(བོད་ཟླ་ ༡༢ ཚེས་ ༡༧ ཕྱི་ལོ་ ༡༩༦༤ ཟླ་ ཟླ་ ༡ ཚེས་ ༣༠ ཉིན།)

སྤྱི་པའི་དོན་དུ་རང་སྲོག་བློས་གཏོང་མ་ཐུབ་ཀྱང་དཀའ་ངལ་དང་ལེན་ཐུབ་པ་ཞིག་ཚང་མས་ངེས་པར་བྱེད་དགོས།

   ད་ཡག་པོ་བྱུང་འདུག ཚོགས་ཆུང་ཁག་སོ་སོའི་དགོངས་འཆར་ཤོག་སྡེབ་ཁག་ཀྱང་ཡག་པོ་བྱུང་འདུག ཚོགས་མི་བྱིངས་རྣམས་བཞུགས་མོལ་ཚོགས་འདུ་འཚོགས་རྒྱུ་དང༌། ཤེས་རིག་ལས་ཁུངས་ནས་གྲོས་ཆོད་བཟོས་ཏེ་སང་ཞོགས་ཚོགས་འདུའི་ཐོག་ྋསྙན་སྒྲོན་ཞུ་གི་རེད། དུས་ཚོད་ཆུད་ཟོས་སུ་གཏོང་རྒྱུ་ཟེར་བ་དེ་བསྐལ་བཟང་ལུགས་བཟང་གི་སྐབས་ཀྱི་སྐད་ཆ་རེད། ང་ཚོས་དེང་སང་ཛ་དྲག་དང༌། དཀའ་ངལ་གྱི་དུས་སྐབས་འདིར་དུས་ཚོད་ཆུད་ཟོས་བཏང་ན་ཧ་ཅང་ཕངས་པོ་རེད། ང་ཚོ་མང་གཙོ་ཟེར་བ་དེའི་ནང་ངེས་པར་འགྲོ་དགོས། མང་གཙོ་ཟེར་བའི་བསྒྱུར་བཅོས་དེ་ངེས་པར་བྱེད་དགོས། དེ་ཡང་མང་གཙོའི་ངོ་བོ་ལྡན་པའི་ཐབས་བྱུས་བྱ་དགོས། ཉིན་རེ་ཉིན་རེའི་འཚོ་བ་སྐྱེལ་སྟངས་ཀྱང་མང་གཙོའི་དོན་ལ་ཕན་པའི་བསམ་བློ་གཏོང་དགོས། དེ་སྔའི་ལས་ཀ་བྱེད་སྟངས་ནང་བཞིན་ཚང་མས་སྦུག་བསྡམས་ཏེ་སྡོད་རྒྱུ་ཡག་པོ་མ་རེད། དཔེར་ན། དེ་སྔ་ཆབ་མདོ་ས་ཤོར་སྐབས་ཆབ་མདོ་ཤོར་ཟིན་ཀྱང༌། བཀའ་ཤག་ནས་ཐུགས་སྤྲོ་བཏང་སྟེ་ཆབ་མདོ་ནས་བཏང་བའི་རླུང་འཕྲིན་ཡང་ལེན་མི་མེད་པའི་དཔེ་ཡན་གྱི་གནས་ལུགས་ཙམ་དུ་ཞུས་པ་ཡིན། དེང་སང་དེ་འདྲ་མ་རེད། ང་ཚོས་འགོ་འཁྲིད་ཚོའི་བསམ་བློའི་འོག་འགྲོ་དགོས། དྷ་རམ་ས་ལའི་འགོ་འཁྲིད་ལས་ཁུངས་ནས་སྲིད་བྱུས་གཏན་འབེབས་བྱས་ཡོད་རེད། དེ་དང་ཕྱོགས་མཚུངས་ཉིན་རེའི་ལས་ཀ་ལག་ལེན་བསྟར་མཁན་གྱི་ལས་བྱེད་པ་དེ་དང༌། འགོ་འཁྲིད་པའི་དབར་འབྲེལ་བ་གསལ་པོ་ཞིག་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་འདུག
