་དོན་དབུ་བཞུགས་ཐོག་རང་བདེན་ཚོགས་ཆུང་དང༌། ས་གནས་གཞོན་ནུ། ས་གནས་བུད་མེད། དགེ་རྒན་ཕ་མའི་འཐུས་ཚབ་བཅས་ཡོད་པའི་ཚོགས་ཆུང་གྲངས་ ༩༠ ཕྱི་ལོ་ ༡༩༩༠ ལོའི་ཕྱི་ཟླ་ ༢ ནང་གསར་འཛུགས་ཀྱིས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་ཚད་གཏོང་སྐབས། ཚོགས་ཁང་ནང་ཚོགས་ཆུང་འཛུལ་ཞུགས་མི་ཆོག་ནའང་སྒོ་འགྲམ་ནས་ལུས་བཤེར་བྱེད་པ་དང༌། ཡིག་རྒྱུགས་རིང་གསང་སྤྱོད་དུ་སོང་སྟེ་དྲང་བདེན་མ་ཡིན་པའི་ལས་ཀ་བྱེད་པ་དང༌། སྒེའུ་ཁུང་སོགས་ནས་ཕྱི་མིས་དྲིས་ལན་སྤྲོད་མཁན་ཡོད་མེད་བརྟག་ཞིབ་ཐུབ་པ་བཅས་ཕན་ཐོགས་ཆེན་པོ་བྱུང༌།
༡༡༽    ཕྱི་ཟླ་ ༦ ནང་ཉིན་གྲངས་ ༡༨ རིང་དེང་དུས་ཚན་རིག་དང༌། རིག་གསར་འཕྲུལ་རིག་ཐ་སྙད་གསར་སྒྲིག་དང་ཕབ་སྒྱུར་བྱེད་ཚུལ་སྐོར་ལ་རྒྱ་གར་དབུས་སྐད་ཡིག་ཞིབ་འཇུག་ཁང་དང་ཤེས་རིག་ལས་ཁུངས་མཉམ་སྦྲེལ་གྱིས་མྱོང་འཁྲིད་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས། ཚོགས་འདུར་ཤེས་རིག་དང་བོད་ཁྱིམ་སོགས་ཀྱི་འབྲེལ་ཡོད་ལས་བྱེད་བཅར་ཏེ་ཕན་ཐོགས་ཆེན་པོ་བྱུང༌།
༡༢༽    སློབ་གྲྭ་ཁག་གི་དགེ་རྒན་ཚོའི་སློབ་ཁྲིད་ཐབས་ལམ་ཡར་རྒྱས་གཏོང་ཐབས་སུ་ཟླ་ ༡༡ ཚེས་ ༡ ནས་ ༡༥ བར་དྷ་རམ་ས་ལར་གཞི་རིམ་འོག་མའི་དགེ་རྒན་ ༢༦ ལ་ཟབ་སྦྱོང་གོ་སྒྲིག་བྱས། འགྲོ་གྲོན་དབྱིན་ཡུལ་བྱིས་ཚོགས་ཀྱིས་བཏང༌།
༡༣༽    ཝཱ་ཎ་མཐོ་སློབ་ཏུ་དགེ་རྒན་འོས་སྦྱོང་ཚུགས་རྒྱུའི་འཆར་འགོད་ཀྱིས་མཐོ་སློབ་ཏུ་འབྲེལ་མོལ་དང་རོགས་རམ་ཐབས་འཚོལ་ཞུས་པ་ལྟར། མཐོ་སློབ་ནས་ཞལ་བཞེས་དང་དབྱིན་ཡུལ་བོད་དོན་ཚོགས་པས་དགོས་དངུལ་སྒོར་ ༢༣༥༥༠༦ གནང་འབྱོར་ལྟར་འོས་སྦྱོང་གོ་སྒྲིག་ཞུ་སྐབས། ཉུང་མཐར་ཆ་རྐྱེན་ཚང་བའི་མི་གྲངས་ ༢༠ དགོས་ཀྱང་དངོས་སུ་ཆ་རྐྱེན་ཚང་བའི་མི་གྲངས་ ༡༡ ལས་མ་འབྱོར་སྟབས། གནས་སྐབས་ངང་འཐེན་གྱིས་ཕྱི་ལོ་༡༩༩༡ ལོར་འོས་སྦྱོང་ཚུགས་ཐབས་བྱ་རྒྱུའི་ཐག་གཅོད་བྱས།ཐ་སྙད་གསར་སྒྲིག་དང་ཕབ་སྒྱུར་བྱེད་ཚུལ་སྐོར་ལ་བགྲོ་གླེང་ཚོགས་འདུ་འཚོགས་པའི་རྣམ་པ།
༡༤༽    སྔ་ལོ་ནས་འཆར་གཞི་བསྒྲིགས་པ་ལྟར་ལོ་འདིར་ཀ་ལོན་སྦུག་དང་རྡོར་གླིང༌། ཨ་རུ་ན་ཅལ་ཁུལ་གྱི་སྔོན་འགྲོའི་སློབ་གྲྭའི་སྡེ་ཚན་ ༢༠ བོད་སློབ་འཛིན་ཚོགས་སུ་རྩིས་འབུལ་ཞུས།
