༡༽    ༡༩༦༨ ཟླ་ ༥ ཚེས་ ༢༢ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་དྲུག་པ་དེ་རྒྱ་གར་ཤེས་རིག་བློན་ཆེན་གྱི་ལས་ཁུངས་ནང་འཚོགས། ཚོགས་འདུའི་ཐོག་བོད་གཞུང་ཤེས་རིག་བཀའ་བློན་གྱིས་སློབ་གྲྭའི་ཟས་དོད་སྤར་དགོས་པའི་གླེང་སློང་ཡང་བསྐྱར་གནང་བར་རྒྱ་གར་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་འཁྲོལ་ལ་སྒུག་དགོས་གསུངས། ལྡི་ལི་སྐུ་ཚབ་དོན་གཅོད་འགན་འཛིན་ལྷན་ཚོགས་ཁོངས་འཇུག་དགོས་པའི་དགོངས་འཆར་ལ་མོས་མཐུན་བྱུང༌། དེ་བཞིན་དྷ་ས་བུ་གསོ་ཁང་དང༌། དྷ་ས་ཟུར་གསོག སིམ་ལ་བུ་གསོ་ཁང་བཅས་ཀྱི་བོད་ཕྲུག་ཁྱོན་ ༤༠༠༠ ལས་མ་བརྒལ་བ་གཏན་སློབ་ནང་བཅུག་ཆོག་ཅིང༌། དེ་ཡང་ཐོག་མར་ཟུར་གསོག་སློབ་གྲྭར་གོ་སྐབས་སྤྲད་དེ་ཟུར་གསོག་སློབ་གྲྭ་ཁག་གང་མྱུར་སྒོ་རྒྱག་དགོས་པའི་ཐག་གཅོད་བྱུང༌། དེ་བཞིན་བོད་གཞུང་ཤེས་རིག་བཀའ་བློན་གྱིས་གཞི་རིམ་གོང་མ་ཐོན་པའི་བོད་ཕྲུག་ཚོར་མཐོ་སློབ་སློབ་སྦྱོང་དང་ལག་ཤེས་སློབ་སྦྱོང་གི་སློབ་ཡོན་གནང་དགོས་པ་དང༌། གཞི་རིམ་འོག་མའི་ནང་སློབ་ཕྲུག་གི་ས་མིག་སྟོང་པ་མང་པོ་ཡོད་པ་རྣམས་ཟུར་གསོག་སློབ་གྲྭའི་ནང་སློབ་ཕྲུག ༣༠༠ སྐོར་ཡོད་པ་དེ་དག་སློབ་འཇུག་གིས་བསྐང་དགོས་པ། མོན་གྷོ་གཞིས་ཆགས་ཀྱི་སློབ་ཕྲུག་ཚོར་ད་ཕན་རྒྱ་གར་གཞུང་གིས་གཟིགས་སྐྱོང་གང་ཡང་གནང་ཐུབ་མེད་པས་གཞིས་ཆགས་སྤྱི་མཚུངས་ཉིན་སློབ་ཅིག་འཛུགས་དགོས་པ་སོགས་གསུངས་དོན་ལྟར། མཐོ་སློབ་དང་ལག་ཤེས་སློབ་སྦྱོང་གི་སློབ་ཡོན་གནང་རྒྱུ་དང༌། ཟུར་གསོག་སློབ་གྲྭའི་སློབ་ཕྲུག་རྣམས་སློབ་འཇུག་བྱ་རྒྱུ། མོན་གྷོར་ཉིན་སློབ་ཅིག་འཛུགས་ཆེད་ཁང་པ་འཛུགས་སྐྲུན་མ་ཟིན་བར་སྐབས་འཕྲལ་གུར་ཁ་ཤས་གནང་ཐབས་གནང་རྒྱུ་སོགས་ཀྱི་ཐག་གཅོད་བྱུང༌།
