༡༽    ལོ་འདིར་གཏན་ཉིན་སློབ་གྲྭ་ ༨༧ ༼དབུས་བོད་སློབ་འཛིན་ཚོགས་ཁོངས་ཤེས་རིག་ལས་ཁུངས་ནས་དངོས་སུ་གཟིགས་རྟོག་དགོས་པ་གྲངས་ ༣༧ ཤེས་རིག་གིས་ཐད་ཀར་འཛིན་སྐྱོང་གནང་མུས་ ༣༢ ཟུར་སྐྱོང་སློབ་ཁག ༡༨༽ཡོད་པའི་ནང་སློབ་ཕྲུག་ཁྱོན་བསྡོམས་ ༢༡༡༢༡ ཡོད་ཅིང༌། དགེ་རྒན་ལས་བྱེད་ ༡༤༥༩ ཡོད།
༢༽    ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། མའི་སོར་བྷེལ་ཀོབ་ལུགས་བསམ་གཞིས་སློབ་བཅས་ཀྱི་ནང་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་སུ་ཞུགས་པ་ ༡༢༤ ཡོད་པ་ནས་ཨང་སྡེ་དང་པོ་ ༦ དང༌། ཨང་སྡེ་གཉིས་པ་ ༨༢ ཨང་སྡེ་གསུམ་པ་ ༢༦ ཡིག་རྒྱུགས་མ་འཕྲོད་པ་ ༡༠ བཅས་ཡོད།
        གོང་གསལ་ཁོངས་ནས་དང་ཞབས་སུ་ཞུགས་འདོད་ཡོད་པ་རྣམས་འདི་ལོ་རང་མོས་ཀྱི་སྒོ་ནས་དང་སློབ་ཏུ་ཞུགས་སུ་བཅུག་ཅིང༌། དེ་མིན་ཨང་རིམ་རྩེ་ཕུད་ ༡༥ ལ་དབུས་བོད་སློབ་འཛིན་ཚོགས་ཀྱི་མཐོ་སློབ་སློབ་ཡོན་སྔར་ལམ་ལྟར་བགོ་སྤྲོད་བྱས། སློབ་ཕྲུག་རྩེ་ཕུད་ ༡༥ ནང་ནས་ ༦ དང་སློབ་ཏུ་སོང༌། སློབ་ཡོན་དེའི་འོག་གི་ཨང་རིམ་མཐོ་བ་རྣམས་གྲལ་བཤིག་གིས་སྤྲད།
        འདི་ལོ་འཛིན་རིམ་ ༡༢ ཐོན་རྗེས་མུ་མཐུད་རིགས་འདྲ་མིན་གྱི་སློབ་སྦྱོང་ཆེད་ཕྱི་ནང་རོགས་ཚོགས་ཁག་ནས་སློབ་ཡོན་གྲངས་ ༩༥ བོད་སློབ་འཛིན་ཚོགས་ཀྱི་མཐོ་སློབ་སློབ་ཡོན་ ༡༥ ཡང་འདིའི་ཁོངས་སུ་ཚུད་ཐབས་འཚོལ་ཐུབ་ཅིང༌། འདིའི་ཐད་སློབ་ཡོན་ཚོགས་ཆུང་གིས་དཔྱད་བསྡུར་དང་འབྲེལ་སློབ་ཕྲུག་གི་དགའ་མོས་དང་སྤྱི་ཚོགས་ཀྱི་དགོས་མཁོ། གོ་སྐབས་དངོས་ཡོད་བཅས་ལ་གཞིགས་ཏེ་མཐོ་སློབ་དང༌། སྨན་ཞབས། དགེ་རྒན་འོས་སྦྱོང༌།སྔོན་འགྲོ་དང་འབྲིང་རིམ། དམའ་རིམ་ཚུད ཤིང་བཟོ། སྣུམ་འཁོར་བཤིག་སྒྲིག སྨན་པ། འཕྲུལ་ལས། འཛིན་སྐྱོང༌། ཉི་ཧོང་དུ་དཀར་ཡོལ་བཟོ་སྐྲུན་སློབ་སྦྱོང་བཅས་ཀྱི་ཆེད་ཁྱོན་སློབ་ཕྲུག ༩༥ ལ་སློབ་ཡོན་གནང༌།
༣༽    རྒྱ་གར་གཞུང་གིས་ལོ་ལྟར་བོད་ཕྲུག་ཚོར་དམིགས་ཏེ་སྨན་པའི་ཞབས་སྟེགས་གཉིས་དང༌། བཟོ་སྐྲུན་འཆར་འགོད་པའི་ཞབས་སྟེགས་གསུམ་གནང་མུས་ཐོག འདི་ལོ་ཞིང་ལས་འཕྲུལ་འཁོར་སློབ་སྦྱོང་དང་སྒོ་ཕྱུགས་གསོ་སྐྱོང་དང་སྨན་བཅོས། དཀར་ཆུ་ཐོན་སྐྱེད་སློབ་སྦྱོང་བཅས་ཀྱི་ཆེད་ཞབས་སྟེགས་རེ་རེ་གསོལ་སྩལ་གནང་བ་ལྟར་སློབ་ཕྲུག་འདེམས་གཏོང་བྱས།
༤༽    ྋགོང་ས་མཆོག་གི་བཀའ་དགོངས་ལྟར་བོད་ཕྲུག་རྩེ་ཕུད་གཅིག་གཉིས་ཤིག་དབྱིན་ཡུལ་ཨོག་སེ་ཕོར་ཊེ་གཙུག་ལག་སློབ་ཁང་དང་ཁམ་བྷེ་རེ་ཇི་གཙུག་ལག་སློབ་ཁང་ནང་ཚུད་ཐབས་སུ་རྒྱ་བལ་ཕྱི་རྒྱལ་དང་བཅས་པར་གནས་འཁོད་བོད་ཕྲུག་ཤེས་ཚད་ལེགས་གྲས་ ༦༢ ནང་ནས་ ༢༥ འདེམས་སྒྲུག་གིས་ལོ་རྒྱུས་ཡིག་ཆ་གོང་གསལ་གཙུག་ལག་སློབ་ཁང་གཉིས་ལ་བཏང༌། གཙུག་ལག་སློབ་ཁང་གཉིས་ཀྱིས་དེའི་ཁོངས་ནས་བོད་ཕྲུག་དགུའི་མིང་གཞུང་ཟུར་བཏོན་གྱིས་ཕྱིར་སྩལ་ལྟར་དེ་དག་ཚུད་ཐབས་ཆེད་ཐབས་ཤེས་ཡོད་རྒུ་བྱེད་འགོ་བཙུགས།