༡༥༽    སྤོན་ཊར་འཛིན་ཁང་ ༥ གསར་རྒྱག་གི་ལས་མཇུག་སྒྲིལ་ཅིང༌། དོན་གྲུབ་གླིང་གི་ཉིན་སློབ་དམའ་རིམ་ནས་འབྲིང་རིམ་སློབ་གྲྭར་སྤར་སྟབས་འཛིན་ཁང་མ་ལྡང་བའི་དཀའ་ངལ་ཡོད་པ་སེལ་ཐབས་སུ་ཧིན་སྒོར་ ༦༥༠༠༠ ཐབས་འཚོལ་གྱིས་འཛིན་ཁང་གསར་རྒྱག་བྱས།
        དེ་བཞིན་ཅོན་ཏ་ར་དང་སྦིར་ཁུལ་གྱི་ཉིན་སློབ་འཛིན་ཁང་དང་ལས་ཁུངས། ཚོགས་ཁང་བཅས་ཀྱི་ཨར་ལས་ལས་མཇུག་གཙང་བསྒྲིལ་ཐོག རྩེད་ཐང་དང་ཐབ་ཚང་གསར་རྒྱག་ཆེད་ཧིན་སྒོར་ ༥༨༧༢༡།༢༠ ཐབས་འཚོལ་གྱིས་གསར་སྐྲུན་ཟིན། ཡང་མེའོ་ཆོས་འཕེལ་གླིང་གཞིས་ཆགས་ཀྱི་སྔོན་འགྲོའི་འཛིན་ཁང་འཕར་མ་གསར་སྐྲུན་ཆེད་སྔ་ལོ་ཧིན་སྒོར་ ༥༤༠༠༠ གནང་འཕྲོས་འདི་ལོ་ཧིན་སྒོར་ ༢༣༩༧༥ གནང་སྟེ་ཨར་ལས་མཇུག་སྒྲིལ་ཟིན།
༡༥༽    ལས་དོན་གཞི་རྒྱ་ཆེ་རུ་འགྲོ་མུས་ལ་བརྟེན་ཤེས་རིག་ལས་ཁུངས་ཚོགས་ཡུལ་ཁང་པས་མ་ལྡང་བའི་དཀའ་ངལ་སེལ་ཐབས་སུ་བཀའ་ཤག་ལ་ད་ལྟའི་ལས་ཁུངས་ཚུགས་ཡུལ་ཉེ་འགྲམ་དུ་ས་ཆ་ཞུས་སྩལ་ཐོག་ཁང་མིག་ཆེ་ཆུང་གྲངས་ ༧ ཡོད་པའི་ཁང་པ་སྟེང་ཤོད་གཉིས་རྒྱ་སྐྱེད་གསར་སྐྲུན་ཞུ་འགོ་ཚུགས། འགྲོ་གྲོན་འཆར་གསལ་སྒོར་ ༢༢༥༦༣༩ གནས་ངེས་པ་ནས་ཧིན་སྒོར་ ༡༨༤༠༠ ཕ་རན་སི་བོད་དོན་ཚོགས་པས་རོགས་རམ་གནང༌།
༡༦༽    ཤེ་ལོང་ཁུལ་ཁ་འཐོར་དུ་གནས་སྡོད་བོད་ཕྲུག་ ༦༠།༧༠ ཤོང་བའི་ཉལ་ཁང་གསར་རྒྱག་གི་དགོས་དངུལ་སྔ་ལོ་གནང་བའི་ཐོག འདི་ལོ་ཡང་བསྐྱར་སྒོར་ ༢༡༨༣༤།༡༤ དང༌། དེའི་ཐོག་འཕར་གྲོན་སྒོར་ ༢༥༩༦༥།༨༦ གནང་སྟེ་ཨར་ལས་མཇུག་སྒྲིལ་ཟིན། ལོ་རྗེས་མ་ཉལ་ཁང་དངོས་སུ་སྒོ་འབྱེད་ཀྱིས་སློབ་འཇུག་གནང་གཏན་འཁེལ།
༡༧༽    འཛིན་རིམ་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་སྐད་ཡིག་དང་རྒྱལ་རབས་ཆོས་འབྱུང་སློབ་དེབ་ཁག་ལ་བསྐྱར་ཞིབ་ཟིན་ཏེ་མཁས་པ་དང་མྱོང་ཅན་མི་སྣའི་དགོངས་འཆར་བསྡུ་གཏན་འཁེལ།
༡༨༽    ལོ་འདིར་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་དང་རིག་གཞུང༌། རྩོམ་རིག་སོགས་ཀྱི་ཤེས་ཚད་གོང་དུ་སྤེལ་ཆེད། ཕ་ཡུལ་ན་གཞོན་བརྙན་དེབ་ཅེས་པ་གསར་དུ་རྩོམ་སྒྲིག་གིས་འདོན་སྤེལ་བྱས། རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་རེད།
༡༩༽    མ་ལི་ལི་སློབ་གྲྭ་རྒྱ་སྐྱེད་ཆེད་ས་ཆ་ཁྲིམས་ཐོག་ནས་རང་རེར་ཐོབ་ཆེད་འབད་བརྩོན་ཞུས་མུ་མཐུད་ཞུས་ཀྱང་ད་དུང་གྲུབ་འབྲས་མ་ཐོན།

 

Menu