༡༽     ལོ་འདིར་གཏན་ཉིན་སློབ་གྲྭ་ཁག ༥༡ ནང་ཁྱོན་བསྡོམས་སློབ་ཕྲུག ༡༣༨༣༦ དང་དགེ་ལས་ ༨༤༦ ཡོད། ལོ་འདིར་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ནང་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར་བཅས་གཏན་སློབ་ཁག་གསུམ་གྱི་ཁོངས་ནས་སློབ་ཕྲུག ༧༠ འཛུལ་ཞུགས་བྱས་ཤིང༌། ཨང་སྡེ་དང་པོ་ ༦ དང་ཨང་སྡེ་གཉིས་པ་གསུམ་པ་ ༥༨ ཡིག་རྒྱུགས་མ་འཕྲོད་པ་ ༦ བཅས་བྱུང༌། ཨང་རིམ་དང་པོ་སོན་པ་དང་གཟུགས་བབས་འཕྲོད་བསྟེན་ཚད་ལོངས་མ་བྱུང་བ་རྣམས་ཕུད་དེ་མིན་སློབ་ཕྲུག ༤༨ གཞུང་གི་གཏན་འབེབས་ལྟར་དང་སློབ་ཏུ་བཏང༌།མ་ན་ལིའི་སློབ་ཕྲུག་རྣམས་དགེ་རྒན་གྱི་ལྟ་སྐྱོང་འོག་སློབ་གྲྭར་འགྲོ་བཞིན་པ།
༢༽    ལོ་འདིར་ཨང་སྡེ་དང་པོ་སོན་པ་རྣམས་དང་ལོ་སྔོན་མའི་དང་སློབ་ཐོན་པའི་ཁོངས་ནས་མཐོ་སློབ་དང་སྨན་ཞབས། དམིགས་བཀར་ལས་རིགས། ལུས་རྩལ། སྣུམ་འཁོར་བཤིག་སྒྲིག་བཅས་ཀྱི་སློབ་སྦྱོང་ཆེད་སློབ་ཕྲུག ༣༣ ལ་སློབ་ཡོན་སྦྱར་ཏེ་བཏང༌།
༣༽    མ་ན་ལི་ཁུལ་བོད་མི་ལམ་བཟོ་བའི་བུ་ཕྲུག་ཆེད་འཕྲལ་སེལ་ཉིན་སློབ་ཅིག་ལོ་སྔོན་མ་ནས་གསར་འཛུགས་ཟིན་པ་དེ་ཚུགས་ཡུལ་གཏན་འཇགས་ཤིག་ཡོང་ཆེད། ས་ཆ་ཐབས་འཚོལ་སྒོ་གང་ས་ནས་བྱས་ཀྱང་མ་ཐོབ་པར་བརྟེན། མཐའ་མ་ད་ལྟ་སློབ་གྲྭ་ཚུགས་ཡུལ་གྱི་ཉེ་འདབས་སུ་ཤིང་ཁང་བཞི་དང༌། ཐབ་ཚང༌། གསང་སྤྱོད་བཅས་གསར་རྒྱག་བྱེད་གཏན་འཁེལ་ཏེ་ཨར་ལས་འགོ་འཛུགས་བྱས།
༤༽    སྔོན་འགྲོའི་སློབ་གྲྭའི་ཤེས་ཡོན་ནི་ཁང་པའི་རྩིག་རྨང་ལྟར་གལ་འགངས་ཤིན་ཏུ་ཆེ་བར་བརྟེན། ཤེས་རིག་ལས་ཁུངས་ཀྱིས་འཆར་གཞི་བཟོས་ཏེ་རྒྱ་གར་གཞུང་ལ་འབོད་སྐུལ་ཞུས་འབྲས་སུ་སྔོན་འགྲོ་དང་བུ་བཅོལ་ཁང་ཆབས་སྦྲགས་སྡེ་ཚན་ ༨༦ གསར་འཛུགས་བྱ་རྒྱུའི་འགྲོ་གྲོན་ཧིན་སྒོར་འབུམ་ ༢༥ རོགས་རམ་བྱུང་བ་ལྟར། གཤམ་གསལ་ས་གནས་ཁག ༡༢ ལ་ས་ཁུལ་རྒྱ་ཁྱོན་དང་ཕྲུ་གུའི་གྲངས་འབོར་སོགས་ལ་གཞིགས་ཏེ་བུ་བཅོལ་ཁང་དང་སྔོན་འགྲོ་ཆབས་སྦྲགས་སྡེ་ཚན་ ༨༦ གསར་འཛུགས་བྱས།