   ང་ཚོས་ཚོགས་འདུ་ཚོགས་འདུ་ཟེར་བ་རྩ་ཆེན་པོ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟ་དགེ་རྒན་འོས་སྦྱོང་བའི་ཐོག་ལ་སློབ་སྤྱི་དང༌། དགེ་རྒན་ཚོས་ཉམས་མྱོང་གི་བསམ་འཆར་སློབ་སྟོན་བྱེད་དགོས་པ་མཐའ་དག་སྦུག་སྦུག་མེད་པའི་གསལ་པོར་ཤོད་རེས་བྱེད་དགོས། ད་ལྟ་ཤེས་རིག་བཀའ་བློན་ནས་བཞུགས་མོལ་ཚོགས་འདུ་འཚོགས་དགོས་ཟེར་བའི་བཞུགས་མོལ་ཟེར་བ་དེ་ལ་དགོས་པ་དང་གོ་རྒྱུ་ཆེན་པོ་ཡོད། དེ་ནི་ནང་མི་ནང་ཚགས་གོ་བསྡུར་བྱས་པ་ལྟ་བུའི་རྣམ་པ་བསྟན་ཡོད་རེད། དེ་འདྲ་ཡིན་སྟབས་བསམ་འཆར་གསལ་པོ་ཤོད་དགོས། དགེ་རྒན་འོས་སྦྱོང་པ་ཚོ་ནས་ཀྱང་དོ་སྣང་བྱས་ན་སྔར་གོ་ཐོས་མ་མྱོང་བའི་གནས་ཚུལ་མང་པོ་ཤེས་ཀྱི་རེད། ང་ཚོས་ཚོགས་འདུ་འཚོགས་སོང་ཟེར་བ་ཞིག་ལབ་སྟེ་དོན་དམ་གྱི་གནས་ཚུལ་མ་ཤེས་པ་ཆགས་ན་ཧ་ཅང་གི་ཐབས་སྡུག་དང། དགོས་པ་མེད་པ་ཆགས་ཀྱི་རེད། དེ་ལྟར་མིན་པ་བྱེད་དགོས། བོད་རྒྱ་ཆེའི་མི་དམངས་དབུགས་ཆད་ཉེར་བསྡད་ཡོད། བོད་རྒྱ་ཆེའི་མི་དམངས་ཀྱི་དོན་དུ་སྲོག་བློས་གཏོང་མ་ཐུབ་ཀྱང། དཀའ་ངལ་དང་ལེན་ཐུབ་པ་ཞིག་ཚང་མས་ངེས་པར་དུ་བྱེད་དགོས། ང་ཚོས་ཁོང་ཚོའི་དོན་དུ་ཞབས་རིམ་གཅིག་པུ་སྒྲུབ་པས་མ་འགྲིགས། ལུས་སེམས་གཉིས་ཀས་ཤུགས་སྣོན་ཆེན་པོ་ཞིག་རྒྱག་དགོས། ང་ཚོའི་ཚོགས་འདུ་འདི་རྒྱ་མིའི་བཞུགས་མོལ་ཚོགས་འདུ་ཞེས་མིང་ཙམ་ལས་དོན་དམ་གྱི་བསམ་འཆར་ཤོད་ས་མེད་པའི་འདྲ་ཆགས་པོ་ཞིག་ཚོགས་ཀྱི་ཡོད་པ་དེ་འདྲ་མ་རེད། རྒྱ་མིའི་ཚོགས་འདུར་ཁོང་ཚོའི་བསམ་འཆར་ལྟར་ལ་མོས་མཐུན་བྱས་ན་ཇ་དང༌། ཀོ་ཙི་(ཉི་དགའ་མེ་ཏོག་གི་འབྲས་བུ)མང་པོ་སྟེར་གྱི་རེད། དེ་ལྟར་མ་བྱུང་ན་ཀོ་ཙི་དེ་ཡང་ཕར་བསྡུས་འགྲོ་གི་རེད། མོས་མཐུན་མ་བྱས་ན་དེ་ལ་བདག་སྤྲོད་མེད། རང་རེ་དེ་ལྟར་མིན་སྟབས་ནང་ཁུལ་དམ་ཚིག་གོང་བུ་གཅིག་གྱུར་ཟེར་བ་ཁ་ནས་བཤད་པ་ཙམ་མ་ཟད་ལག་ལེན་དུ་ཁེལ་དགོས་ཟེར་བ་དེ་ད་ལྟའི་ལས་ཀ་འདི་ཚོའི་གྲས་ལག་ལེན་ཁེལ་དགོས་པས་ཚང་མས་གཟབ་གཟབ་བྱེད་དགོས།