༥༽    རྒྱ་གར་ནང་གི་མཐོ་སློབ་ཁག་ཏུ་སློབ་ཡོན་ཉུང་མཐར་ཧིན་སྒོར་༥༥༠༠ སྐོར་འགྲོ་མུས་ཀྱང་བོད་སློབ་འཛིན་ཚོགས་ཀྱིས་ལོ་ལྟར་སློབ་ཕྲུག་བཅོ་ལྔ་སྐོར་ལ་སློབ་ཡོན་སྩལ་ཁོངས་ཧིན་སྒོར་ ༢༩༠༠ ལས་མེད་པ་དེས་ལྡང་ཐབས་རྩ་བྲལ་ལ་བརྟེན་སྤར་ཆ་ཡོང་ཐབས་ལན་མང་ཞུས་ཀྱང་དོན་སོན་མ་བྱུང་མཐར་ཤེས་རིག་གིས་སུད་སི་རོགས་ཚོགས་ལ་འབོད་སྐུལ་གྱིས་ཟླ་རེར་སློབ་ཕྲུག་རེར་སློབ་ཡོན་ཁ་སྣོན་ཧིན་སྒོར་ ༡༥༠༠ གནང་མུས་ཐོག་འདི་ལོ་ནས་བཟུང་ཤེས་རིག་རང་ནས་སློབ་ཕྲུག་རེར་ཧིན་སྒོར་ ༡༡༠༠ རེ་ཁ་སྣོན་དུ་གནང་འགོ་བཙུགས།
༦༽    ལོ་འདིར་བོད་ཕྲུག་མཐའ་སྐྱོ་རྣམས་གཏན་སློབ་ཁག་ནང་སློབ་འཇུག་དང་སློབ་འཇུག་ཟླ་སྒྲིལ་ཆེད་སློབ་གྲོན་ ༢༥༤ ཐབས་འཚོལ་ཐུབ་པ་བྱུང༌། དེར་བརྟེན་ལོ་འདིར་མ་སུ་རི་དང༌། ཌལ་ཧོར། རྡོར་གླིང༌། སིམ་ལ། སྤོན་ཊ། བལ་ཡུལ་རྣམ་རྒྱལ་གཏན་སློབ། ཀ་སྦུག སོ་ན་མདའ། མི་རིགས་བཅས་གཏན་སློབ་དང་ཉལ་ཁང་ཡོད་པའི་ཉིན་སློབ་ནང་ཁྱོན་སློབ་ཕྲུག༌༤༣༣ སློབ་ཡོན་ཆ་ཚང་ཕྱེད་བཅག སྣེ་སེལ། རྩ་ཆག་བཅས་ཀྱི་ཐོག་ནས་སློབ་འཇུག་བྱས།
༧༽    ༡༩༧༥ ནས་ ༡༩༨༤ བར་ཤེས་རིག་གིས་སློབ་འཇུག་ངོས་སྦྱོར་གནང་བར་རྩ་འཛིན་གྱིས་བོད་སློབ་འཛིན་ཚོགས་ཀྱི་གཏན་སློབ་ཁག་ནང་སློབ་འཇུག་བྱེད་བཞིན་ཡོད་ཀྱང༌། ༡༩༨༥ ནས་འཛིན་རིམ་ལྔ་པ་མན་གྱི་བོད་ཕྲུག་ལོ་ཆུང་གཏན་སློབ་ཏུ་སློབ་འཇུག་བྱས་ཚེ། ཤེས་ཡོན་དང་འཕྲོད་བསྟེན་སོགས་ཚང་མར་སྐྱོན་གནད་ཆེ་བར་བརྟེན་ཉིན་སློབ་ཏུ་ཉར་དགོས་ཚུལ་གསར་སྤྲོས་གནང་བར་ཤེས་རིག་ལས་ཁུངས་ནས་སྔར་ལམ་ལྟར་འཇུག་དགོས་ཚུལ་མུ་མཐུད་ཨུ་ཚུགས་མཐར་སྐྱེལ་བྱས་པར་བརྟེན། ༡༩༨༥ ལོར་སྔར་ལམ་ལྟར་སློབ་འཇུག་བྱས་འཐུས་བཀའ་འཁྲོལ་ཐོབ་ཙམ་བྱུང་ཡང་ལོ་འདིའི་ནང་ཡང་བསྐྱར་སློབ་འཇུག་མི་ཆོག་ཚུལ་གསུངས་པར་བརྟེན། ཤེས་རིག་ལས་ཁུངས་ཀྱིས་འབྲེལ་ཡོད་ཀུན་ལ་མེས་འཚིག་མེར་གཏུགས་ཀྱིས་ཞུ་སྐུལ་རིམ་པར་བྱས་ཀྱང་བོད་སློབ་འཛིན་ཚོགས་ཀྱི་ཐག་གཅོད་ལ་འགྱུར་བ་མ་སོང༌། འཛིན་རིམ་ ༥ པ་མན་ལ་སློབ་འཇུག་རྩ་བ་ནས་མ་བྱས་པར་སྒོ་བརྒྱབ་ཚེ་དཀའ་ངལ་དེ་ཙམ་མེད་ཀྱང༌། དངོས་ཡོད་གནས་སྟངས་ཐོག་འཛིན་རིམ་དེ་དག་སྒོ་རྒྱག་ཤེས་ཐབས་མེད་པར་བརྟེན་འཛིན་རིམ་དེ་དག་ཏུ་ས་གནས་བོད་ཕྲུག་གིས་མ་ལྡང་བའི་གྲངས་ཚད་ཀྱི་ཆ་ཡོངས་ས་གནས་ཡུལ་མིའི་བུ་ཕྲུག་ཉིན་སློབ་ཀྱི་ངོ་བོར་སློབ་འཇུག་བྱས་ཏེ་བསྐང་ཚེ་རིམ་པས་མགོ་ཐར་དཔུང་འཛུལ་གྱི་དཔེ་ལྟར་གཏན་སློབ་ཁག་གི་ངོ་བོ་བསྒྱུར་ཉེན་ཆེ་བར་བརྟེན། གོང་རིམ་བཀའ་ཤག་དང་ཞིབ་ཆའི་གོ་བསྡུར་ཞུས་རྗེས་བོད་རིགས་སློབ་སྤྱི་སོ་སོར་ནང་དོན་ཞིབ་ཆའི་བཀོད་མངགས་དང་སྦྲགས་སློབ་ཕྲུག་སྔར་བཞིན་གཏན་སློབ་ཁག་ཏུ་གཏོང་རྐྱང་བྱས་པར་བོད་སློབ་འཛིན་ཚོགས་ཀྱིས་ཀ་ཀོར་གནང་སྟེ་ཕྲུ་གུ་རྣམས་ཡུན་རིང་རྩིས་ལེན་མ་གནང་ཡང༌། མཐའ་མ་ཕྱི་ཟླ་ ༨ ཚེས་ ༩ ཉིན་བོད་སློབ་འཛིན་ཚོགས་ཀྱི་དམིགས་བསལ་འགན་འཛིན་ལྷན་ཚོགས་ཚོགས་སྐོང་གནང་བ་ལྟར་ཤེས་རིག་ལས་ཁུངས་ནས་ཞུ་སྐུལ་མཐའ་ནན་ཞུས་འབྲས་སུ་བོད་ཕྲུག་རྣམས་སྔར་ལམ་ལྟར་སློབ་འཇུག་ཆོག་པའི་བཀའ་འཁྲོལ་གྲོས་ཆོད་བྱུང༌།
༨༽    འབྲུག་གཞིས་ཉིན་སློབ་ཁག་ནས་འཛིན་རིམ་ ༥ པ་ཐོན་པ་དང༌། ཉིན་སློབ་མེད་ཁུལ་སྤ་གྲོ་དང་བོད་སྒར་ནང་འདི་ལ་དེ་སྔོན་ཉིན་སློབ་ཡོད་ཀྱང་གང་ཅིའི་གནས་སྟངས་དབང་གིས་མཇུག་སྐྱོང་ཐུབ་ཐབས་བྲལ་གཞིས་ཆགས་ཀྱི་བུ་ཕྲུག་སློབ་ལོ་སོན་པ་རྣམས་ཀ་རྡོར་སྒང་གསུམ་ཁུལ་དུ་བླངས་ཏེ་སློབ་འཇུག་སྔར་བཞིན་བྱས།
        དེ་བཞིན་འབྲུག་ཁུལ་དུ་ཡོད་པའི་ཉིན་སློབ་ཁག་བཞིར་དགེ་རྒན་ལྡང་ངེས་མེད་པའི་དཀའ་ངལ་སེལ་ཐབས་སུ་ཚགས་པར་ཁག་ནང་གསལ་བསྒྲགས་སྤེལ་བར་འཚང་སྙན་འབུལ་མཁན་ ༦ བྱུང་བ་རྣམས་འབྲུག་ནང་བསྐྱོད་སྡོད་ཆོག་པའི་ལག་འཁྱེར་ཞུ་བཞིན་པའི་མུར་གནས།
༩༽    བར་ལམ་ནས་དབུས་ཡིག་རྒྱུགས་ཚོགས་པས་བཟོ་འདོན་གནང་བའི་འཛིན་རིམ་དགུ་པ་ཡན་གྱི་བོད་ཡིག་དྲི་ཤོག་ཁག་སློབ་དེབ་ཀྱི་ནང་དོན་དང་མི་མཐུན་ཁར། སློབ་ཕྲུག་གི་ཤེས་ཚད་དང་མི་འཚམས་པའི་གནས་ཚུལ་མང་པོ་ཐོན་པར་བརྟེན། ཤེས་རིག་ལས་ཁུངས་ཀྱིས་དབུས་ཡིག་རྒྱུགས་ཚོགས་པར་འབྲེལ་མོལ་ཞུས་པར་སླད་ཡིག་རྒྱུགས་དྲི་ཤོག་ཚད་ལྡན་ཡོང་ཐབས་སུ་དཔེ་མཚོན་འཆར་གཞི་འབུལ་དགོས་གསུངས་པ་ལྟར། འབྲེལ་ཡོད་སློབ་དགེ་རྣམས་སྐོང་འཚོགས་ཀྱིས་འཛིན་རིམ་དགུ་པ་དང་བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ་བཅས་ཀྱི་དྲི་ཤོག་དཔེ་མཚོན་བཟོས་ཏེ་རྒྱ་གར་དབུས་ཡིག་རྒྱུགས་ཚོགས་པར་ཕུལ།
༡༠༽    ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་དང༌། ཤེས་རིག་ཚོགས་ཆེན་ཐེངས་གསུམ་པའི་འབྲུ་དོན་ལྟར། སློབ་གྲྭ་ཁག་གི་འཛིན་རིམ་ལྔ་པ་མན་གྱི་སློབ་ཚན་ཨང་རྩིས་དང༌། ཚན་རིག་བོད་སྐད་དུ་ཕབ་སྒྱུར་བྱེད་གཏན་འཁེལ་ཏེ། སློབ་ཚན་འདི་གཉིས་ཐོག་མཁྱེན་ཡོན་དང་འབྲེལ་ཆགས་དགེ་རྒན་བཅོ་ལྔར་རེ་སྐུལ་ཞུས་ཏེ་སློབ་ཚན་ཕབ་སྒྱུར་བྱེད་འགོ་བཙུགས།
༡༡༽    འཛིན་རིམ་དང་པོ་ནས་ལྔ་པ་བར་དང༌། དྲུག་པ་ནས་བརྒྱད་པ་བར། དགུ་པ་ནས་བཅུ་གཉིས་བར་བཅས་ཁག་གསུམ་ལ་དབྱེ་སྟེ་དགེ་རྒན་གྱི་སློབ་ཁྲིད་ལམ་སྟོན་ལག་དེབ་བཟོ་མངགས་ཞུས་པའི་ཁོངས་ནས་འཛིན་རིམ་དྲུག་པའི་ལམ་སྟོན་ལག་དེབ་ཀྱི་ཟིན་བྲིས་ཕུལ་འབྱོར་བྱུང༌།
༡༢༽    སྔོན་འགྲོ་དང་དམའ་རིམ་འཛིན་གྲྭ་ཁག་གི་བོད་ཡིག་ཡིག་གཟུགས་སྦྱོང་དེབ་གསར་བཟོ་དང་པར་སྐྲུན་ཟིན་པར་བརྟེན་འགྲེམས་སྤེལ་བྱེད་གཏན་འཁེལ།
༡༣༽    སློབ་གྲྭ་ཁག་གི་སློབ་ཕྲུག་ཆེད་འཁྲུངས་རབས་དང༌། རྣམ་ཐར། ཤོད་རྒྱུན། བསླབ་བྱ་སོགས་ལས་བསྡུ་སྒྲིག་བྱས་པའི་སྒྲུང་དེབ་མཐོ་དམའ་བར་གསུམ་གྱི་མ་དཔེ་གཙང་བྲིས་དང་རི་མོ་འབྲི་བཞིན་པ་ཚར་འཕྲལ་པར་སྐྲུན་བྱེད་གཏན་འཁེལ།
