༡༽    ལོ་འདིར་འཛིན་རིམ་ ༡༡ པའི་སློབ་ཐོན་ཡིག་ཚད་དུ་ཞུགས་མཁན་མ་སུ་རི་ནས་ ༤༥ དང༌། ཌལ་ཧོར་ནས་ ༢༦ རྡོར་གླིང་ནས་ ༡༨ པ་ཆ་མ་རི་ནས་ ༧ བཅས་བསྡོམས་ ༩༦ ཡོད།
༢༽    ལོ་འདིར་ཕྱོགས་བསྡོམས་བྱས་པ་ལྟར་ན། ༡༩༦༠ ནས་ ༡༩༧༢ བར་སློབ་གྲྭ་ཁག་ནས་སློབ་གྲྭ་ཐོན་པ་དང་དགོངས་ཞུ་བྱས་པ། ལས་བྱེད་དུ་བཏང་བ་བཅས་ཁྱོན་བསྡོམས་གྲངས་ ༢༥༠༠ ཙམ་བྱུང་ཡོད་པ་ཕུད། ༡༩༧༢ ལོར་གཏན་སློབ་ཁག་གི་ནང་སློབ་ཕྲུག་གྲངས་ ༡༧༥༥ དང༌། གཏན་སློབ་ནང་ཉིན་སློབ་ཀྱི་ངོ་བོར་འགྲོ་བཞིན་པ་ ༨༢༨ གཞིས་ཆགས་ཁག་དང་ཁ་འཐོར་ཉིན་སློབ་ཁག བལ་ཡུལ་དང་འབྲས་ལྗོངས། འབྲུག ལ་དྭགས་བཅས་པའི་ནང་སློབ་ཕྲུག་གྲངས་ ༤༥༤༩ གཏན་ཉིན་སློབ་གྲྭ་ཁག ༣༦ གི་ནང་ཁྱོན་བསྡོམས་སློབ་ཕྲུག༌༧༡༣༣ དང་དགེ་རྒན་ལས་བྱེད་ ༤༤༡ ཡོད་ཅེས་སྐབས་དེའི་བསྡོམས་འབོར་རེའུ་མིག་ནང་གསལ་འདུགཕྱི་རྒྱལ་རོགས་ཚོགས་ཁག་གིས་སློབ་གྲོན་བཏང་སྟེ་རྒྱ་གར་ནང་གི་སྒེར་གྱི་སློབ་གྲྭ་ཁག་ནང་སྐྱོད་བཞིན་པ་ ༥༤༨ འཇར་མན་དང༌། ཉི་ཧོང༌། ནོར་ཝེ། ཕ་རན་སི། དབྱིན་ཡུལ། སུད་སི་བཅས་ནང་སློབ་ཕྲུག ༡༤༦ བཅས་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༧༨༢༦ རྣམས་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་བཞིན་པ་རེད་འདུག༣༥
༣༽    མ་སུ་རི་གཏན་སློབ་ཏུ་བོད་ལུགས་རི་མོའི་དགེ་རྒན་ཆེད་འཛུགས་ཀྱིས་སློབ་ཕྲུག ༦༠ སྐོར་ལ་སློབ་སྟོན་བྱེད་འགོ་བཙུགས་ཤིང༌། རིམ་པས་གཏན་སློབ་ཚང་མའི་ནང་ད་ལྟ་རྒྱ་གར་གྱི་རི་མོ་སློབ་བཞིན་པ་རྣམས་མཚམས་བཞག་སྟེ་བོད་ལུགས་རི་མོའི་དགེ་རྒན་བསྐོ་ཐབས་བྱ་རྒྱུའི་འཆར་གཞི་བཀོད།
༤༽    གཏན་སློབ་ཁག་ནང་བོད་སྐྱེས་ཕྲུ་གུ་ཇེ་ཉུང་དུ་སོང་སྟབས་པ་ཆ་མ་རི་གཏན་སློབ་ཀྱི་སློབ་ཕྲུག་རྣམས་སིམ་ལ་དང་ཌལ་ཧོར། མ་སུ་རི་གཏན་སློབ་བཅས་སུ་ཟླ་བསྒྲིལ་བཏང༌།
༥༽    ཨོ་རི་ས་གཞིས་གྲོང་དང་པོའི་ཉིན་སློབ་ཀྱི་སློབ་ཁང་ཉམས་གསོ་དང་གཞིས་གྲོང་གསུམ་པའི་ནང་གི་སློབ་ཁང་བཞི་དང་དགེ་རྒན་ལས་ཤག་བཞི་གསར་རྒྱག་བྱས། ཏེ་ཛུ་ཉིན་སློབ་ཁང་དང་དགེ་རྒན་ལས་ཤག་གསར་རྒྱག་བྱས།
༦༽    ད་ཕན་འཛིན་རིམ་༡༡ ཐོན་རྗེས་མཐོ་རིམ་སློབ་སྦྱོང་ངམ་བཟོ་ལས་སློབ་སྦྱོང་དུ་འགྲིམས་ཐུབ་པ་ཕུད་དེ་མིན་སློབ་ཕྲུག་གྲངས་ ༢༧༤ ལ་གླ་ཕོགས་སྣེ་སེལ་སྤྲད་དེ་འཛིན་གྲྭ་དམའ་ས་ཁག་ཏུ་དགེ་རྒན་བྱེད་བཅུག་ཅིང༌། དེའི་ཁོངས་ནས་དྲག་གྲས་ཁག་དགེ་རྒན་འོས་སྦྱོང་དུ་གཏོང་རྒྱུའི་འཆར་གཞི་བཀོད།
༧༽    དགེ་རྒན་ཚད་ལྡན་གང་མང་གསོ་སྐྱོང་ཐུབ་ཐབས་སུ་སློབ་ཐོན་གཞོན་སྐྱེས་གང་མང་སྔོན་འགྲོ་དང་གཞི་རིམ། མཐོ་རིམ་བཅས་ཀྱི་དགེ་རྒན་སྦྱོང་བརྡར་ཆེད། རྒྱ་གར་གྱི་དགེ་རྒན་འོས་སྦྱོང་ཁང་ཁག་ནང་བཏང༌།
༨༽    རྒྱ་གར་ནང་འཛིན་རིམ་༡༡ པའི་ཡིག་རྒྱུགས་བཏང་ཟིན་ཏེ་མཐོ་རིམ་སློབ་སྦྱོང་བྱེད་བཞིན་པ་ནི། ལྡི་ལི་དང་ཅན་དྷི་གྷར། རྡོར་གླིང༌། བྷེང་ལོར་སོགས་ཀྱི་གཙུག་ལག་སློབ་གྲྭའི་ནང༌། ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ལོ་རིམ་དང་པོ་བྱེད་བཞིན་པ་༣༥ ལོ་གཉིས་པ་བྱེད་བཞིན་པ་ ༢༧ ལོ་གསུམ་པ་བྱེད་བཞིན་པ་༢༤ གཙུག་ལག་རབ་འབྱམས་པ་ལོ་དང་པོ་བྱེད་བཞིན་པ་ ༡ བྷ་ཊ་ལ་དང་པུ་ན། པོན་ཊ་ཅ་རི་བཅས་ཀྱི་གསོ་རིག་སློབ་གྲྭའི་ནང་སྨན་པའི་སློབ་སྦྱོང་ལོ་དང་པོ་ ༡ ལོ་གསུམ་པ་བྱེད་བཞིན་པ་ ༢ རྡོར་གླིང་དང་སིམ་ལ། བྷེང་ལོར་བཅས་ཀྱི་དགེ་འོས་སློབ་གྲྭ་ཆེ་མོའི་ནང་དགེ་རྒན་འོས་སྦྱོང་ལོ་དང་པོ་བྱེད་བཞིན་པ་ ༡༥ ལོ་གཉིས་པ་བྱེད་བཞིན་པ་ ༢༤ ལྡི་ལི་གསར་པའི་ལས་བྱེད་སྦྱོང་བརྡར་ཁང་དུ་ ༡༢ བཅས་ཡོད།༣༦
༩༽    ལོ་འདིར་དབྱིན་ཡུལ་ཌུར་ཧམ་གཙུག་ལག་སློབ་ཁང་དུ་མཐོ་རིམ་སློབ་སྦྱོང་བྱེད་བཞིན་པ་ ༣ དབྱིན་ཡུལ་པེ་སེ་ཊོ་ལོ་ཇིར་འབྲིང་རིམ་སློབ་གྲྭ་འགྲིམ་བཞིན་པ་ ༢༢

ནོར་ཝེ་རུ་ལག་ཤེས་སློབ་སྦྱོང་བྱེད་མུས་ ༩ ཕ་རན་སིར་འབྲིང་སློབ་འགྲིམ་བཞིན་པ་ ༢༠ ཉི་ཧོང་དུ་ལག་ཤེས་སློབ་སྦྱོང་བྱེད་མུས་ ༣༤ ནུབ་འཇར་མན་དུ་འབྲིང་སློབ་འགྲིམ་མུས་ ༡༣ སུད་སིར་འབྲིང་སློབ་འགྲིམ་མུས་ ༤༥ བཅས་ཡོད།  

Menu