༡༽    ལོ་འདིར་གཏན་འཇགས་སློབ་གྲྭ་ཁག་བདུན་ནང་སློབ་ཕྲུག ༣༦༥༡ དང་པ་ཆ་མ་རི་བཟོ་སློབ་ནང་སློབ་ཕྲུག ༡༧༩ གཞིས་ཆགས་ཉིན་སློབ་ཁག་དྲུག་ནང་སློབ་ཕྲུག ༡༢༤༠ རྒྱ་གར་ནང་གི་ཡི་ཤུ་དང་དབྱིན་ཇིའི་ སློབ་ཁག་ ༢༤ ནང་སློབ་ཕྲུག ༢༩༢ ཕྱི་རྒྱལ་གྱི་སློབ་གྲྭ་ཁག ༧ ནང་སློབ་ཕྲུག ༢༠༥ དྷ་ས་ཟུར་གསོག་སྟེང་ཤོད་གཉིས་ནང་སློབ་ཕྲུག ༦༥༣ བཅས་བསྡོམས་སློབ་ཕྲུག ༦༢༡༩ ཡོད་ཅེས་གསལ།
༢༽    རྒྱ་གར་གཞུང་གི་བཀའ་ལྟར་ཤེས་རིག་བཀའ་བློན་ལས་རོགས་དང༌། ལྡི་ལི་དོན་གཅོད་དང་དྷ་ས་བུ་གསོ་ཁང་གི་དབུ་འཛིན། མ་སུ་རི་བོད་ཁྱིམ་དྲུང་ཆེ་བཅས་ལྷན་འཛོམས་ཀྱིས་ ༡༩༦༧ ཟླ་ ༣ ཚེས་ ༡ ནས་བཟུང་དྷ་སའི་ཟུར་གསོག་སློབ་གྲྭར་སློབ་ཕྲུག་གསར་འཇུག་མི་བྱེད་པའི་ཐག་གཅོད་དང་ལག་ལེན་བྱས།
༣༽    སྐབས་གཉིས་པའི་དགེ་རྒན་འོས་སྦྱོང་སློབ་ཐོན་རྣམས་ལས་བགོས་བྱེད་སྐབས། སྔོན་ཡོད་འོས་སྦྱོང་མེད་པའི་དགེ་རྒན་རྙིང་པ་དང་གོ་བརྗེས་བྱ་དགོས་རྙོག་གྲ་ཆེ་བར་བརྟེན། རྒྱུན་ལས་ཚོགས་འདུར་བཀའ་བསྡུར་གྱིས་དགེ་རྒན་རྙིང་པ་འོས་སྦྱོང་མེད་པ་རྣམས་ཆོས་དོན་དང་ནང་སྲིད། བདེ་སྲུང་བཅས་ཀྱི་ཁོངས་སུ་ལས་གནས་གང་འོས་བཀོད་སྒྲིག་གནང་རྒྱུའི་ཐག་གཅོད་གནང༌། འོན་ཀྱང་དངོས་སུ་ལག་བསྟར་སྐབས་དགེ་རྒན་རྙིང་པ་ཚོས་འགྲོ་བློ་མ་བྱས་པར་བརྟེན་སྐུ་སྒེར་ཡིག་ཚང་ནས་བཀའ་དགོངས་བཞིན་གོ་བསྐོན་སློབ་གསོའི་ཕྱག་བྲིས་གནང་བ་དང༌། ཤེས་རིག་བཀའ་བློན་ལས་རོགས་ངག་དབང་བསྟན་སྐྱོང་ངོ་ཕེབས་ཀྱིས་གོ་བསྐོན་གནང་མཐར་གནད་དོན་གསལ་རྟོགས་ཐུབ་པ་བྱུང༌།
    དགེ་འོས་སློབ་ཐོན་ཁོངས་ནས་བལ་ཡུལ་དུ་ ༡ དང༌། བུ་གསོ་ཁང་དུ་ ༡ ཤེས་རིག་ཟློས་གར་དུ་ ༡ མ་སུ་རི་བོད་ཁྱིམ་དུ་ ༡ བཅས་བཏང་ཞིང༌། འཕྲོས་རྣམས་ཟུར་གསོག་སོགས་སུ་འཕྲལ་སེལ་ལས་ཀ་སྤྲད་དེ་གནས།