༡༤༽    མ་ན་ལི་ཁུལ་གཞིས་ཆགས་གསར་འཛུགས་བྱེད་ཡུལ་གཏན་འཁེལ་མ་ཐུབ་སྟབས་དེ་ཁུལ་གཏན་སློབ་གསར་རྒྱག་གནང་རྒྱུའང་ལག་བསྟར་མ་ཐུབ་པར་ནར་ལུས་བྱུང༌། འོན་ཀྱང་མ་ན་ལི་ཉིན་སློབ་ཆགས་ཡུལ་ས་ཆ་དེ་བཞིན་སློབ་གྲྭར་བདག་ཐོབ་ཡོང་བའི་ཞུ་སྐུལ་མངའ་སྡེའི་གཞུང་དང་ཀུ་ལུ་རྫོང་དཔོན་བཅས་ལ་རེ་སྐུལ་ཞུས།
༡༥༽    བལ་ཡུལ་ནང་སྒེར་སློབ་ཟུར་འཛིན་གྱི་གོ་སྐབས་ལེགས་པའི་སྐབས་འདིར་གཏན་སློབ་ཚད་ལྡན་ཞིག་གསར་རྒྱག་བྱ་རྒྱུའི་འཆར་གཞི་བཀོད་དེ་བལ་ཡུལ་རྒྱལ་སའི་གོར་ཁ་ན་ས་ཁུལ་དུ་འབྲིང་རིམ་གཏན་སློབ་གསར་རྒྱག་གི་རྨང་རྡོ་དངོས་སུ་བཏིང༌། ཨར་ལས་རྣམས་བོགས་མར་སྤྲད་དེ་ཕྱི་ལོ་ ༡༩༨༧ ལོར་འགོ་འཛུགས་བྱ་རྒྱུའི་གན་རྒྱ་ཞིབ་ཕྲ་བཞག
༡༦༽    ལོ་སྔོན་མའི་ལས་དོན་ནང་གསལ་བ་བཞིན། ཝ་ཎ་ལེགས་སྦྱར་གཙུག་ལག་སློབ་ཁང་དུ་བོད་ཀྱི་སྐད་ཡིག་ཐོག་ནས་མི་གྲངས་ ༢༩ ལ་དགེ་རྒན་འོས་སྦྱོང་གོ་སྒྲིག་བྱས་པའི་ཁོངས་ནས་མི་ ༢ སྐད་ཡིག་གི་དཀའ་ངལ་དབང་གིས་དགོངས་པ་ཞུས་འཕྲོས་མི་གྲངས་ ༢༧ ལ་འོས་སྦྱོང་གོ་སྒྲིག་བྱས་པ་དེ་རྗེས་ལོ་ཕྱི་ཟླ་ ༥ ནང་ཐོན་གཏན་འཁེལ་ཡོད། ལས་གཞི་འདིར་ཁྱོན་འགྲོ་གྲོན་སྒོར་ ༢༢༨༠༧༢།༤༠ འགྲོ་འཆར་རྣམས་ནོར་ཝེ་སྐྱབས་བཅོལ་རོགས་ཚོགས་ལ་རེ་སྐུལ་ཞུས་པ་ལྟར་དོན་སོན་བྱུང༌།
        སྔོན་འགྲོའི་སློབ་གྲྭ་རྣམས་ཡར་རྒྱས་ཚགས་ཚུད་དགོས་གལ་ཧ་ཅང་ཆེ་བར་བརྟེན། འདི་ལོ་ནས་ཨོ་རི་ས་དང༌། བྷན་དྷ་ར། མན་སྤར་བཅས་གཞིས་ཆགས་ཆེ་ཁག་གི་སྔོན་འགྲོའི་སློབ་གྲྭའི་སྤྱི་ཡོངས་འཛིན་སྐྱོང་ལྟ་རྟོག་གི་ལས་འགན་ཤེས་རིག་ལས་ཁུངས་ཀྱིས་རྩིས་ལེན་བྱས་ཤིང༌། སྔོན་འགྲོའི་སློབ་གྲྭ་ཡར་རྒྱས་སུ་གཏོང་བའི་གོམ་རིམ་དང་པོར་སྔོན་སློབ་དེ་དག་ནང་དགེ་རྒན་ལ་འོས་སྦྱོང་མེད་པའི་དཀའ་ངལ་སེལ་ཐབས་སུ་ས་གནས་སུ་མི་འགྲོ་ཐབས་འཚོལ་དང་སྦྲགས་འོས་སྦྱོང་ཁོངས་འཇུག་གཏོང་བྱས།
        སྔོན་འགྲོའི་སློབ་གྲྭ་རྣམས་སུ་ཚད་ལྡན་དགེ་རྒན་བསྐོ་བཞག་ཆེད་སྔ་ལོ་དྷ་ས་བོད་ཁྱིམ་དུ་སྔོན་འགྲོའི་དགེ་རྒན་གྱི་འོས་སྦྱོང་གོ་སྒྲིག་བྱས་པར་གྲུབ་འབྲས་ཡག་པོ་བྱུང་བར་བརྟེན། ༡༩༨༦ ཟླ་ ༦ ཚེས་ ༩ ནས་ ཟླ་ ༡༢ ཚེས་ ༡༠ བར་མི་གྲངས་ ༡༢ ལ་ཡང་བསྐྱར་འོས་སྦྱོང་གོ་སྒྲིག་བྱས། འོས་སྦྱོང་ཐོན་སྐབས་མ་གནས་ཧིན་སྒོར་ ༣༦༠༠ ཙམ་གྱི་ཁྲིད་ཆས་ཆ་ཚང་རེ་ཡང་གནང་སྟེ་སློབ་གྲྭ་ཁག་ལ་བསྐོ་བཞག་བྱས།
༡༧༽    ྋགོང་ས་མཆོག་ལ་ཐུགས་དམ་སྙན་འབུལ་ཞུས་པའི་ཕྱིར་ཕེབས་དགོངས་དོན་གཞི་བཟུང་ ༡༩༨༤ ནས་བཟུང་སློབ་གྲྭ་ཁག་ཏུ་སྤྱི་སྒོས་བསོད་ནམས་གསོག་ཐབས་སུ་ས་གནས་སོ་སོར་གནས་བཞུགས་སྤྱི་མོས་གུས་བཀུར་ཆེ་བའི་བླ་མ་དང་དགེ་བཤེས་གདན་ཞུས་ཀྱིས་བླང་དོར་ལམ་སྟོན་གནང་དང་གནང་བཞིན་པ་ཡིན་ཞིང༌། ལས་དོན་འདི་ཉིད་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གྲངས་བར་མ་ཆད་པར་སྤེལ་ཡོད་ཀྱང༌། འདིའི་རྗེས་ཀྱི་ལོ་རེའི་ལས་དོན་ཁོངས་ཡིག་ཚོགས་ལ་འཇིགས་ཏེ་བཀོད་མེད།
