༡༽    ལོ་འདིར་ཤེས་རིག་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག ༣༧ ནང་སློབ་ཕྲུག་ཁྱོན་བསྡོམས་ ༧༡༣༢ དང་སློབ་སྤྱི་བརྩིས་པའི་དགེ་རྒན་ ༤༧༥ ཡོད། ལོ་འདིའི་གཞི་རིམ་གོང་མ་སློབ་ཐོན་གྱི་ཡིག་རྒྱུགས་ནང་རྡོར་གླིང་གཏན་སློབ་ཀྱི་སློབ་བུ་ཕུན་ཚོགས་དོན་ལྡན་ཨང་སྡེ་དང་པོ་ཡིན་པ་ཙམ་མ་ཟད། ཡང་རྩེའི་གྲས་ཡིན་པར་བརྟེན་རྒྱ་གར་གཞུང་གིས་དམིགས་བསལ་གཟེངས་བསྟོད་དང་མཐོ་སློབ་ཀྱི་སློབ་ཡོན་ཐོག་ཟླ་རེར་ཧིན་སྒོར་ ༥༠ སྩལ།
༢༽    ལོ་འདིར་འཛིན་རིམ་ ༡༡ སློབ་ཐོན་ ༦༨ བྱུང་བ་རྣམས་ཕལ་མོ་ཆེ་མཐོ་རིམ་དང་ཆེད་ལས་སྦྱོང་བརྡར་ཆེད་བཏང་ཞིང་དེ་མིན་རྣམས་ལས་གནས་འདྲ་མིན་དུ་བཀོད་སྒྲིག་བྱས་པ་ཙམ་མ་ཟད། རྒྱུགས་མ་འཕྲོད་པ་ ༢༢ ཡོད་པ་ཕལ་མོ་ཆེར་ཡང་རང་རང་གི་འདོད་མོས་དང་སྤྱི་ཚོགས་ཀྱི་དགོས་མཁོར་འཚམས་པའི་ལས་ཀ་དང་སློབ་སྦྱོང་གོ་སྐབས་སྤྲད།
༣༽    ཚན་རིག་སློབ་ཐོན་དཀོན་པར་བརྟེན། རྒྱུགས་མ་འཕྲོད་པའི་ཁོངས་སུ་ཚན་རིག་སློབ་ཕྲུག་བཞི་ཡོད་པ་རྣམས་ལ་དམིགས་བསལ་དགོངས་བཞེས་ཀྱིས་མུ་མཐུད་སློབ་གྲྭར་བཞག་སྟེ་ཚན་རིག་སློབ་སྦྱོང་མཇུག་སྐྱེལ་བྱེད་དུ་བཅུག དེ་བཞིན་འཇར་མན་ཤེས་རིག་བརྗེ་ལེན་རོགས་ཚོགས་ཀྱིས་བོད་ཕྲུག ༡༠ ལ་མཐོ་སློབ་ནང་ཚན་རིག་སློབ་སྦྱོང་གི་སློབ་ཡོན་གནང་བ་ལྟར་གཏན་སློབ་ཁག་ནས་སློབ་ཐོན་བུ་གཉིས་ཐོག་སྒེར་སློབ་ཁག་ནས་ཐོན་པའི་བོད་ཕྲུག་དྲག་འདེམས་ཀྱིས་རྒྱ་གར་ནང་གི་མཐོ་སློབ་འདྲ་མིན་ནང་བཏང༌།
༤༽    ལོ་འདིར་བྷེང་ལོར་མཐོ་སློབ་ནས་དགེ་རྒན་འོས་སྦྱོང་ཐོན་པའི་བོད་ཕྲུག་བུ་ ༡༥ དང་སིམ་ལ་སན་བྷི་དི་མཐོ་སློབ་ནས་དགེ་འོས་ཐོན་པ་བོད་ཕྲུག་བུ་མོ་ལྔ་བྱུང་བ་རྣམས་སློབ་གྲྭ་ཁག་ནང་བསྐོ་བཞག་བྱས།