༢༽    པ་ཆ་མ་རི་བཟོ་སློབ་ནས་སློབ་ཕྲུག་མང་པོ་སློབ་ཐོན་ཡོང་བཞིན་པར་མ་ཟད། བོད་མིའི་སློབ་གྲྭ་ཁག་ཏུ་སློབ་གཉེར་བྱེད་མུས་བོད་ཕྲུག ༦༠༠༠ ལྷག་ཡོད་པ་རྣམས་རིམ་པས་སློབ་ཐོན་ཡོང་རྒྱུར་དེ་དག་གི་འཕྲལ་ཕུགས་མདུན་ལམ་བཀོད་སྒྲིག་བྱེད་ཕྱོགས་སྐོར་ལ་དགོངས་བཞེས་དང་ཐག་གཅོད་དགོས་གལ་སྐོར་རྒྱ་གར་གཞུང་དང་བོད་གཞུང་རྒྱུན་ལས་ཚོགས་འདུར་སྙན་གསན་ནན་བསྟུད་ཞུས།
༣༽    ཤེས་རིག་ཟློས་གར་སློབ་གྲྭའི་སྒྲིག་གཞི་བཀོད་དེ་སྤྱི་འཐུས་ལྷན་ཚོགས་སུ་སྤྱན་འབུལ་ཞུས་རྗེས་གཏན་འབེབས་གནང་བར་མ་ཟད། འཁྲབ་ཆས་མ་ཚང་བ་རྣམས་འཕྲལ་སྒྲུབ་དགོས་པའི་བཀོད་ཁྱབ། ཕྱིན་ཆད་རྩིས་ལམ་བདེ་བའི་རྩིས་དེབ་དེང་ལུགས་དང་མཐུན་པ་ཁམས་དྭངས་གསར་བཟོ་བྱེད་དུ་བཅུག དེ་བཞིན་ད་ལྟའི་ཟློས་གར་འགན་འཛིན་རང་འཇགས་ཐོག་འགོ་འཛིན་ཆེ་བ་དྲང་ཚུགས་དང་འཇོན་ཐང་ལྡན་པ་ཞིག་འཕྲལ་དུ་བསྐོ་བཞག་ཡོང་བའི་འཆར་གཞི་བཀོད་དེ་བདེ་སྲུང་ལས་ཁུངས་སུ་ཕུལ། སྐབས་དེར་ལས་བྱེད་རྣམས་བདེ་སྲུང་ལས་ཁུངས་བརྒྱུད་བསྐོ་བཞག་གནང་གི་ཡོད།
༤༽    རྒྱ་གར་ནང་གི་ཡི་ཤུ་དང་དབྱིན་ཇིའི་སློབ་གྲྭར་བསྐྱོད་མུས་སློབ་ཕྲུག་རྣམས་དབྱར་དགུན་གུང་གསེང་དུ་དྷ་སར་བསྐོངས་ནས་བོད་ཀྱི་ཆོས་རིག་སྐད་ཡིག་སློབ་སྤེལ་གནང་མུས་དེས་ཕན་ཐོགས་ཆེན་པོ་བྱུང་ཡང༌། གཅིག་ནས་ཕྲུ་གུའི་ཕ་མའི་གནས་སྟངས་བརྟན་པོ་ཆགས་ཏེ་གུང་གསེང་དུ་ལེན་པར་དཀའ་ངལ་མེད་པ་དང༌། གཉིས་ནས་ལོ་ཧྲིལ་པོར་སློབ་སྦྱོང་བྱས་རྗེས་གུང་གསེང་དུའང་སློབ་སྦྱོང་བྱ་དགོས་དཀའ་ངལ་ཆེ་བ། གསུམ་ནས་ཕ་མ་དང་ཕྲུ་གུའི་འབྲེལ་བ་རིང་དུ་འགྲོ་བའི་དཀའ་ངལ་བཅས་ལ་བརྟེན་གུང་གསེང་སློབ་གྲྭ་ཕྱིར་འཐེན་བྱས། འོན་ཀྱང་གུང་གསེང་དུ་འགྲོ་ཡུལ་གཏན་ནས་མེད་པར་རྣམས་ལ་ཟུར་དུ་བཀོད་སྒྲིག་བྱས།