༡༨༽    དྷོ་ལན་ཇི་བོན་གཞིས་སློབ་གྲྭར་འཛིན་ཁང་ལྡང་ངེས་མེད་པར་བརྟེན་ཁང་པའི་ཕྱི་ལ་འཛིན་གྲྭ་ཚུགས་དགོས་དཀའ་ངལ་ཆེ་བས་དབུས་བོད་སློབ་འཛིན་ཚོགས་ལ་སྙན་སྐུལ་ལན་མང་ཞུས་ཀྱང་དོན་སོན་མ་བྱུང༌། དེར་བརྟེན་ཤེས་རིག་ནས་འགྲོ་གྲོན་དང་ས་གནས་མང་ཚོགས་ཀྱིས་ངལ་རྩོལ་དང་ལེན་གནང་སྟེ་འཛིན་ཁང་འཕར་མ་གཉིས་གསར་རྒྱག་བྱས།
༡༩༽    བྷན་དྷ་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་བུ་བཅོལ་ཁང་གསར་རྒྱག་ཆེད་སི་ཀིབ་རོགས་ཚོགས་ཀྱི་རོགས་དངུལ་ཐོག་ཤེས་རིག་ནས་ཁ་སྣོན་སྒོར་ ༡༥༠༠༠ གནང་ཞིང༌།
        ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་སློབ་གྲྭ་དབུས་མ་དང་ཡན་ལག་སློབ་གྲྭ་ཁག་ས་ཐག་རིང་བར་བརྟེན། སློབ་གྲྭ་དབུས་མར་སྐྱོད་མཁན་སློབ་ཕྲུག་ཚོའི་དཀའ་ངལ་སེལ་ཆེད་སློབ་གྲྭ་དབུས་མའི་ཉེ་འདབས་སུ་གཞིས་ཆགས་ཀྱིས་ས་ཆ་ཕུལ་བའི་སྟེང་སློབ་ཕྲུག ༡༠༠ སྐོར་ཤོང་བའི་ཉལ་ཁང་གསར་རྒྱག་གནང་གཏན་འཁེལ་བའི་འཆར་གསལ་ཧིན་སྒོར་ ༢༦༤༥༠༠ ནས་སྤྲོད་ཐེངས་དང་པོར་ཧིན་སྒོར་ ༨༨༡༦༧ སྤྲད་ཟིན། ་
        ཡང་ཅོག་ཀུར་ཉིན་སློབ་ནས་བྷེལ་ཀོབ་སློབ་གྲྭ་དབུས་མའི་བར་ས་ཐག་རིང་བས་སློབ་ཕྲུག་གི་དཀའ་ངལ་སེལ་ཆེད་བྷེལ་ཀོབ་སློབ་གྲྭ་དབུས་མར་ཅོག་ཀུར་གྲོང་སྡེ་གཉིས་ཀྱི་བུ་ཕྲུག༌༥༠ སྐོར་ཤོང་བའི་ཉལ་ཁང་གསར་རྒྱག་འགྲོ་གྲོན་སྒོར་ ༡༦༡༦༨༥།༩༨ ནས་ཨར་ལས་ལས་རྩོལ་ལ་འགྲོ་སོང་ཧིན་སྒོར་ ༤༠༤༡༩།༣༦ འགྲོ་འཆར་ས་གནས་ཕ་མ་ཚོས་ངལ་རྩོལ་དང་བླང་གནང་འཆར་འཐེན་འཕྲོས་སྒོར་ ༡༢༡༢༦༦།༦༢ གནས་པ་ནས་སྤྲོད་ཐེངས་དང་པོར་ཧིན་སྒོར་ ༤༠༤༥༠ སྤྲད་ཟིན།
        སྤུར་ཝ་ལ་གཞིས་ཆགས་ཉིན་སློབ་ཏུ་ཁྲུས་ཁང་གསང་སྤྱོད་གསར་རྒྱག་དང༌། འཛིན་ཆས་གསར་ཉོ། འཛིན་ཁང་ཡོངས་ལ་ཉམས་གསོ། སློབ་ས་ཡོངས་ལ་ར་བ་ཕུགས་བརྟན་བཅས་བསྐོར་བའི་འགྲོ་སོང་ཤེས་རིག་གིས་བཏང༌།
    དེ་བཞིན་ལ་ཁན་ཝ་ལ་སློབ་གྲྭར་གསང་སྤྱོད་དང་ཁྲུས་ཁང་གསར་རྒྱག་དང་སློབ་ཁང་ཡོངས་ལ་ཉམས་གསོ་བྱས།
    བདེ་སྐྱིད་གླིང་གཞིས་ཆགས་ཉིན་སློབ་ཏུ་ཚོགས་ཁང་དང་ཞལ་ལག་མཆོད་ཁང་ཉིས་གོ་གཅིག་ཆོད་ཀྱི་ཁང་པ་ཆེ་ཆུང་འགྲིགས་ངེས་ཟུར་དུ་ཐབ་ཚང་དང་དངོས་ཟོག་འཇོག་ཡུལ་ཁང་པ་གཉིས་བཅས་ཡོད་པ་ཞིག་གསར་རྒྱག་བྱེད་བཞིན་ཡོད་པའི་འགྲོ་སོང་ཤེས་རིག་གིས་བཏང་ཞིང༌། ལས་རྩོལ་ས་གནས་བདེ་དོན་གྱི་སྐུལ་སློང་འོག་ས་གནས་མང་ཚོགས་ཀྱིས་གནང་བཞིན་ཡོད།
        སྤོན་ཊ་གཏན་སློབ་ཏུ་སློབ་གྲྭའི་དཔེ་མཛོད་ཀྱི་རྨང་གཞི་ས་དོང་སྔོན་བྲུས་ཟིན་པ་ལྟར། འདི་ལོ་དཔེ་དེབ་ཀློག་ཁང་དང༌། དེབ་རིགས་འཇོག་ཁང༌། དཔེ་མཛོད་དོ་དམ་པའི་ལས་ཁུངས་བཅས་ཁང་མིག་གསུམ་གསར་རྒྱག་ཟིན་ཞིང༌། དཔེ་མཛོད་ཀྱི་སྟེང་དུ་སློབ་སྤྱིའི་ལས་ཁུངས་ཤིག་དང༌། ལས་བྱེད་ལྡབ་འཕར་ཡོང་བཞིན་པའི་དགོས་མཁོར་ལས་ཤག་ཐོག་གཅིག་མ་ཞིག་གསར་རྒྱག་བྱེད་མུས་དེ་ནས་ལས་ཤག་འཕར་མ་ ༨ ཙམ་ཐོན་པ་བྱེད་འཆར་བཟོས།སྤུར་ཝ་ལ་གཞིས་ཆགས་ཉིན་སློབ་ཀྱི་སློབ་ཕྲུག་ཚོས་གཟིགས་འབུལ་ཞུ་བཞིན་པ།