ཨང༌། ས་གནས། སྡེ་ཚན།
༡༽ ཨོ་རི་ས་ཕུན་ཚོགས་གླིང༌། ༡༠
༢༽ མན་སྤར་ཕན་བདེ་གླིང༌།
༣༽ ཀོ་ལི་གྷར་དོན་ལྡན་གླིང༌། ༡༢
༤༽ ཧོན་སུར་རབ་རྒྱས་གླིང༌།
༥༽ མོན་གྷོ་འདོད་རྒུ་གླིང༌། ༢༠
༦༽ འབུམ་ལ་བསྟན་འཛིན་སྒང༌།
༧༽ དྷོ་ལན་ཇི་བོན་གཞིས།
༨༽ རྡོར་གླིང་གཏན་སློབ།
༩༽ བྷན་དྷ་ར་ནོར་རྒྱས་གླིང༌།
༡༠༽ ཏེ་ཛུ་དར་རྒྱས་གླིང༌།
༡༡༽ མེའོ་ཆོས་འཕེལ་གླིང༌། ༡༠
༡༢༽ ཀུ་ལུ་མ་ན་ལི།
  ཁྱོན་བསྡོམས། ༨༦

༥༽    བྷེལ་ཀོབ་གཞིས་སློབ་ཏུ་ད་ཕན་འཛིན་རིམ་ ༡༠ བར་ཡོད་ཅིང༌། ལོ་འདིའི་ཟླ་བ་ ༧ ནས་འཛིན་གྲྭ་ ༡༡ པའི་འཛིན་གྲྭ་གསར་འཛུགས་བྱས།
༦༽    ལོ་ལྟར་དབུས་བོད་སློབ་འཛིན་ཚོགས་ཀྱིས་བོད་ཕྲུག ༡༥ ལ་མཐོ་སློབ་ཀྱི་སློབ་ཡོན་གནང་གི་ཡོད་ཀྱང༌། དེ་དག་ལ་ཆ་རྐྱེན་དུ་ངེས་པར་ཨང་སྡེ་དང་པོ་ལོན་དགོས་པའི་གཏན་འབེབས་ཡོད་སྟབས་སློབ་ཡོན་ཆ་ཚང་བེད་སྤྱོད་མི་ཐུབ་པའི་དཀའ་ངལ་གནས་སྟངས་སྐོར་སྙན་སེང་ཞུས་འབྲས། ལོ་རྗེས་མ་ནས་ཨང་སྡེ་དང་པོ་ལོན་པ་ལྡང་ངེས་མེད་ཚེ་ཨང་སྡེ་གཉིས་པ་མཐོ་གྲས་རྣམས་ལ་སློབ་ཡོན་ག་བསྒྱུར་གཏོང་རྒྱུའམ་རྗེས་ལོའི་ནང་བེད་སྤྱོད་བྱས་ཆོག་པ་བཟོ་རྒྱུར་བཀའ་འཁྲོལ་བྱུང༌།
༧༽    ལོ་འདིར་རྒྱ་གར་ནང་གསར་བཙས་བུ་ཕྲུག་ཁྱོན་བསྡོམས་ ༣༩༢ གཏན་སློབ་ཁག་ནང་སློབ་འཇུག་བྱས་ཡོད་ཅིང༌། དེའི་ཁོངས་ནས་ཕྲུ་གུ་ ༢༥ ཕ་མ་རང་ཁུངས་ནས་སློབ་ཡོན་ཆ་ཚང་ཕུལ་གྲས་ཡིན་པ་མ་གཏོགས་དེ་མིན་ཆ་ཚང་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་གཞུང་དང་རོགས་ཚོགས་ཁག་བརྒྱུད་རོགས་རམ་ཐབས་འཚོལ་བྱས་པ་དང༌། དྷ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་གྱིས་རང་ཁོངས་སློབ་ཕྲུག་ལ་སློབ་གྲོན་སྦྱར་ཏེ་གཏན་སློབ་ཏུ་བཅུག་པའི་གྲས་ཡིན། ལས་རིམ་འདིའི་འོག་བོད་ཁྱིམ་གཉིས་ཀྱིས་ལོ་འདིར་སློབ་ཕྲུག ༡༦༠ གཏན་སློབ་ནང་བཅུག་ཡོད།
