༡༽    བལ་ཡུལ་ནང་གི་བོད་མིའི་སློབ་གྲྭ་རྣམས་འབྲིང་རིམ་སློབ་གྲྭར་བསྒྱུར་མ་ཐུབ་ཀྱང༌། དེ་དག་ནང་དེ་སྔོན་བོད་ཡིག་སློབ་མུས་ལ་རྙོག་གྲ་ཕྲན་བུ་ཡོད་པ་ལོ་འདི་ནས་སློབ་གྲྭ་དེ་དག་བཙན་བྱོལ་བོད་མིའི་དམའ་རིམ་སློབ་གྲྭར་བལ་ཡུལ་གཞུང་གིས་ངོས་བཞེས་བཀའ་འཁྲོལ་གནང་སྟེ་བོད་ཡིག་སློབ་ཁྲིད་བྱ་རྒྱུར་དཀའ་ངལ་མེད་པ་བྱུང༌། བོད་མིའི་སློབ་གྲྭ་ནས་ཐོན་ཏེ་བལ་པོའི་འབྲིང་རིམ་སློབ་གྲྭར་སྐྱོད་མཁན་རྣམས་ལ་དགོང་མོ་བོད་དགེས་ཟུར་འཁྲིད་བྱེད་འགོ་ཚུགས། འོན་ཀྱང་རིམ་པས་བལ་ཡུལ་གྱི་འགྱུར་འགྲོས་དང་མཐུན་པར་བོད་སློབ་དེ་དག་རྒྱ་གར་ནང་གི་བོད་མིའི་སློབ་གྲྭ་ལྟ་བུར་བསྒྱུར་ཐབས་བྱ་རྒྱུའི་ཐག་གཅོད་བྱས།
༢༽    འབྲུག་ཁུལ་དུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཚུགས་ཐབས་སྐོར་འབྲུག་དོན་གཅོད་ལྷ་ལྡིང་པས་འབྲུག་རྒྱལ་ངོ་མཇལ་ཐུབ་ཐབས་ཞུས་ཀྱང་ད་བར་མ་ཐོབ་ཀྱང༌། ཤེས་རིག་དང་ལྷ་ལྡིང་པ་གཉིས་ནང་དོན་བཀའ་མོལ་དུ་ལྷ་རབ་འབྲུག་གཞུང་གི་རོགས་མགོན་འོག་བོད་མིའི་སློབ་གྲྭ་ཟུར་འཛུགས་ཐུབ་ཐབས་ཞུ་རྒྱུ་དང༌། དེ་ལྟར་མ་བྱུང་ཚེ་དགེ་རྒན་གྱི་གླ་ཕོགས་རོགས་རམ་ཡོང་བ་ཞུས་ཏེ་བོད་གཞུང་གི་ངོས་ནས་སློབ་གྲྭ་ཟུར་གཉེར་བྱ་རྒྱུའི་འཆར་གཞི་བཏིང༌།
༣༽    རྒྱ་གར་ནང་གི་དབྱིན་ཇི་དང་ཡི་ཤུའི་སློབ་གྲྭ་སོགས་སུ་སློབ་སྦྱོང་བྱེད་མུས་ཚོའི་ལོ་རྒྱུས་དང་གནས་སྟངས་བསྡུ་སྒྲིག་བྱེད་འགོ་བཙུགས།
༤༽    སློབ་ཕྲུག་སློབ་སྦྱོང་བྱེད་མུར་ཕ་མས་སློབ་གྲྭ་ནས་འཐེན་ཏེ་ནང་ལ་ཉར་བ་དང༌། ལོ་ཆུང་སྐབས་ནས་གཉེན་སྒྲིག་བྱེད་འཇུག་པ་སོགས་ཀྱི་གནས་ཚུལ་མང་ཙམ་བྱུང་སྟབས། རྒྱ་ཁྱབ་ཏུ་གསལ་བསྒྲགས་སྤེལ་ཏེ་སྤྱི་སྒེར་གཉིས་ཀར་ཕུགས་སྐྱོན་ཆགས་གཞིའི་བྱེད་སྟངས་དེ་རིགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཤུགས་ཆེ་བྱས།