༤༽    ༡༩༦༧ ཟླ་ ༤ ཚེས་ ༢༦ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་བཞི་པ་དེ་རྒྱ་གར་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ལྷན་ཚོགས་ཁང་ནང་འཚོགས། ཚོགས་འདུའི་ཐོག་འཆར་ཅན་ལྟར་སྔོན་རྩིས་བཀའ་འཁྲོལ་དང༌། ཀེ་ལ་མན་ཊོན་གྱི་སློབ་གྲྭའི་དགེ་རྒན་གྱི་གླ་ཕོགས་རོགས་རམ་གནང་རྒྱུ། བལ་ཡུལ་དང་འབྲུག འབྲས་ལྗོངས་ཁུལ་གྱི་དྭ་ཕྲུག་དཀའ་ངལ་ཅན་སློབ་འཇུག་ཆོག་པ་སོགས་ཀྱི་ཐག་གཅོད་གནང༌།
༥༽    རྒྱ་གར་ནང་གི་ཡི་ཤུ་དང་དབྱིན་ཇིའི་སློབ་ཁག་ཏུ་ཡོད་པའི་སློབ་ཕྲུག་རྣམས་དྷ་སར་ཆེད་འགུགས་ཀྱིས་དྷ་སྟེང་ཟུར་གསོག་ཏུ་དགུན་ཁའི་གུང་གསེང་རིང་དགེ་རྒན་ཆེད་བསྐོས་ཀྱིས་ཆོས་སྲིད་སློབ་སྟོན་དང༌། ྋགོང་ས་མཆོག་གི་མཇལ་ཁ། བོད་གཞུང་ལས་ཁུངས་མ་ལག་ཁག་ལ་དངོས་སུ་འཁྲིད་དེ་ངོ་སྤྲོད། ཤེས་རིག་ཟློས་གར་དུ་གཟིགས་འབུལ་བཅས་བྱེད་སྒོ་སྣ་མང་གོ་སྒྲིག་བྱས།
༦༽    སིམ་ལ་གཏན་སློབ་ཏུ་དགེ་འོས་སློབ་ཐོན་ངག་དབང་བརྩོན་འགྲུས་དང༌། ཤེས་རིག་ཟློས་གར་ཁོངས་ནས་ཟློས་དགེ་རྨ་བྱ་བ་ངག་དབང་མཐུ་སྟོབས་བཟའ་མི་གཉིས་བསྐོ་བཞག་བྱས་ཤིང༌། དེ་བཞིན་མ་སུ་རི་གཏན་སློབ་ཏུ་ཟློས་དགེ་རིག་འཛིན་དར་རྒྱས་བཟའ་མི་གཉིས། རྡོར་གླིང་གཏན་སློབ་ཏུ་ཟློས་དགེ་ལྷ་དབང་བཟའ་མི་གཉིས། ཀ་སྦུག་སློབ་གྲྭར་ཟློས་དགེ་འཕར་སྣོན་རྡོ་རྗེ་རིག་འཛིན། པ་ཆ་མ་རི་སློབ་གྲྭར་ཟློས་དགེ་དགེ་འདུན་ཕུན་ཚོགས་བཟའ་མི་གཉིས་བཅས་བསྐོ་བཞག་བྱས།
༧༽    ལྡི་ལི་བོད་གཞུང་དབུས་ཤེས་རིག་ལྷན་ཁང་དུ་ད་ཕན་བཀའ་བློན་ལས་རོགས་དང་ལས་བྱེད་ཁག་ཅིག་རྒྱུན་བཞུགས་ཀྱིས་རྒྱ་གར་གཞུང་དང་ཕྱི་རྒྱལ་ཁག་ལ་འབྲེལ་ལམ་སོགས་ཀྱི་འགན་ཁུར་གནང་གི་ཡོད་ཀྱང༌། གཅིག་ནས་ཤེས་རིག་ལས་དོན་གཞི་རྒྱ་ཆེ་རུ་སོང་བ་དང་གཉིས་ནས་འགན་འཛིན་ལས་ཐོག་སྟག་ལྷ་བསྟན་འཛིན་ངག་དབང་སྐུ་སྒེར་ཡིག་ཚང་གི་ཕྱག་བྲིས་ཞབས་ཞུ་སོགས་ཀྱི་ཕྱག་ལས་སྣེ་མང་ཡོད་པར་བརྟེན། ༡༩༦༧ ཟླ་བ་ ༧ ཚེས་ ༡ ནས་བཟུང་ལྡི་ལིར་ཡོད་པའི་དབུས་ཤེས་རིག་ལྷན་ཁང་དྷ་རམ་ས་ལར་སྤོས་ཏེ་བཀའ་བློན་ལས་རོགས་གཉིས་མཉམ་བཞུགས་ཕྱག་ལས་གནང་རྒྱུ་དང༌། ལྡི་ལི་ཁུལ་ཤེས་རིག་དང་འབྲེལ་བའི་ལས་དོན་རྣམས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་འོག་ཏུ་ཡན་ལག་ལས་ཁུངས་ཤིག་བཙུགས་ཏེ་འགན་འཛིན་དུ་འཕྲལ་སེལ་རིང་ཉི་མ་རྒྱལ་མཚན་བསྐོ་བཞག་བྱས།
༨༽    ཟུར་གསོག་སློབ་གྲྭ་སྟེང་ཤོད་གཉིས་ཀྱི་ནང་སློབ་ཕྲུག་གསར་འཇུག་མི་ཆོག་པའི་སྲིད་བྱུས་ཡོད་པར་བརྟེན། གོང་གསལ་ཟུར་གསོག་སློབ་ཁག་གཉིས་ནང་སློབ་ཕྲུག་ཁྱོན་ཆེ་ཉར་ཡོད་པ་རྣམས་ལ་རྒྱ་གར་གཞུང་གིས་དེབ་དང་ཕོགས་གནང་མཚམས་བཞག་ཐོག ཕྱི་རྒྱལ་རོགས་ཚོགས་ཁག་གི་རོགས་རམ་ཡང་གཅོད་འཐེན་གནང་བར་མ་ཟད། སློབ་ཕྲུག་དེ་དག་ཕྱིར་སློག་བྱ་རྒྱུའི་བཀའ་གནང་བར་བརྟེན། རྒྱ་གར་ཕྱི་སྲིད་དྲུང་ཆེ་སོགས་འབྲེལ་ཡོད་ཁག་ལ་ངོ་བཅར་གྱིས་གནས་ལུགས་འགྲེལ་བཤད་དང་རེ་སྐུལ་ནན་བསྟུད་ཞུས་འབྲས་སུ་སློབ་ཕྲུག་ཕྱིར་སློག་མ་དགོས་ཙམ་དང༌། ཕོགས་སོགས་ཀྱི་རོགས་རམ་ཡང་རྩ་ཆད་མེད་ཙམ་དོན་སོན་བྱུང༌།
༩༽    བོད་ནང་ལྷ་མོ་འཁྲབ་སྲོལ་སོགས་རྩ་མེད་བཏང་ཡོད་པར་བརྟེན་བཙན་བྱོལ་ནང་དེ་དག་རྒྱུན་འཛིན་གནང་རྒྱུ་གལ་ཆེར་མཐོང་ནས་དང་སློབ་ཁོངས་ནས་མྱོང་ཅན་དགེ་རྒན་འབོད་ཀྱིས་བོད་ཀྱི་སྔ་རབས་ལྷ་མོའི་འཁྲབ་གཞུང་འགྲོ་བ་བཟང་མོ་འཁྲབ་སྦྱོང་ལེགས་པར་ཞུས་ཏེ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་གཞུང་གི་མཛད་གཙོ་རྣམ་པ་དང་མི་མང་བཅས་པར་གཟིགས་འབུལ་ཞུས།