༨༽    ལོ་འདིར་ནོར་ཝེ་རོགས་ཚོགས་ཤིག་གི་གཙོ་འཛིན་སྐུ་ཞབས་ནོར་ཌལ་ཟེར་བ་རྒྱ་གར་དུ་ཕེབས་སྐབས་ཤེས་རིག་ལས་ཁུངས་ཀྱིས་བོད་ཕྲུག་ཚོར་ཤེས་ཡོན་སྦྱོར་སྤྲོད་ཀྱི་དཀའ་ངལ་ཅི་ཡོད་འགྲེལ་བརྗོད་དང༌། ས་གནས་ཁ་ཤས་སུ་དངོས་སུ་གདན་ཞུས་ཀྱིས་གཟིགས་བསྐོར་གནང་མཐར་རོགས་ཚོགས་དེས་བོད་ཕྲུག ༣༠༠༠ ལ་ཟླ་རེར་ཨ་སྒོར་ ༡༠ རེའི་རོགས་རམ་གནང་རྒྱུ་གཏན་འཁེལ་བྱུང༌།
༩༽    བལ་ཡུལ་རྒྱལ་སའི་བོད་ཕྲུག་རྣམས་བལ་གཞུང་གི་སློབ་གྲྭ་ཁག་ལ་བཏང་སྟེ་ཞོར་དུ་བོད་ཡིག་དང་དབྱིན་ཡིག་སློབ་སྦྱོང་ཐུབ་ཆེད་འཕགས་པ་ཤིང་ཀུན་ཉེ་འགྲམ་དུ་རྣམ་རྒྱལ་ཉལ་ཁང་ཞེས་པ་ཟུར་འཛིན་བྱ་ཆེད། བལ་སྒོར་འབུམ་བཞི་གནས་པའི་ས་ཁང་ཆབས་སྦྲགས་དང་འཛིན་ཆས། ཉལ་ཁྲི། མལ་གདན་སོགས་ཆ་ཚང་ཉོ་སྒྲུབ་ཟིན་ཏེ་སློབ་ཕྲུག ༥༠ བསྡུ་སྐོང་གིས་སྒོ་འབྱེད་བྱས།
༡༠༽    ལོ་འདིར་བཙན་བྱོལ་ནང་གསར་བཙས་བོད་ཕྲུག་མཐའ་སྐྱོའི་ཤེས་ཡོན་མ་དངུལ་ཆེད་ཨོ་སི་ཊོ་ལི་ཡ་དང་རྒྱ་གར་ནང་གི་བོད་རིགས། ཉི་ཧོང་སོགས་རྒྱལ་ཁབ་ཁག ༡༣ ནས་ཞལ་འདེབས་ཧིན་སྒོར་ ༤༤༩༧༡།༧༥ བྱུང༌།
༡༡༽    ཆོས་དོན་ལས་ཁུངས་ཀྱིས་རེ་སྐུལ་གནང་བ་ལྟར་རིས་མེད་ཆོས་སྒར་ཁག་གི་གྲྭ་གཞོན་སློབ་གཉེར་བ་ ༡༣༩ སྐོར་ལ་སློབ་ཡོན་རོགས་རམ་དང༌། ཆོས་སྒར་ཁག་གི་སློབ་གྲྭ་ཡོངས་ལ་སློབ་དེབ་རྣམས་རིན་འབབ་ཕྱེད་བཅག་ཐོག་གནང༌།
༡༢༽    ཤེས་རིག་ཟློས་གར་ཚོགས་པ་ཁྲིམས་མཐུན་དེབ་སྐྱེལ་བྱས་ན་གང་ཅིའི་དགེ་མཚན་ཆེ་ལུགས་འགྲེལ་བརྗོད་དང་སྦྲགས་ལོ་འདིར་དངོས་སུ་དེབ་སྐྱེལ་བྱས།
 

Menu