༥༽    རྒྱ་གར་ནང་གསར་སྐྱེས་བོད་ཕྲུག་གཏན་སློབ་ཁག་ཏུ་སློབ་འཇུག་གནང་གི་མེད་པའི་དཀའ་ངལ་སྐོར་ཤེས་རིག་ལས་ཁུངས་ནས་རྒྱ་གར་ཕྱི་སྲིད་ལས་ཁུངས་སོགས་སུ་ཡིག་ངག་གཉིས་ཐོག་ནས་རེ་སྐུལ་ཞུས་ཐོག ཉེ་ཆར་ྋགོང་ས་མཆོག་བྷོམ་བྷེ་རུ་ཆིབས་ཞལ་བསྒྱུར་སྐབས་རྒྱ་གར་ཤེས་རིག་བློན་ཆེན་ལ་དེའི་སྐོར་འཕྲོས་མོལ་མཛད་པར་བརྟེན། རྒྱ་གར་གཞུང་གི་སྲིད་བྱུས་ལ་འགྱུར་བ་བྱུང་འགོ་ཚུགས།
༦༽    སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚར་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་མཁས་མྱོང་གཉིས་ལྡན་གྱི་མི་སྣ་གདན་ཞུས་ཀྱིས་ལྡི་ལི་དོན་གཅོད་ཁང་དུ་བཀའ་འབྲེལ་ཚོགས་འདུ་ཉིན་གསུམ་འཚོགས་པ་དེས་མ་འོངས་པའི་ལས་དོན་བྱེད་ཕྱོགས་ལ་ཕན་ཐོགས་ཆེན་པོ་བྱུང༌།
༧༽    མ་སུ་རི་གཏན་སློབ་ནས་ཕྱི་ལོ་༡༩༦༩ ལོར་བོད་ཕྲུག༌༨ ཀྱིས་འཛིན་རིམ་ ༡༡ དེང་གི་འཛིན་རིམ་ ༡༢ པ་དང་མཚུངས་པའི་ཡིག་རྒྱུགས་ནང་ཞུགས་ཏེ་གཅིག་གིས་ཨང་སྡེ་དང་པོ་དང༌། གཞན་རྣམས་ཨང་སྡེ་གཉིས་པ་ལོན་པ་ལྟར་རྒྱ་གར་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཡོན་རོགས་རམ་གནང་བའི་འོག་ཚང་མ་མཐོ་སློབ་ཏུ་བཏང༌། འདི་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་ནས་གཞི་རིམ་སློབ་གྲྭ་སློབ་ཐོན་བྱུང་བ་ཐེངས་དང་པོ་རེད།
༨༽    གཞིས་ཆགས་ཁག་ནང་ཡོད་པའི་ཉིན་སློབ་རྣམས་འགྲིམ་འགྲུལ་མི་བདེ་བའི་ལུང་ཁུག་ས་ཐག་རིང་པོར་ཡོད་པའི་རྐྱེན་གྱིས་དབུས་བོད་སློབ་འཛིན་ཚོགས་ནས་གཟིགས་རྟོག་ཚགས་ཚུད་གནང་མི་ཐུབ་པར་བརྟེན། ཕྱིའི་མཐུན་རྐྱེན་དང་ནང་གི་སློབ་སྦྱོང་གང་ཅིར་འདོད་པ་ཁེངས་ངེས་མེད་ཐོག སློབ་ཁང་རྣམས་ཀྱང་ལོ་རེ་བཞིན་ཉམས་གོག་ཏུ་གྱུར་བཞིན་ཡོད་པའི་གནས་ཚུལ་རྟོག་ཞིབ་ཆེད་ཤེས་རིག་བཀའ་བློན་དང་ལས་བྱེད་ས་གནས་ཁག་ཏུ་དངོས་སུ་ངོ་ཕེབས་ཀྱིས་མཐོང་ཚུལ་དང་ལེགས་བཅོས་ཀྱི་བསམ་འཆར་བཀོད་དེ་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་དང་འབྲེལ་ཡོད་ལས་ཁུངས་ཚང་མར་ཕུལ།
༩༽    ལོ་འདིའི་ནང་ཌལ་ཧོར་གཏན་སློབ་ཀྱི་སློབ་ཕྲུག་ཚོས་སློབ་ཕྲུག་གི་མེ་ལོང་ཞེས་པའི་ཉིན་རེའི་གསར་ཤོག་ཤིག་འདོན་འགོ་ཚུགས།

Menu