   དེ་སྔའི་ལས་ཀའི་ནང་འདྲ་ཆགས་པོ་ཤ་སྟག་བྱེད་ཀྱི་ཡོད་རེད། འདྲ་ཆགས་པོས་འགྲིགས་ཀྱི་མ་རེད། ཚང་མས་དགོངས་པ་ཆེ་བཞེས་གནང་རོགས། སྐབས་བབ་ད་ལྟ་ཞུས་པའི་བཞུགས་མོལ་ཚོགས་འདུ་འདིར་ཚང་མས་བསམ་འཆར་ལྷུག་འདོན་གྱིས་གོ་བསྡུར་ཡག་པོ་ཞིག་བྱས་ཏེ་ཡིག་ཐོག་ཏུ་མེད་ཀྱང་ལག་ལེན་ལ་ཁེལ་ཐུབ་པ་དགོས།
   ད་ཉིན་ཕྲེང་རིང་གིས་ཀློག་པའི་ཚོགས་ཆུང་གི་བསམ་འཆར་དེའི་ནང་དགེ་རྒན་དང༌། ཕྲུ་གུའི་དབར་བརྩེ་ཞེན་བྱེད་དགོས་པ་དེ་ཡག་པོ་འདུག ང་ཚོས་གྲྭ་སའི་ནང་གི་ཞལ་ངོ་དང༌། དགེ་གཡོག་གིས་རྒྱུག་པ་འཁྱེར་ཡོང་བ་དེའི་འོག་སྡོད་མྱོང་བའི་རྣམ་པ་དེ་ཕར་བཞག དེ་ལྟ་བུ་མ་ཡིན་པར་ཕྲུ་གུ་དང༌། དགེ་རྒན་གྱི་དབར་བརྩེ་ཞེན་ཆེ་བ་དགོས། ཕྲུ་གུས་དགེ་རྒན་མཐོང་སྐབས་འཇིགས་སྣང་གིས་བྲོས་འགྲོ་བ་དེ་འདྲ་བྱས་ན་འགྲིགས་ཀྱི་མ་རེད། དགེ་རྒན་ཚོ་ནས་ཀྱང་ཀུན་སློང་ཡག་པོ་འཁྱེར་ན་མ་གཏོགས་ཕོགས་ཐོབ་ཕྲན་བུ་རག་སྐབས་ང་ཚོར་མི་ཚེའི་མདུན་ལམ་ཞིག་རག་སོང་བསམ་པ་བྱས་པ་མི་འགྲིགས། ང་ཚོས་གསར་བརྗེ་ཟེར་བ་དེ་ཡར་རྒྱས་གཏོང་བར་ཟེར། བླ་མ་ཟེར་བ་དེ་རྩ་ཆེར་འཛིན་གྱི་ཡོད་པ་གང་ཡིན་ཞེ་ན། ལེགས་ཉེས་ཀྱི་སློབ་སྟོན་བྱེད་མཁན་ཞིག་ཡིན་སྟབས་གལ་ཆེར་བརྩི་བཀུར་བྱེད་པ་ཞིག་ཁྱེད་རང་དགེ་རྒན་རྣམས་ནས་ཀྱང་གནས་ཚུལ་དེར་བསམས་ཏེ་བོད་ཕྲུག་ཁྲི་ཕྲག་འབུམ་ཕྲག་གི་ཁེ་ཕན་ལ་ཐུག་གི་ཡོད་པར་བརྟེན་རང་སྤོབས་བསྐྱེད་དེ་རང་གི་སེམས་ཤུགས་ཆེན་པོས་ལས་ཀ་བྱེད་དགོས། དགེ་རྒན་ཚོས་ཤུགས་བརྒྱག་མ་ཐུབ་ན་ང་ཚོས་ཚོགས་འདུ་ཚོགས་ནས་གྲོས་ཆོད་ཅི་འདྲ་ཞིག་ཀྱང་ཕན་ཐོགས་རྒྱུ་ཁག་པོ་རེད། འོ་ད། དེ་འདྲ་ཙམ་ཞིག་ཡིན་པ་འདྲ། ཁྱེད་རང་ཚོས་ཡག་པོ་གནང༌རོགས། ད་ག་ཡིན་ཞེས་བཀའ་སྩལ།།

མདུན་ཤོག

Menu