༢༠༽    གངས་སྐྱིད་དུ་བུ་བཅོལ་ཁང་མེད་སྟབས་བུ་ཕྲུག་ཆུང་འཛར་ཡོད་པའི་ལས་བྱེད་ཚོར་དཀའ་ངལ་ཆེན་པོ་འཕྲད་མུས་སེལ་ཐབས་སུ་ཤེས་རིག་ལས་ཁུངས་ཀྱི་རོགས་རམ་འོག་བུ་བཅོལ་ཁང་གསར་འཛུགས་དང་ཕ་མའི་ཚོགས་ཆུང་འདེམས་བསྐོ་བྱས། དེ་བཞིན་དགོས་མཁོའི་གདན་དང་རྩེད་ཆས་ཉོ་སྒྲུབ་ཆེད་ཧིན་སྒོར་ ༨༠༩༠ གནང༌།
༢༡༽    བོད་ནས་གསར་འབྱོར་ན་གཞོན་དབྱིན་སྐད་སོགས་སྦྱོང་འདུན་ཅན་རྣམས་ལ་ཆེད་དུ་དམིགས་ཏེ་རང་གཞུང་ནས་སྦིར་གཞིས་ཆགས་སུ་གསོག་སྒར་སློབ་གྲྭ་གསར་འཛུགས་དང་འབྲེལ་གཞིས་ཆགས་ཀྱི་དོ་ཁང་ལ་བཟོ་བཅོས་ཀྱིས་འཛིན་ཁང་དང་སློབ་ཕྲུག་སྡོད་ཁང་དུ་ག་བསྒྱུར་བྱས་ཐོག འཛིན་ཆས་གསར་ཉོ་བྱས་པར་ཧིན་སྒོར་ ༡༠༧༤༩༡ གནས་པ་ནས་རང་གཞུང་བཀའ་ཤག་གིས་སྒོར་ ༡༧༢༨༠ གནང་འཕྲོས་སྒོར་ ༩༠༢༡༡ ཤེས་རིག་གིས་གནང༌། དེ་བཞིན་དགེ་ལས་ཀྱི་ཕོགས་སོགས་རྒྱུན་གྲོན་མི་རེར་ཧིན་སྒོར་ ༣༠༤ འགྲོ་མུས་ཀྱི་ཕྱེད་འབབ་ཤེས་རིག་ལས་ཁུངས་དང་ཕྱེད་འབབ་མ་སུ་རི་བོད་ཁྱིམ་གྱིས་བཏང༌།
        སྦིར་གསོག་སྒར་སློབ་གྲྭའི་སློབ་ཚན་དང་སློབ་སྦྱོང་སྤྲོད་ཕྱོགས་ཐད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། ཤེས་རིག་དྲུང་གཞོན་བསམ་མཁར་མི་འགྱུར་དང་དངོས་གྲུབ་ཚེ་རིང༌། གསོག་སྒར་སློབ་གྲྭའི་འགན་འཛིན་གསར་རྙིང༌། སློབ་དགེའི་འཐུས་ཚབ། མ་སུ་རི་བོད་ཁྱིམ་གྱི་འཐུས་ཚབ་གཅིག་བཅས་ཀྱི་ཐོག་དམིགས་བསལ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་དང་བོད་ནས་གསར་ཕེབས་ཀུན་བཟང་དཔལ་འབྱོར་ལགས་གཉིས་བསྣན་ཏེ། སྦིར་གསོག་སྒར་སློབ་སྦྱོང་ཞིབ་འཇུག་བཀོད་སྒྲིག་ཚོགས་ཆུང་ཞེས་པ་ཆེད་འཛུགས་བྱས། ཚོགས་ཆུང་འདིས་སློབ་ཕྲུག་ན་གཞོན་ཚོར་སློབ་སྦྱོང་འདོད་པ་ཁེངས་པ་ཞིག་སྤྲོད་ཕྱོགས་ཐད་འཆར་གཞི་གོ་སྒྲིག་གནང༌།
        བོད་འབྱོར་ན་གཞོན་འདི་དག་ལ་འཆར་ཅན་གྱི་སློབ་ཚན་ཐོག་ཆོས་དང་རིག་གཞུང༌། ཆབ་སྲིད། སྤྱིར་བཏང་ཤེས་བྱ་བཅས་ཀྱི་གོ་རྟོགས་སྤེལ་ཆེད་གཟའ་འཁོར་རེར་སློབ་སྟོན་པ་རེ་རེས་བསྐོར་གྱིས་གཏོང་བཞིན་པའི་ཁོངས་སུ་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཆུང་ཡང་ཐེངས་ཁ་ཤས་ཕེབས། སློབ་གྲྭར་སློབ་དགེ་མ་ལྡང་བའི་དཀའ་ངལ་སེལ་ཆེད་དབྱིན་ཡུལ་བྱིས་ཚོགས་ནས་ཕྱི་རྒྱལ་དང་བླང་བ་དང༌། བོད་མིའི་སློབ་གྲྭ་ཁག་ནས་དགུན་དུས་གུང་གསེང་རིང་དང་བླང་ཞུ་འདོད་ཡོད་པ་རྣམས་དགེ་རྒན་དུ་བསྐོ་གཏོང་བྱས།
༢༢༽    ལོ་འདིར་བོད་མིའི་སྡོད་སྒར་ཁག་ཏུ་སྔོན་འགྲོ་དང་བུ་བཅོལ་ཁང་ཆབས་སྦྲགས་ཀྱི་སྡེ་ཚན་ ༡༢༧ ཡོད་པའི་གྲོན་དངུལ་རྒྱ་གར་གཞུང་གིས་སྤར་ཆ་གནང་བར་བརྟེན་ཁྱོན་ཧིན་སྒོར་ ༡༨༢༦༤༧ བཀའ་འཁྲོལ་བྱུང་བ་ཁུངས་སོ་སོར་བགོ་འགྲེམས་བྱས།