༥༽    རྒྱ་གར་གཞུང་གིས་ཟུར་གསོག་སློབ་གྲྭ་སྒོ་རྒྱག་དགོས་པའི་བཀོད་ཁྱབ་ནན་བསྟུད་གནང་བར་མ་ཟད། ས་གནས་སུ་དཔོན་རིགས་ཆེད་ཕེབས་ཀྱིས་བཀའ་གནང་བར་བརྟེན་བོད་གཞུང་གིས་ཞལ་བཞེས་གནང་དགོས་བྱུང་བའི་དཀའ་ངལ་སྐོར་སུད་སི་བོད་དོན་ཚོགས་པའི་དབུ་འཛིན་རྒྱ་གར་ལ་ཕེབས་སྐབས་སྙན་སེང་ཞུས་པར། ཟུར་གསོག་སྟེང་ཤོད་གཉིས་ལས་སྟེང་གི་ནང་ཡོད་པའི་བུ་མོ་ཡོངས་རྫོགས་རྒྱ་གར་ནང་གི་སྒེར་པའི་སློབ་གྲྭར་གཏང་རྒྱུར་རོགས་རམ་ཞལ་བཞེས་བྱུང་བ་ལྟར་བུ་མོ་ ༡༡༢ ཌས་ཌུན་སློབ་གྲྭར་བཏང་རྗེས་བུ་རྣམས་དྷ་ཤོད་ཟུར་གསོག་ཏུ་ཟླ་བསྒྲིལ་གནང་ནས་ཟུར་གསོག་སྟེང་མ་ལོ་སྟོད་དུ་སྒོ་བརྒྱབ། ཡང་སུད་སི་ཌོག་ཊར་ཝི་དར་ཀིས་སྦྱིན་བདག་གནང་སྟེ་ཟུར་གསོག་ནས་བུ་མོ་ ༨༠ ཐམ་པ་དང་བོད་དགེ་གཅིག་བཅས་སིམ་ལ་བུ་མོའི་སློབ་གྲྭར་སློབ་སྦྱོང་ཆེད་བཏང༌།
༦༽    གཞིས་ཆགས་ཉིན་སློབ་ཁག་ཏུ་བསྐོས་པའི་རྒྱ་གར་དགེ་རྒན་རྣམས་རྒྱུན་རིང་བཞུགས་མིན་ཐོག གང་ཅིའི་མཐུན་རྐྱེན་ཞན་པའི་གནས་ལུགས་སྐོར་འབྲེལ་ཡོད་བོད་སློབ་འཛིན་ཚོགས་སུ་ཞུ་སྐུལ་ཤུགས་ཆེ་གནང༌།
༧༽    འབྲུག་རྒྱལ་པོ་མཆོག་ལྡི་ལིར་ཕེབས་སྐབས་ཕྱི་སྲིད་བཀའ་བློན་རྒྱ་ལོ་དོན་གྲུབ་མཆོག་དང་ལྡི་ལི་དོན་གཅོད་ངོ་བཅར་གྱིས་བོད་གཞུང་གི་ཐུགས་རེ་ལྟར་འབྲུག་ཁུལ་དུ་བོད་མིའི་སློབ་གྲྭ་ཟུར་འཛུགས་ཆོག་པའི་རེ་སྐུལ་ཞུས་པར་ཞལ་བཞེས་གང་ལེགས་ཐོབ། དེ་འཕྲལ་འབྲུག་དོན་གཅོད་ལྷ་ལྡིང་ལ་གནས་ཚུལ་བཏང་སྟེ་མཇུག་གནོན་གནང་མུས་སུ་གནས།
༨༽    བལ་ཡུལ་ནང་གི་བོད་སློབ་ཁག་ལྔ་རྣམས་ལ་འཛིན་གྲྭ་ལྔ་པ་བར་ལས་མེད་པ་དང༌། དེ་རྗེས་བོད་ཀྱི་སྐད་ཡིག་དང་ཆོས་རིག་སྦྱོང་ས་མེད་པའི་བལ་པོའི་སློབ་གྲྭར་འགྲོ་དགོས་དཀའ་ངལ་ཆེ་བར་བརྟེན། བོད་སློབ་དེ་རྣམས་རིམ་པས་འབྲིང་རིམ་སློབ་གྲྭར་བསྒྱུར་ཐབས་དང༌། དེ་མིན་བོད་ཕྲུག་ཡོད་སའི་བལ་པོའི་འབྲིང་རིམ་སློབ་གྲྭའི་ནང་བོད་ཕྲུག་ཚོར་བོད་དགེ་བསྐོ་བཞག་ཡོང་ཐབས་སྐོར་བལ་ཡུལ་དོན་གཅོད་བརྒྱུད་བལ་ཡུལ་གཞུང་ལ་རེ་སྐུལ་ཞུས་ཀྱང་དོན་སོན་གང་ཡང་མ་བྱུང༌།