༥༽    ཤེས་ཡོན་གྱི་ལས་དོན་ཐད་བོད་གཞུང་ཤེས་རིག་ལས་ཁུངས་ལ་ལེགས་སྤེལ་ཉེས་འགོག་གི་སློབ་སྟོན་གནང་མཁན་དུ་བོད་ཀྱི་ཤེས་རིག་སློབ་སྟོན་གྲོས་ཚོགས་ཞེས་པ་ཞིག་བཙུགས་ཤིང༌། དེར་བགྲེས་རིམ་ཚོགས་མི་དང༌། ཕྱོགས་བཞུགས་ཚོགས་མི། རྒྱུན་ལས་ཚོགས་མི་བཅས་རིམ་པ་གསུམ་ཡོད། འདིའི་སྐོར་ཞིབ་ཕྲ་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ནང་སྙན་སྒྲོན་ཡང་ཞུས།
          བགྲེས་རིམ་ཚོགས་མིའི་ཁོངས་སུ་ཆོས་དོན་བཀའ་ཟུར་ཀུན་བདེ་གླིང་དང༌། ཤེས་རིག་བཀའ་ཟུར་ཕྲེང་རིང༌། བཀའ་ཟུར་ཕ་ལྷ་ཐུབ་བསྟན་འོད་ལྡན། སྣེའུ་ཤར་ཐུབ་བསྟན་ཐར་པ་བཅས་ཡོད་པ་དང༌། ཕྱོགས་བཞུགས་ཚོགས་མིའི་ཁོངས་སུ་མཁས་དབང་ཟམ་གདོང་རིན་པོ་ཆེ་དང༌། རྡོར་གླིང་བཅའ་བཞུགས་ཌོག་ཊར་སྤེན་པ། བྲག་གཡབ་རིན་པོ་ཆེ། ཛེ་སྨད་རིན་པོ་ཆེ། སྟག་ལྷ་བསྟན་འཛིན་ངག་དབང༌། རྡོར་གླིང་སེན་འཇོ་སེབ་བོད་དགེ་ངག་དབང་སྦྱིན་པ། ཅན་དྷི་གྷར་གཙུག་ལག་སློབ་ཁང་གི་བོད་དགེ་པདྨ་ཆོས་འབྱོར། བཀྲས་མཐོང་རཀ་ར་རིན་པོ་ཆེ་བཅས་ཡོད། དྷ་སར་གཏན་བཞུགས་རྒྱུན་ལས་ཚོགས་མིའི་ཁོངས་སུ་ཤེས་རིག་བཀའ་བློན་ཐུབ་བསྟན་ཉིན་བྱེད་དང༌། བོད་ཁྱིམ་དབུ་འཛིན་སྐུའི་གཅུང་མོ་རྗེ་བཙུན་པདྨ། སྐུ་སྒེར་དྲུང་ཆེ་བསྟན་འཛིན་དགེ་བྱེད། སྤྱི་འཐུས་བློ་བཟང་བསྟན་འཛིན། དཔེ་མཛོད་དབུ་འཛིན་རྒྱ་མཚོ་ཚེ་རིང༌། དཔེ་མཛོད་དྲུང་ཆེ་མཁས་བཙུན་བཟང་པོ། དཔེ་མཛོད་དྲུང་ཆེ་ངག་དབང་དོན་གྲུབ་བཅས་ཡོད།སིམ་ལ་སློབ་གྲྭའི་འཛིན་རིམ་བཅུ་པའི་ཁ་ཤས་ཀྱིས་འཛིན་རིམ་ ༡༡ སྐབས་རེད་ཟེར་སློབ་ཕྲུག་བུ་མོ་རྣམས་དང་སློབ་སྤྱི་དགེ་རྒན་ཕྱི་ལོ་ ༡༩༧༣ ལོར་ལྷན་དུ་བསྒྲོན་པ། གཡས་རྩིས། མདུན་གྲལ། ༡༽ རྣམ་རྒྱལ། ༢༽ པདྨ་གཡང་སྐྱིད། ༣༽ ཆོས་དགེ་ངག་དབང་བརྩོན་འགྲུས། ༤༽ རྒྱ་གར་སློབ་སྤྱི། ༥༽ བོད་རིགས་སློབ་སྤྱི་ཞིང་གསར་ཨ་བ་བློ་བཟང་དགེ་ལེགས། ༦༽ དགེ་རྒན་ལྕམ་ན་ཧ་ཡན། ༧༽ བསོད་ནམས་ཉི་སྒྲོན། ༨༽ མེ་ཏོག་སྒྲོལ་མ། བར་གྲལ། ༡༽ སྒྲོལ་མ་གཡང་འཛོམས། ༢༽ ལྷག་པ་སྒྲོལ་མ། ༣༽ སངས་རྒྱས་ཤེས་སྒྲོན། ༤༽ ཚེ་རིང་བཟང་མོ། ༥༽ བྱང་ཆུབ་བཟང་མོ། ༦༽ པདྨ་གཡུ་སྒྲོན། ༧༽ རིན་ཆེན་སྒྲོལ་མ། ༨༽ ཚེ་རིང་བདེ་སྐྱིད། རྒྱབ་གྲལ། ༡༽ བསོད་ནམས་དཔལ་མོ། ༢༽ ངག་དབང་ལྷ་མོ། ༣༽ ཚེ་བརྟན་སྒྲོལ་མ། ༤༽ པདྨ་མཚམས་གཅོད། ༥༽ བདེ་སྐྱིད་བཟང་མོ།