༢༣༽    ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐོག་མང་ཚོགས་ཀྱི་ཡིག་རྨོངས་སེལ་ཐབས་སུ་ས་གནས་ཤེས་ཡོན་ཚོགས་ཆུང་འཛུགས་དགོས་པའི་གྲོས་ཆོད་བྱུང་བ་ལྟར། ཤེས་རིག་ལས་ཁུངས་ཀྱིས་ས་གནས་གཞིས་འགོ་བདེ་དོན་དང༌། གཞོན་ལྷན། བུད་མེད་ལྷན་ཚོགས་སོགས་ལ་བཀོད་ཁྱབ་དང་འབོད་སྐུལ་ཞུས་ཏེ་ས་གནས་མང་པོར་ས་གནས་ཤེས་ཡོན་ཚོགས་ཆུང་དངོས་སུ་འཛུགས་ཐུབ་པ་བྱུང༌།
༢༤༽    ད་ཕན་ཤེས་རིག་ཐད་འཛིན་སློབ་ཁག་གི་འཆར་ཅན་དགོས་དངུལ་རྣམས་ཤེས་རིག་གིས་ནར་གཏོང་ཐོག ཛ་དྲག་དགོས་དངུལ་རྣམས་སྙན་གསན་བྱུང་འཕྲལ་གནས་སྟངས་ལ་གཞིགས་ཏེ་བཀའ་འཁྲོལ་ཐག་གཅོད་གནང་ཡོད་ཀྱང༌། འདི་མུར་སོང་ན་ལས་འཆར་ཁག་དང་དེའི་དངུལ་རྩིས་སྔོན་ནས་འཆར་འགོད་མི་ཐུབ་པའི་སྐྱོན་དང༌། གཉིས་ནས་མ་དངུལ་རྣམས་འཁྲོལ་འཁྱིལ་ཇི་ཡོད་ལ་གཞིགས་ཏེ་དངུལ་ཁང་ནང་དུས་བཀག་དངུལ་བཅོལ་དུ་འཇོག་རྒྱུ་ཚོད་དཔག་མི་ཐུབ་པའི་སྐྱོན་སོགས་སྐྱོན་གནད་མང་བར་བརྟེན། ལོ་འདིའི་ཕྱི་ཟླ་ ༡༢ ཚེས་ཤར་ལ་འགན་འཛིན་ལྷན་ཚོགས་ཚོགས་སྐོང་དང་འབྲེལ་ ༡༩༨༧ ལོའི་སློབ་གྲྭ་ཁག་གི་དངུལ་རྩིས་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་ཐུབ་པ་བྱུང༌། ༼འདི་ནས་ལོ་ལྟར་དངུལ་རྩིས་ཚོགས་འདུ་འཚོགས་ཡོད་ཀྱང་ཡིག་ཚོགས་ལ་འཇིགས་ཏེ་བཀོད་མེད་༽
༢༥༽    འབྲས་ལྗོངས་ནང་གི་བོད་མིའི་སློབ་གྲྭར་བོད་ཡིག་སློབ་ཁྲིད་མཚམས་འཇོག་གིས་ལྷོ་ཡིག་ཅེས་པ་སློབ་སྤེལ་བྱས་དང་བྱེད་མུས་ཐད་འབྲས་ལྗོངས་ཤེས་རིག་དྲུང་ཆེ་ངོ་མཇལ་གྱིས་གནས་ལུགས་སྙན་གསོལ་ཐོག སྒང་ཏོག་བདེ་དོན་བྱམས་བརྩོན་དང་སྐྱིད་སྦུགས་པ་གཉིས་ལ་མངགས་ཆ་ནན་བསྟུད་ཀྱི་སྒོ་ནས་མཇུག་གནོན་ཞུས་འབྲས་སུ་འདི་ལོ་བོད་གཞུང་ཤེས་རིག་དྲུང་ཆེ་ས་གནས་སུ་གཟིགས་བསྐོར་གནང་སྐབས། བཀྲ་ཤིས་རྣམ་རྒྱལ་སློབ་གྲྭར་བོད་ཡིག་སློབ་རྒྱུ་བསྐྱར་གསོ་བྱས་འཐུས་ཀྱི་བཀའ་འཁྲོལ་ཁྱབ་བསྒྲགས་གནང་འདུག་ཀྱང༌། དབེན་ཅན་སློབ་གྲྭར་ད་དུང་བཀའ་འཁྲོལ་ཁྱབ་བསྒྲགས་མ་འབྱོར་བར་བརྟེན། ཡང་བསྐྱར་འབྲས་ལྗོངས་གཞུང་གི་ཤེས་རིག་དྲུང་ཆེ་དང༌། ཟུང་འབྲེལ་དྲུང་ཆེ། མངའ་སྡེའི་བློན་ཆེན་བཅས་ལ་འཚམས་འདྲི་མཇལ་བཅར་དང་སྦྲགས་ད་ཕན་བོད་མིར་གཟིགས་སྐྱོང་གནང་བར་ཐུགས་རྗེ་ལེགས་གཟོ་དང༌། བོད་ཡིག་སློབ་ཁྲིད་སྔར་ལམ་ལྟར་བྱས་འཐུས་ཡོང་བའི་རེ་སྐུལ་ནན་ཆེ་ཞུས་པར་དོན་འབྲས་སོན་རེའི་ངང་གནས།
༢༦༽    ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བོད་རིགས་བུད་མེད་ཚོ་བུ་དང་གཅིག་མཚུངས་མཐོ་སློབ་ནང་རང་རེའི་ཟབ་ཅིང་རྒྱ་ཆེ་བའི་ཆོས་རིག་སློབ་སྦྱོང་གི་གོ་སྐབས་འདྲ་མཉམ་དུ་ཐོབ་སླད། ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་འབྲེལ་ཡོད་ལས་ཁུངས་དང་ཝ་ཎ་ཆེས་མཐོའི་སློབ་ཁང་གི་ངེས་སྟོན་པ་མཆོག་ལ་ཡིག་ངག་གཉིས་ཐོག་ནས་འབྲེལ་ལམ་ཞུས་འབྲས་སུ་འདི་ལོ་ཝ་ཎ་མཐོ་སློབ་ནང་བོད་རིགས་བུད་མེད་ ༦ སློབ་ཞུགས་ཐུབ་པ་བྱུང༌། ཁོང་ཚོའི་སློབ་ཡོན་རྒྱ་གར་གཞུང་ལ་རེ་སྐུལ་ཞུས་ཀྱང་ད་ཕན་དོན་སོན་མ་བྱུང་སྟབས་ཤེས་རིག་ལས་ཁུངས་ཀྱིས་གནང༌། ད་དུང་བུད་མེད་སློབ་ཕྲུག་གི་སློབ་ཡོན་དང༌། སྡོད་གནས་མཐུན་རྐྱེན་བོད་ཕྲུག་སྤྱི་མཚུངས་གནང་ཐབས་ཡོང་བ་དང་ལྷག་པར་བུད་མེད་སློབ་ཕྲུག་གི་གྲངས་ཚད་སྤར་ཆ་ཡོང་ཐབས་སུ་འབོད་སྐུལ་ནན་བསྟུད་ཞུས།
