༡༽    ལོ་འདིར་སློབ་ཕྲུག ༡༧ གྱིས་འཛིན་རིམ་ ༡༡ པའི་ཡིག་རྒྱུགས་སུ་ཞུགས་ཏེ་རྒྱུགས་འཕྲོད། དེའི་ཁོངས་ནས་སློབ་ཕྲུག ༡༠ ལ་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཡོན་སྩལ་ཏེ་ལྡི་ལིའི་མཐོ་སློབ་ཁག་གསུམ་ནང་བཏང༌། གཅིག་གྷོ་ལི་ཡར་༼གོ་ཝཱ་ལི་ཡ་༽རྒྱལ་ཡོངས་ལུས་རྩལ་མཐོ་སློབ་ཏུ་ཀེ་ཎ་ཌ་བོད་དོན་རོགས་ཚོགས་ཀྱིས་སློབ་ཡོན་གནང་སྟེ་སློབ་སྦྱོང་དུ་བཏང༌། སློབ་ཕྲུག་གཉིས་དྷ་རམ་ས་ལར་བོད་གཞུང་གི་ལས་བྱེད་དུ་དང་བླང་གིས་ཞུགས། ཨང་སྡེ་གསུམ་པའི་ནང་ཡོད་པའི་བོད་ཕྲུག་བཞི་འབྲུག་བོད་གཞུང་དོན་གཅོད་ཀྱིས་འབྲུག་ཁུལ་བོད་མིའི་གཞིས་ཆགས་ཁག་ནང་ཉིན་མོའི་སློབ་གྲྭ་གསར་འཛུགས་བྱས་པར་དགེ་རྒན་མེད་པའི་དཀའ་ངལ་ཛ་དྲག་ཆེ་ལུགས་ཞུས་པ་ལྟར། འབྲུག་ཏུ་བཏང་སྟེ་བོད་དབྱིན་ཧིན་གསུམ་དང༌། ཨང་རྩིས་སོགས་ཀྱི་སློབ་དགེ་བྱས།
༢༽    ༡༩༧༠ ཟླ་ ༢ ཚེས་ ༡༩ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅོ་བརྒྱད་པ་དེ་ཤཱསྟྲི་བྷ་ཝན་ལྷན་ཚོགས་ཁང་དུ་འཚོགས། ཚོགས་འདུའི་ཐོག་རྡོར་གླིང་གཏན་སློབ་ཀྱི་འཛུགས་སྐྲུན་ལས་གཞི་འགོར་རྐྱེན་ཆེ་བས་དྲུང་ཆེ་ངོ་ཕེབས་ཀྱིས་རྟོག་ཞིབ་གནང་རྒྱུ་དང༌། སྦིར་ཉིན་སློབ་དང་རཱ་ཇེ་པུར་ས་སྐྱའི་སློབ་གྲྭ་གཉིས་ཀྱི་དགེ་རྒན་གླ་ཕོགས་ཐད་རོགས་རམ་བྱ་རྒྱུ། གཞི་རིམ་གོང་མའི་ཐོན་རྒྱུགས་ནང་བརྒྱ་ཆ་ ༦༠ ཡན་ལོན་པའི་བོད་ཕྲུག ༡༠ ལ་ཕྱི་ལོ་ ༡༩༧༠ ལོར་མཐོ་སློབ་ཀྱི་སློབ་ཡོན་གནང་རྒྱུ་སོགས་ཀྱི་ཐག་གཅོད་གནང༌། བྷེལ་ཀོབ་ཏུ་བོད་མི་ཚོར་དགེ་རྒན་འོས་སྦྱོང་གི་མཐོ་སློབ་ཅིག་ལོགས་སུ་འཛུགས་རྒྱུའི་འཆར་གཞི་བཏོན་ཀྱང་ཚོགས་ཐོག་ནས་ཁས་ལེན་མ་ཐོབ། དེ་རྗེས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ཁ་ཤས་ནང་འདིའི་སྐོར་གླེང་སློང་བྱུང་འདུག་ཀྱང་དོན་འབྲས་སོན་མི་འདུག
༣༽    གཞིས་ཆགས་ཉིན་མོའི་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྦྱོང་དང་ཕྱིའི་མཐུན་རྐྱེན་ཇེ་ཞན་དུ་འགྲོ་མུས་སྐོར་སྔ་ལོ་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་སོགས་ལ་ཞུ་སྐུལ་ཡིག་ངག་གཉིས་ཐོག་ནས་གནང་ཡང་དོན་འབྲས་མ་སོན་སྟབས། ལོ་འདིའི་བོད་སློབ་འཛིན་ཚོགས་ཀྱི་འཛིན་སྐྱོང་ཚོགས་འདུའི་ཐོག་དངོས་ཡོད་དཀའ་ངལ་ཇི་ཡོད་སྙན་སེང་ཞུས་པར། རྒྱ་གར་དབུས་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཌོག་ཊར་ཅཱ་རི་དང༌། བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་ཊ་གོར། བོད་གཞུང་ཤེས་རིག་བཀའ་བློན་བཅས་ཡོད་པའི་རྟོག་ཞིབ་ཚོགས་ཆུང་བཙུགས་ཏེ་ལོ་རྗེས་མའི་འཛིན་སྐྱོང་ཚོགས་འདུའི་ཐོག་གནས་སྟངས་སྙན་ཐོ་འབུལ་དགོས་ཐག་གཅོད་བྱུང༌། ཚོགས་ཆུང་གིས་ལོ་འདིའི་ཕྱི་ཟླ་ ༤ ནང་མོན་གྷོ་དང༌། མའི་སོར་ཉིན་སློབ་ཁག་ཏུ་བལྟ་སྐོར་དུ་བསྐྱོད་དེ་ས་གནས་ཉིན་སློབ་སོ་སོའི་རྒྱ་བོད་དགེ་ལས་ལྷན་གནས་སྟངས་རྒྱུས་ལོན་གོ་བསྡུར་དང༌། ཡར་རྒྱས་གཏོང་ཕྱོགས་ཀྱི་བསམ་འཆར་བསྡུས།
༤༽     ༡༩༧༠ ཟླ་ ༡༠ ཚེས་ ༢༦ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་དགུ་པ་དེ་རྡོ་རྗེ་གླིང་དུ་འཚོགས། ཚོགས་འདུའི་ཐོག་ྋགོང་ས་མཆོག་གིས་རྒྱ་གར་ནང་གསར་བཙས་བོད་ཕྲུག་ལ་བོད་སློབ་འཛིན་ཚོགས་ཀྱིས་གཟིགས་སྐྱོང་གནང་དགོས་ཕེབས་པ་དེ་སྲིད་བྱུས་གལ་ཆེན་ཞིག་ཡིན་སྟབས་རྒྱ་བོད་འཐུས་མི་ཡོད་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས་ཞིབ་འཇུག་ཐོག་ཆེས་མཐོའི་འགོ་ཁྲིད་དང་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུ། མོན་ཌ་ཨ་པུར་སློབ་གྲྭ་ལམ་སེང་སྒོ་བརྒྱབ་སྟེ་སློབ་ཕྲུག་རྣམས་པ་ཆ་མ་རིར་ཟླ་སྒྲིལ་གཏོང་རྒྱུ་སོགས་ཀྱི་ཐག་གཅོད་གནང༌།
    འདི་མན་གྱི་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་སྙིང་དོན་རྣམས་ཡིག་ཚོགས་ལ་འཇིགས་པ་དང༌། བོད་ཡིག་ཏུ་ཕབ་སྒྱུར་དང་སྙིང་བསྡུས་བཟོ་བའི་དུས་ཁོམ་མེད་པ་བཅས་ཀྱི་ཆ་ནས་བཀོད་མེད། དོན་གཉེར་ཅན་ཚོས་གྲོས་ཆོད་ངོ་མ་ཁག་ལ་གཟིགས་པར་མཛོད།
༥༽    བོད་སློབ་འཛིན་ཚོགས་སུ་སྙན་སྐུལ་ཞུས་འབྲས་སུ། ལམ་བཟོ་དང་ཁ་འཐོར་བོད་མིའི་བུ་ཕྲུག་རྣམས་ཉེ་འགྲམ་དུ་གཏན་སློབ་ཡོད་ཚེ་དེའི་ནང་སློབ་འཇུག་ཆོག་པ་དང་མཐུན་རྐྱེན་ཉིན་སློབ་སྤྱི་མཚུངས་གནང་རྒྱུའི་བཀའ་འཁྲོལ་དང༌། དེ་འདྲའི་གཏན་སློབ་ཉེ་འགྲམ་དུ་མེད་སར་རིམ་པས་ཉིན་སློབ་འཛུགས་རྒྱུའི་ཐག་གཅོད་བྱུང་བ་ལྟར། ལོ་འདིའི་ཕྱི་ཟླ་ ༨ ནས་གཏན་སློབ་ཁག་ནང་ས་གནས་བོད་མིའི་བུ་ཕྲུག་ཉིན་སློབ་ཀྱི་ངོ་བོར་འཇུག་འགོ་ཚུགས། གཏན་སློབ་མེད་ས་དྷ་རམ་ས་ལ་དང༌། ཀུ་ལུ། ཁར་ཤང་ས་སོར་རིམ་པས་ཉིན་སློབ་གསར་འཛུགས་གནང་གཏན་འཁེལ།