༦༽    ལོ་འདིར་ཤེས་རིག་ལས་ཁུངས་ཀྱིས་འཆར་གཞི་རིམ་པ་གསུམ་ཡོངས་བསྒྲགས་གནང་བའི་ནང༌། རིམ་པ་དང་པོ། ཕྱིས་འབྱུང་ཕྱི་ལོ་ ༡༩༧༣ ནས་ ༡༩༨༠ བར་ལོ་བརྒྱད་ཀྱི་ནང་སློབ་གྲྭ་ཁག་ནས་སློབ་ཕྲུག་ལོ་རེ་ཇི་ཐོན་དང༌། དེ་རྣམས་ཀྱི་བརྒྱ་ཆའི་ཚད་གཞི་བསྐོར་ཏེ་ལོ་རེ་བརྒྱ་ཆ་ ༥༠ མཐོ་སློབ་ཏུ་གཏོང་རྒྱུ་དང༌། བརྒྱ་ཆ་ ༣༠ ཙམ་འཕྲུལ་འཁོར་བཟོ་སློབ་ཏུ་གཏོང་རྒྱུ། བརྒྱ་ཆ་ ༡༠ ཙམ་ཡིག་འགྲུལ་སློབ་སྦྱོང་དུ་གཏོང་ཐབས་བྱ་རྒྱུ། རིམ་པ་གཉིས་པ། གཞན་ཡུལ་དུ་འཚར་ལོངས་དང་སློབ་སྦྱོང་བྱས་པའི་རང་རིགས་ལ་རང་གི་རིག་གཞུང་གཙང་མའི་སློབ་སྦྱོང་ཐོབ་ཐབས་དང༌། རང་གི་རིག་གཞུང་ཐོག་རིགས་གཅིག་རྐང་འཛིན་བྱེད་མོས་ཡོད་པ་ཚོར་རང་གི་བློ་མོས་བཞིན་གོ་སྐབས་ཐོབ་ཐབས། བོད་དང་རིག་གཞུང་གཅིག་པའི་ཧི་མ་ལ་ཡའི་མི་རིགས་ཁག་དང་འབྲེལ་ལམ་དམ་ཟབ་ཡོང་ཐབས་སོགས་ཀྱི་ཆེད་བོད་ཀྱི་རིག་གཞུང་སློབ་གྲྭ་འཛུགས་རྒྱུ། འཆར་གཞི་གསུམ་པ། གུང་གསེང་དུ་བསྐྱོད་ཡུལ་མེད་པའི་དྭ་ཕྲུག་དང་རྒྱ་གར་གྱི་སྒེར་སློབ་ནང་བསྐྱོད་དེ་རང་གི་རིག་གཞུང་སྦྱོང་སྐལ་མེད་པ་ཚོར་རང་གི་སྐད་ཡིག་རིག་གཞུང་སློབ་སྦྱོང་གི་གོ་སྐབས་ཐོབ་ཐབས། སློབ་གྲྭ་འདྲ་མིན་ནས་ཡོང་བའི་བོད་ཕྲུག་རྣམས་ཕན་ཚུན་ཉམས་མྱོང་སྤེལ་རེས་སོགས་ཀྱི་ཆེད་གུང་གསེང་སློབ་གྲྭ་འཛུགས་གཉེར་བྱ་རྒྱུ་བཅས་གསལ།
༧༽    ལོ་འདིའི་ནང་ཤེས་རིག་ལས་ཁུངས་སུ་དྲུང་ཆེ་བསྟན་འཛིན་དགེ་བྱེད་དང༌། དྲུང་གཞོན་བློ་བཟང་དོན་ལྡན། གཞོན་རིམ་ལས་དྲུང་ཀརྨ་རྒྱ་མཚོ། གཞོན་རིམ་ལས་དྲུང་བློ་བཟང་རྒྱལ་པོ། ཚོད་ལྟའི་ལས་བྱེད་ངག་དབང་ཚུལ་ཁྲིམས། གནས་སྐབས་ལས་བྱེད་ཚེ་རིང་བདེ་སྐྱིད་བཅས་ཁྱོན་འགོ་ལས་ ༦ ཡོད་པ་དེའི་ཐོག་ནས་ལས་ཁུངས་ཀྱི་གཞི་རྒྱ་ཚོད་དཔག་ཐུབ་ངེས།
 

Menu