༢༧༽    ན་ནི་ཏལ་ཉིན་སློབ་དེ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་བར་འཛིན་སྐྱོང་བྱས་ཀྱང་འདི་ལོ་ནས་ཤེས་རིག་ལས་ཁུངས་ཀྱིས་རྩིས་བཞེས་ཡོང་བའི་ཞུ་སྐུལ་ཡིག་ངག་གཉིས་ཐོག་ནས་གནང་དོན་ལྟར་རྩིས་ལེན་ཟིན་ཅིང༌། རྗེས་ལོ་འགན་འཛིན་གོ་ཆོད་ཅིག་བསྐོ་བཞག་གནང་གཏན་འཁེལ།ྋགོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ཉིན་ན་ནི་ཏལ་ཉིན་སློབ་སློབ་ཕྲུག་གིས་གཟིགས་འབུལ་ཞུ་བཞིན་པ།
༢༨༽    བལ་ཡུལ་དཔལ་འབྱོར་གླིང་གཞིས་ཆགས་སུ་སློབ་གྲྭ་མེད་པར་བརྟེན་སློབ་གྲྭ་གསར་རྒྱག་ཆེད་ཤེས་རིག་ནས་གྲོན་དངུལ་སྩལ་བའི་ཁ་ལོང་གློ་སྒྲིག་འཛུགས་རང་ཁོངས་ནས་བཏང་སྟེ་ད་ཆ་འཛིན་ཁང་དང༌། སློབ་དགེའི་སྡོད་ཤག་བཅས་ཁྱོན་ཁང་མིག ༦ ལེགས་པར་གྲུབ་སྟེ་འཛིན་གྲྭ་འཚོགས་འགོ་ཚུགས།
༢༩༽    ༡༩༨༢ ལོ་ནས་བཟུང་བལ་ཡུལ་ནང་སློབ་གྲྭ་སྒེར་འཛིན་ཆོག་པ་བྱུང་བའི་གོ་སྐབས་དམ་འཛིན་གྱིས་བལ་ཡུལ་ནང་གི་བོད་མིའི་སློབ་ཁག་རྣམས་ཁྲིམས་མཐུན་དེབ་སྐྱེལ་དང་འཛིན་སྐྱོང་ཡར་རྒྱས་བཏང་བར་བརྟེན་གྲུབ་འབྲས་མངོན་གསལ་བྱུང་བ་དཔེར་ན། རྣམ་རྒྱལ་སློབ་གྲྭ་འཛིན་རིམ་ ༦ བར་བཟོ་འཐུས་བལ་ཡུལ་གཞུང་གི་བཀའ་འཁྲོལ་ཐོབ་པ་དང༌། སྲོང་བཙན་སློབ་གྲྭར་འཛིན་རིམ་བཞི་པ་དང་ལྔ་པ་གཉིས་ཀ་ཚུགས་འཐུས་ཆོག་མཆན་སྡེབ་ཐོན་བྱུང༌། འདི་ལོ་བལ་ཡུལ་ནང་གི་འཛིན་གྲྭ་ལྔ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་བོད་ཕྲུག ༡༧ འཛུལ་ཞུགས་བྱས་ཁོངས་ནས་ཨང་སྡེ་དང་པོ་ལོན་པ་ ༡༥ དང་ཨང་སྡེ་གཉིས་པ་ལོན་པ་ ༢ བཅས་གྲུབ་འབྲས་གང་ལེགས་བྱུང༌།
        ལོ་འདིར་ཤེས་རིག་ལས་ཁུངས་ཀྱིས་འབོད་སྐུལ་གནང་བ་ལྟར་གཤམ་གསལ་རོགས་ཚོགས་ཁག་གིས་བལ་ཡུལ་མཐའ་མཚམས་དཀའ་ངལ་ཆེ་ཁུལ་གྱི་སློབ་ཁག་དང༌། དེ་མིན་ཨར་ལས་འཛུགས་སྐྲུན་ཆེད་ཁྱོན་བསྡོམས་རོགས་དངུལ་བལ་སྒོར་ ༢༧༦༣༣༧།༧༦ གནང་བའི་ཞིབ་གནས་གཤམ་གསལ།
༡༽    ནོར་ཝེ་སྐྱབས་བཅོལ་རོགས་ཚོགས་ནས་གློ་ཚེ་རོགས་དང༌། ར་སུ་ཝ། སྤོག་ར་བཀྲ་ཤིས་གླིང༌། ཝ་ལུང་བཅས་པར་བལ་སྒོར་བསྡོམས་ ༡༢༨༧༣༦
༢༽    གོང་གསལ་རོགས་ཚོགས་ནས་རྣམ་རྒྱལ་སློབ་གྲྭའི་འཛིན་ཁང་ཁང་མིག ༤ གསར་རྒྱག་ཆེད་བལ་སྒོར་ ༣༥༦༧༦
༣༽    ཨའི་ཨེམ་རོགས་ཚོགས་ནས་གློ་ཚེ་རོགས་སློབ་གྲྭར་བལ་སྒོར་ ༣༨༢༣༦།༨༠
༤༽    གོང་གསལ་རོགས་ཚོགས་ནས་ར་སུ་ཝ་སློབ་གྲྭར་བལ་སྒོར་ ༨༦༨༨།༩༦
༥༽    གོང་གསལ་རོགས་ཚོགས་ནས་བལ་ཡུལ་སྲོང་བཙན་སློབ་གྲྭར་བལ་སྒོར་ ༦༥༠༠༠ བཅས།
༣༠༽    བོད་ཀྱི་བརྡ་སྤྲོད་རིག་གནས་སྐོར་ལ་མཁས་པའི་བགྲོ་གླེང་ཚོགས་འདུ་གཞི་རྒྱ་ཆེ་ཙམ་ཞིག་སྐོང་འཚོགས་གནང་རྒྱུའི་འཆར་གཞི་བཀོད།
 

Menu