༦༽    བོད་ནས་ཕ་མ་དང་མཉམ་འཁྲིད་ཀྱི་ཕྲུ་གུ་གཏན་སློབ་ཏུ་སློབ་འཇུག་བྱ་བསྡད་གཅིག་ཀྱང་མེད་པ་དང༌། སློབ་གྲྭར་ཡོད་པ་རྣམས་རིམ་པས་སློབ་ཐོན་ཐོག རྒྱ་གར་ནང་གསར་བཙས་རྣམས་གཏན་སློབ་ཏུ་སློབ་འཇུག་མི་བྱེད་པར་བརྟེན་གཏན་སློབ་ཁག་གི་སློབ་ཕྲུག་གྲངས་འབོར་ཇེ་ཉུང་དུ་སོང་སྟེ། ལོ་འདིར་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་ལྟར་ཀ་སྦུག་གཏན་སློབ་ཀྱི་སློབ་ཕྲུག་རྣམས་རྡོར་གླིང་དང༌། སིམ་ལ་གཏན་སློབ་ལ་ཟླ་སྒྲིལ་བྱས་པ་དང༌། མོང་གྲ་ཨ་བུར་གྱི་གཏན་སློབ་སློབ་ཕྲུག་རྣམས་པ་ཆ་མ་རིར་ཟླ་བསྒྲིལ་བཏང༌། ད་ཆ་ཀ་སྦུག་དང་མོང་གྲ་ཨ་བུར་གཏན་སློབ་གཉིས་ཕྱིར་བསྡུ་བྱས་ཤིང༌། ཀ་སྦུག་གཏན་སློབ་ཏུ་ས་གནས་ཉིན་སློབ་ཅིག་ཚུགས་བཞིན་ཡོད།
༧༽    ད་ཆ་གཏན་སློབ་ལྔ་ཡོད་པའི་ནང་ནས་འཛིན་རིམ་ ༡༡ ཏུ་སླེབས་པ་སྔོན་ཡོད་མ་སུ་རི་དང་རྡོར་གླིང་གཉིས་ཀྱི་ཐོག འདི་ལོ་ཌལ་ཧོར་དང་པ་ཆ་མ་རི་གཉིས་འཛིན་རིམ་ ༡༡ ལ་བསླེབས་ཐུབ་པ་བྱུང༌།
༨༽    ༡༩༦༩ ལོར་གཞི་རིམ་འཛིན་གྲྭ་༡༡ ཐོན་པ་ཐོག་མ་དེ་བྱུང་འཕྲལ་ཕྱི་ལོ་༡༩༧༠ ནང་ཚོགས་ཆུང་ཆེད་འཛུགས་ཀྱིས་འཆར་འགོད་གནང་བའི་ནང༌། ཨང་སྡེ་དང་པོ་རྣམས་གཞུང་གི་ལས་བྱེད་དང་དགེ་རྒན་གྱི་དམིགས་སྒོར་གསོ་སྐྱོང་ཐུབ་ཆེད་མཐོ་སློབ་ཏུ་སློབ་ཡོན་སྦྱར་ཏེ་གཏོང་རྒྱུ་དང༌། སློབ་སྦྱོང་ནས་ཕྱིར་འཁོར་རྗེས་ད་ཕན་བོད་གཞུང་གི་ལས་ཁུངས་དང་གཞིས་ལམ་བཟོ་གསུམ་གྱི་འགོ་འཛིན་རེར་སྐད་སྒྱུར་འཕར་མ་བསྐོ་བཞག་བྱ་དགོས་སོགས་དཀའ་ངལ་ཆེ་བར་བརྟེན་དེ་དག་ཏུ་བསྐོ་བཞག་གིས་དབྱིན་ཧིན་སྐད་ཡིག་གི་ལས་བྱེད་གཞན་རེ་མ་དགོས་པ་བཟོ་རྒྱུ་མ་ཟད། ཨང་སྡེ་དང་པོའི་ནང་ནས་གཞུང་ཞབས་སུ་བསྐོས་འཕྲོས་དང༌། ཨང་སྡེ་གཉིས་པ་རྣམས་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་དུ་བསྐོ་བཞག་ཐུབ་ཐབས་བྱས་ཏེ་རིམ་པས་སློབ་རིམ་ཚང་མའི་དགེ་རྒན་བོད་རིགས་རང་གིས་རང་རྐྱ་འཕེར་བ་བྱེད་རྒྱུ། ཨང་སྡེ་གསུམ་པ་རྣམས་དང་སློབ་དང་བཟོ་གྲྭ་ཁག་ནང་གཏོང་རྒྱུ་བཅས་ཀྱི་སྲིད་བྱུས་གཏན་འབེབས་གནང༌།
 

Menu