༩༽    དྷ་ཤོད་ཟུར་གསོག་སློབ་གྲྭའི་སློབ་ཕྲུག་ལྷག་བསྡད་ ༦༥༠ ཕལ་མོ་ཆེ་གཏན་སློབ་ཁག་ནང་འཇུག་བཞེས་གནང་འཕྲོས་གཞན་རྣམས་རྒྱ་གར་ནང་གི་ཡི་ཤུ་དང་དབྱིན་ཇིའི་སློབ་གྲྭར་བཏང་སྟེ་ལོ་འདིའི་ལོ་མཇུག་ཏུ་དྷ་ཤོད་ཟུར་གསོག་སློབ་གྲྭ་སྒོ་བརྒྱབས། སློབ་འཇུག་བྱེད་སྐབས་སློབ་ཕྲུག་སྤུན་མཆེད་ཁ་མ་བྲལ་བ་དང༌། ཕ་མ་ཡོད་རིགས་ཕ་མ་དང་རྒྱང་ཐག་རིང་པོར་འགྲོ་མ་དགོས་པའི་དགོངས་བཞེས་གནང་སྐྱོང་ཡོང་བ་ཞེས་འབོད་སྐུལ་བོད་སློབ་འཛིན་ཚོགས་ལ་ཞུས།ལམ་བཟོ་བྱེད་བཞིན་པའི་བོད་རིགས་ཨ་མ།
༡༠༽    ༡༩༦༨ ཟླ་ ༡༢ ཚེས་ ༦ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་བདུན་པ་དེ་རྒྱ་གར་ཤེས་རིག་བློན་ཆེན་གྱི་ལས་ཁུངས་ནང་འཚོགས། ཚོགས་འདུའི་ཐོག་ྋགོང་ས་མཆོག་གིས་ཉེ་སྔོན་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་མོལ་གནང་སྟེ་རྒྱ་གར་ནང་གསར་བཙས་བོད་ཕྲུག་རྣམས་གཏན་སློབ་ཁག་ཏུ་ཉིན་སློབ་ཀྱི་ཚུལ་དུ་གཏང་ན་གང་ལེགས་ཡོང་གནས་གསུངས་པ་ལྟར། ཕྲུ་གུ་དེ་རིགས་ཀྱི་ཞིབ་ཕྲའི་གནས་སྟངས་ཕུལ་མཚམས་གོ་བསྡུར་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་དང༌། བོད་གཞུང་ཤེས་རིག་བཀའ་བློན་མཆོག་གིས་བོད་ཕྲུག་རྣམས་མ་འོངས་པར་མཐོ་སློབ་སྐབས་གསོ་རིག་དང་འཕྲུལ་རིག་གི་ཐོག་ཞུགས་ཐུབ་པ་ཡོང་ཆེད། མ་སུ་རི་གཏན་སློབ་ལྟ་བུར་ཚན་རིག་གི་རིག་ཚན་འཛུགས་དགོས་གསུངས་པར། དེ་ལྟའི་རིག་ཚན་འཛུགས་པར་ཕྲུ་གུའི་ཁ་གྲངས་རྒྱས་བཅད་ལྟར་ལོངས་ཚེ་རིག་ཚན་བཙུགས་འཐུས་ཀྱི་ཐག་གཅོད་སོགས་བྱུང༌།
 

Menu