༡༠༽    བོད་མིའི་གཏན་འཇགས་སློབ་གྲྭ་ཁག་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་(High Secondary)ཡིག་རྒྱུགས་སུ་ཞུགས་འཐུས་ཆོག་པའི་ཐག་གཅོད་སྔོན་ཟིན་ཐོག བོད་ཡིག་ཀྱང་རྒྱ་གར་ནང་ཁུལ་གྱི་ཡིག་སྣ་ཁག་དང་མཚུངས་པར་རྒྱུགས་སྤྲོད་བྱས་འཐུས་བཀའ་འཁྲོལ་བྱུང༌། དེར་བརྟེན་འཛིན་རིམ་དགུ་པ་ནས་བཟུང་འབྲིང་རིམ་སློབ་གྲྭའི་སློབ་ཚན་གཞི་བཟུང་སློབ་ཁྲིད་དགོས་པར་བརྟེན་བཀའ་བློན་ཕྱག་རོགས་སྟག་ལྷ་བསྟན་འཛིན་ངག་དབང་གིས་མཁས་པ་ཁག་དང་གོ་བསྡུར་གྱིས་སློབ་ཚན་སྒྲིག་ཕྱོགས་ཐད་ཕྱག་ལས་གནང་སྟེ་རྒྱ་གར་འབྲེལ་ཡོད་ལས་ཁུངས་ལ་འཆར་འབུལ་ཞུས།
༡༡༽    ཤེས་རིག་ཟློས་གར་ནང་འགོ་ལས་མ་མཐུན་པའི་ལབ་རྙོག་ཆེན་པོ་བྱུང་བ་ལྟར་སྤྱི་འཐུས་ལྷན་ཚོགས་དང་མཉམ་དུ་ཞིབ་འཇུག་གིས་འཁྲབ་ཆས་དང་དངོས་ཟོག་ཁག་ཐོ་འགོད་ཞིབ་གཤེར་དང༌། རྩོད་རྙོག་ཞི་འཇགས་ཡོང་ཐབས་བྱས།
༡༢༽    སུད་སི་ཌོག་ཊར་ཝི་དར་ཀིས་བོད་ཕྲུག༌༥༠ རྒྱ་གར་ནང་གི་སྒེར་སློབ་ཁག་ཏུ་སློབ་འཇུག་གི་སློབ་ཡོན་རོགས་རམ་གནང་བ་ལྟར་ལྡི་ལི་ཁུལ་གྱི་དབྱིན་ཇིའི་སློབ་གྲྭར་སློབ་ཕྲུག ༢༠ དང༌། མ་སུ་རི་རོག་ལེབ་སློབ་གྲྭར་སློབ་ཕྲུག ༣༠ བོད་དགེ་ཆབས་སྦྲགས་དང་བཅས་བཏང༌།
༡༣༽    སློབ་གྲྭ་ཁག་གི་བོད་དགེའི་དགོས་མཁོ་སྤྱིར་བཏང་གནས་སྐབས་བཀང་ཟིན་པ་དང་བར་སྐབས་ལས་ཁུངས་ཀྱི་འགྲོ་གྲོན་དཀའ་ངལ་ཆེ་བར་བརྟེན་བོད་ཡིག་དགེ་རྒན་འོས་སྦྱོང་མུ་མཐུད་ཚུགས་མ་དགོས་པའི་ཐག་གཅོད་བྱས།
༡༤༽    ༡༩༦༧ ཟླ་ ༡༡ ཚེས་ ༢༧ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅོ་ལྔ་པ་དེ་རྒྱ་གར་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཁུངས་སུ་འཚོགས། ཚོགས་འདུའི་ཐོག་བོད་སློབ་འཛིན་ཚོགས་སློབ་ཁག་གི་སློབ་ཚན་འཆར་གཞིར་བསྐྱར་ཞིབ་ཚོགས་ཆུང་བསྐོ་རྒྱུ་དང༌། གཏན་སློབ་ཀྱི་དགེ་ཆེའི་ས་མིག་སྟོང་པ་ཁག་ཉིན་སློབ་ཀྱི་དགེ་ཆེ་དང་མཐོ་རིམ་དགེ་རྒན་གནས་སྤར་གྱིས་བསྐང་རྒྱུ་སོགས་ཐག་གཅོད་བྱས།
 

Menu